༣༧༽ དྲྭ་རྒྱའི་ཡོང་སྟངས་དང་། ཤམ་བྷ་ལའི་ཡར་རྒྱས་ལ་བསྔགས་པ།

༈ དྲྭ་རྒྱའི་ཡོང་སྟངས་དང་། ཤམ་བྷ་ལའི་ཡར་རྒྱས་ལ་བསྔགས་པ།
ཤམ་བྷ་ལ་ཡར་རྒྱས་དང་མཐུས་སྒོ་ཇེ་ཚང་ལ་ཕྱོགས་ཀྱིན་པ་ནི།
ཟིན་བྲིས་པ་དང་ཤམ་བྷ་ལ་དགའ་བའི་ང་ཚོའི་བསོད་ནམས་རེད་ལ།
ང་ཚོས་བྱེད་དགོས་པ་དེ་ནི་ཤེས་ཡོན་བརྗེ་ལེན་དང་ཆོས་རིག་གི་ངོ་བོ་སྲུང་སྐྱོབ་བྱེད་དགོས་པ་དེ་རེད།

༈ དེ་ཡང་ཉི་ཟླ་སྐར་གསུམ་གྱི་མཛེས་སྡུག་འཕྲོག་པའི་དེང་རབས་ཀྱི་དུས་སུ། ཁ་བ་ཚོ་ས་ངོས་ལ་ཐོར་ཤིང། གངས་ཕྲུག་ཚོ་རི་སུལ་དུ་འཁྱར་ཡང་། ཤེས་ཡོན་གྱི་དཔུང་པ་ཆགས་མེད་ལ། ཤེ་མོང་གི་གཟུགས་བྱད་ཉམས་མེད། དེར་བརྟེན་ས་སྒང་མཐོ་ས་ཞིག་གི་བུ་ཕྲུག་ཚོ། གོ་ལའི་ཡང་སྟེང་ན་རྡུལ་ཕྲན་བཞིན་ཐོར་ཡང་། དྲྭ་ཐག་ཞིག་དང་། རིག་མཛོད་འཕྲུལ་ཆས་རེའི་ནང་སྙིང་གཏམ་ཕར་བཤད་ཚུར་བཤད། རིག་ལམ་ཕར་སྡུར་ཚུར་སྡུར་བྱས་ནས། གནས་ཐུབ་ཡོད།

དེའི་གོ་སྐབས་དང་སྡིངས་ཆའི་ཐད་ནས་བསམས་ན། དྲྭ་རྒྱ་ཁག་གི་རྩོམ་སྒྲིག་པ་དང་། དོ་དམ་པ་ཁག་བཅས་ཀྱི་བཀའ་དྲིན་ཉག་གཅིག་ཡིན་ལ། ཁོང་ཅག་ནི་མི་རིགས་དང་། སྐད་ཡིག་གི་དོན་དུ་ནམ་ཡང་ང་ཚོའི་མདུན་ན་བཞེངས་ནས་ཡོད། དེའི་ནང་གི་ཤམ་བྷ་ལའི་དྲྭ་ཚིགས་ལ་བསམས་ན། མཁྱེན་རབ་ཀྱི་སྤྱན་དཀྱུས་རིང་བའི་རྒྱ་ཆེའི་ཟིན་བྲིས་པ་དང་། མཆན་འབྲི་བ་ཚོའི་བཀའ་ལུང་དང་། རང་རང་གི་ཉམས་མྱོང་གི་རིག་རྩལ་སྤུངས་ནས། དེང་སང་ཡར་རྒྱས་དང་། མཐུས་སྒོ་ཇེ་ཚང་ལ་ཕྱོགས་ཀྱིན་པ་ནི་ཀུན་གྱིས་མཁྱེན་གསལ་ལྟར་རེད་སྙམ།

སྤྱིར་ན་དྲྭ་རྒྱའི་ས་མིག་གི་ཐད་ནས་བསམས་ན། ཁྲིམས་དང་སྒྲིག་གཞི་ཞིག་གི་སྟེང་ནས་འགྲོ་ལུགས་འདྲ་མིན་སྣ་ཚོགས་ཡོད་པ་ལྟར། ཤམ་བྷ་ལའི་དྲྭ་ཚིགས་འདི་ནི་རྒྱལ་སྤྱིའི་འགྲོ་ལུགས་དང་མཐུན་པའི་དྲྭ་རྒྱ་ཚད་ལྡན་ཞིག་ཡིན་འདུག འོན་ཀྱང་རང་ངོས་ནས་བསམས་ན། དེ་སྔོན་དྲྭ་རྒྱའི་སྡིངས་ཆའི་ཐད་རྒྱུས་མྱོང་དབེན་སྟབས། ཕྱོགས་རེ་གཉིས་ལ་མགོ་འཐམ་པ་དང་། ཡིད་ལ་མ་འཐད་པའི་མཐོང་ཚུལ་ཡོང་སྲིད་ཀྱི་འདུག་མོད། དེ་ནི་རང་སྣང་གང་དྲན་ལྟར་བཅོས་ཆོག་པ་ཞིག་དང་། བཟོ་ཆོག་ཆོག་ཞིག་གཏན་ནས་རེད་མི་སྣང།

འོན་ཀྱང་སྟབས་བདེ་དང་། ཁམས་གཙང་བཟོ་རྒྱུ་ཡོད་པ་རྣམས་རིམ་པས་བཅོས་བཞིན་པ་དང་། ཡར་རྒྱས་ལ་ཤུགས་ནུས་གཏོན་བཞིན་པ་ནི། ཤམ་བྷ་ལའི་རྩོམ་སྒྲིག་པས་ཤམ་བྷ་ལར་དུང་བའི་མི་རྣམས་ལ་མཐོང་ཆེན་དང་། གུས་བཀུར་ཡོད་པ་མཚོན་ཐུབ། དེར་བརྟེན་གོ་སྐབས་འདི་བཟུང་ནས་ཤམ་བྷ་ལའི་རྒྱ་ཆེའི་ཀློག་པ་པོ་དང་། ཟིན་བྲིས་པ་ཡོངས་ཀྱི་ཚབ་ཞུས་ནས་རྩོམ་སྒྲིག་པ་དང་དོ་དམ་པར་ཐུགས་རྗེ་ཆེ་ཞུ།།

ཟིན་བྲིས་པ་ཚོས་ཀྱང་རང་གིས་ཅི་ཞིག་བྲིས་པ་དེ་རང་བཀོད་མ་ཚར་བའི་ཟོལ་གྱིས་འཚང་ཁ་མི་རྒྱག་པ། བགྲོ་གླེང་གྱི་ལམ་ནས་ཤེས་ཡོན་གྱི་ཁེ་ཕན་ལེན་རྒྱུ་ལ་དམ་གཟབ་གནང་དགོས་སྙམ། ཚང་མ་ལ་ཁ་དྲོ་ཞུ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།