༣༢༽ རྡ་རམ་ས་ལ།

༈ རྡ་རམ་ས་ལ། མགོ་ནག་མིའི་མིག་ཆུ་ཐོར་ས་རེད་ལ་
རྩམ་གཟན་བོད་མིའི་མི་རྗེས་བསྙེགས་སའང་རེད་
རེད་དེ། ཁྱེད་ཀྱིས་རྡ་སར་ལྟ་ཚུལ་གང་འདྲས་བཟུང་ཡོད་དམ་་་་་་་་་

༈ རྡ་རམ་ས་ལ།
ཉམ་ཐག་བོད་མིའི་དྲོད་མདངས་རྙེད་ས།
ཏཱ་ལའི་བླ་མའི་འོད་སྣང་འཕྲོ་ས།
ཁྱེད་རང་སུན་སྣང་ཞིག་གིས་སྨུག་ཞག་གི་ཀློང་ན་ཁ་རོགསྡོད་དུས་
ང་ལ་ཅི་འདྲའི་སྐྱོ་གདུང་ལྕི།

རྡ་རམ་ས་ལ།
ཁྱིམ་ཕུགས་ན་སྐད་ཅོར་མང་སོང་ཡང་
ཁྱེད་རང་ཡིད་མ་ཆད་དང་
ང་ཚོའི་སེམས་པ་དུང་ཡིན།
དུང་ལ་རི་མོ་མང་ཡང་
ནམ་ཡང་དཀར་པོར་གནས་ཡོད།

རྡ་རམ་ས་ལ།
ཁ་འཐོར་བོད་མིའི་རེ་བ་བཅོལ་ས།
ཁ་གཏད་དགྲ་བོའི་སྙིང་ཁ་ན་ས།
ཁྱེད་རང་སྐྱོ་སྣང་ཞིག་གིས་མི་ཚོགས་གསེབ་ནས་ཆར་ཞོད་ཀྱི་མིག་གཏོང་དུས་
ང་ལ་གང་འདྲའི་བག་ཆགས་བཞག

རྡ་རམ་ས་ལ།
སྒོ་ཁ་ན་ར་བཟི་མང་སོང་ཡང་
ཁྱེད་རང་བློ་མ་ཕམ་དང་
ང་ཚོའི་སེམས་པ་རྡོ་ཡིན།
རྡོ་ལ་དྲེག་པ་ཆགས་ཀྱང་།
ནམ་ཡང་བརྟན་པོར་གནས་ཡོད།

རྡ་རམ་ས་ལ།
ཤར་ནུབ་མི་ཡི་རྡོག་སྣ་གཏད་ས།
ཤེས་རབ་ཡངས་པོས་དོ་སྣང་བྱེད་ས།
ཁྱེད་རང་སྡུག་སྣང་ཞིག་གིས་ལྷག་རླུང་གི་ཁྲོད་ནས་སྐྲ་ལོ་སེར་དུས་
ང་ལ་ཅི་འདྲའི་མིག་ཆུ་མང་

རྡ་རམ་ས་ལ།
སྲང་ལམ་ན་ན་ཚ་མང་སོང་ཡང་
ཁྱེད་རང་ཞེ་མ་འགྱོད་དང་
ང་ཚོའི་སེམས་པ་ཁྲག་ཡིན།
ཁྲག་ལ་ཆུ་སེར་འདྲེས་ཀྱང་།
ནམ་ཡང་བོད་ལ་འཁོར་ཡོད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།