༣༠༽ བཙན་བྱོལ་བ།

༼བཙན་བྱོལ་བ་༽

ཞེས་པའི་བཙན་བྱོལ་སྤྱི་ཚོགས་ལ་བཞིག་པའི་མཚན་མོ་ཞིག་གི་སྙན་ངག ༈ བཙན་བྱོལ་བ།


རང་ཁྱིམ་མི་ལ་ཤོར་བའི་ཕྱི་ཉིན་ནས།
ཁྱོད་དང་ང་། མི་ལོ་ལྔ་བཅུའི་རྗེས་ཀྱི་བོད་ཕྲུག་གཙང་མ་ཞིག་ཡིན་ནམ།
ཁ་བ་ཁྲག་གིས་ཚོས་པའི་གཏིང་རུམ་ན།
ཁྱོད་དང་ང་། རེ་བ་དང་སྨོན་ལམ་སྟོང་གིས་སྦས་པའི་བོད་ཕྲུག་ངོ་མ་ཞིག་ཡིན་ནམ།

ཁ་སང་གི་ཉི་མ་སྐྱོ་གདུང་དང་མིག་ཆུས་ཕུད་ནས། མེས་པོའི་རུས་གཞི་ས་མཐའ་ནས་འཐོར་དུས། ཕྱིར་མིག་གི་ཁྲོད་ན་ལུས་པ་ང་དང་ཁྱེད་རང་རེད་ད།
ཁ་བ་ལ་མེ་དགྲ་ཤོར་ནས། གངས་འདབས་ནས་ཟུངས་ཁྲག་བཞུར་དུས། རྒྱང་ཐག་རིང་ས་ཞིག་ནས་བྲང་སྐྱ་མོའི་འོག་གི་སྙིང་དམར་པོས་ཚོར་མཁན་དེ་ང་ཚོ་ཡིན་ན།
ད་རུང་འདི་ལྟར་བསྡད་ཡོད་དམ།
ཡོད་ཚད་སྣུམ་ལམ་ཡོངས་པོ་རེའི་སྟེང་ནས་དལ་གྱིས་རྒྱུ་དུས། རྐང་ལམ་ཕྲ་མོ་རེ་དེད་ནས་འདུར་བཞིན་པའི་ཁྱེད་ཀྱང་། ཅི་ཞིག་ལ་བསམས་ད་རུང་ལ་ཁའི་ཉི་མ་དམར་པོ་ལ་གཡེངས་ནས་འདུག་གོ།
གྲོགས་པོ།
དགེ་སྡིག་གཉིས་སྲང་ལ་གཞལ་ཏེ། ལས་འབྲས་འདི་འཐག་ལ་བཏགས་དུས། བྲལ་བ་འདི་ལས་དབང་ཡིན་ན་འང་
འཛོམ་པ་དེ་ལས་དབང་མིན་པའི་སྡོམ་ཚིག་སུས་བརྒྱབ་ཡོད་དམ།
ཡིན་ནའང་།
མིག་ཆུ་འདི་ཁེར་རྐྱང་གི་མཛའ་གྲོགས་ཡིན་ལ།
སྙན་ངག་འདི་སྐྱོ་གདུང་གི་མཛའ་མོ་ཡིན་ཡང་
སྐྲ་ལོ་ནག་པོ་ད་རུང་མི་ཡུལ་གྱི་རླུང་ཁར་བསྐྱོད་ཀྱིན་འདུག་པས།
ཡར་ལ་ལོངས་དང་
གཤིན་པོའི་རྣམ་ཤེས་ལ་སྐད་ཆ་འདྲི་རུ་འགྲོ།
ལ་མོའི་ཕར་རྒྱབ་ལ་ཐབས་ཤེས་བསྟན་དུ་འགྲོ།
༢༠་
༡་༢༠༡༠་མཚན་མོར་ཆུ་ཚོད་བཅུ་གཅིག་སྟེང་འཆམ་ར་བས་རྡ་ས་ནས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།