༢༣༽ ང་འདི་ལྟར་བོད་ཕྲུག་ཡིན་གོ

༄༅། །ང་བོད་ཕྲུག་ཡིན།

དེང་རབས་འབྱོར་ལྡན་ཡུལ་དུ་མ་སྐྱེས་ཤིང་།།
སྣ་དགུའི་རིག་པའི་རྩལ་ལ་མ་བྱང་ཡང་།།
བྱམས་བརྩེས་སེམས་ཁམས་ཡངས་པའི་མཐོ་ས་ནས།།
ནམ་ཡང་འཛུམ་ཁ་རྒོད་པའི་བོད་ཕྲུག་ཡིན།།
ཟོལ་ཉམས་མིག་འཕྲུལ་སྟོན་ལ་མི་མཁས་ཤིང་།།
སྒོར་མོའི་ཐང་ལ་གཅེར་རྒྱུག་མི་ཕོད་ཀྱང་།།
བདེན་པ་གོས་སུ་གྱོན་པའི་མཐོ་ས་ནས།།
ནམ་ཡང་བློ་སེམས་བདེ་བའི་བོད་ཕྲུག་ཡིན།།

འུད་གཏམ་གནམ་གྱི་སྒྲ་དབྱངས་མི་མོས་ཤིང་།།
ཕྱི་ཚུལ་བ་མོའི་ལྕེ་ལྡག་མི་དགའ་ཡང་།།
དྲང་པོའི་ཀི་སྒྲ་འདེབས་པའི་མཐོ་ས་ནས།།
ནམ་ཡང་མ་ཎི་འདོན་པའི་བོད་ཕྲུག་ཡིན།།

མཐོན་པོའི་མི་ལ་འཛུམ་སྟངས་མི་མཁས་ཤིང་།།
རྒྱབ་རྟེན་དཔོན་གྱི་ལག་གཡུག་མེད་ན་ཡང་།།
ལས་འབྲས་རྩིས་ལ་འབེབ་པའི་མཐོ་ས་ནས་།།
ནམ་ཡང་རང་སེམས་གསོ་བའི་བོད་ཕྲུག་ཡིན།།

ཁ་མིག་བཅོས་པའི་རྩལ་ལ་མི་མྱུར་ཞིང་།།
ཁྲོ་གཉེར་ཕཊ་སྒྲ་སྒྲོགས་པ་མི་མཛའ་ཡང་།།
འཛུམ་ཆུང་མེ་ཏོག་བཞད་པའི་མཐོ་ས་ནས།།
ནམ་ཡང་འཚེ་སྣང་ཆེ་བའི་བོད་ཕྲུག་ཡིན།།

ཝ་སྐྱེས་སེང་གེ་རློམ་པ་ཉམས་དམས་ཤིང་།།
གཞན་དག་ལོག་པ་ལྟ་བ་མཐུ་ཆུང་ཡང་།།
འཁོར་བ་ངན་འཚང་ཤེས་པའི་མཐོ་ས་ནས།།
ནམ་ཡང་མགོ་འཕངས་མཐོ་བའི་བོད་ཕྲུག་ཡིན།།

རྙིང་བ་འདོར་བྱ་ཡིན་པ་མ་གོ་ཞིང་།།
གསར་བ་ཐན་དུ་མཐོང་བ་མིན་ན་ཡང་།།
རིག་པས་དཔྱད་སྲོལ་མེད་པའི་མཐོ་ནས།།
ནམ་ཡང་ཕྱིར་མིག་འདོད་པའི་བོད་ཕྲུག་ཡིན།།

གཡོ་རྫན་ཇག་པའི་ལས་ལ་ཞེན་ལོག་ཅིང་།།
ཕ་སྤུན་ནང་དམེ་བྱེད་པ་དགྲར་བལྟས་ཀྱང་།།
ལན་ཆགས་བུ་ལོན་རྒོད་པའི་མཐོ་ས་ནས།།
ནམ་ཡང་ཞེ་སྣང་དགོས་པའི་བོད་ཕྲུག་ཡིན།།

ཤོ་བག་ལེ་ལོའི་མནའ་མ་མི་དགོས་ཤིང་།།
འཆལ་གཏམ་རྣམ་གཡེང་གཡོག་མོ་མི་འཁོ་ཡང་།།
རང་ཉིད་རང་གིས་སྐྱོང་བའི་མཐོ་ས་ནས།།
ནམ་ཡང་ལས་བརྩོན་པའི་བོད་ཕྲུག་ཡིན།།

མ་བུའི་དུང་སེམས་མཚོ་མོ་གཏིང་ཟབ་ཅིང་།།
སྤུན་གཉེན་མཛའ་བརྩེའི་འདུད་པ་རབ་དམ་ཀྱང་།།
ལས་འབྲས་བཀའ་ཆད་ཕོག་པའི་མཐོ་ས་ནས།།
ནམ་ཡང་གྱེས་གདུང་མྱོང་བའི་བོད་ཕྲུག་ཡིན།།

ཕ་ས་ཁ བ་དཀར་པོ་རབ་མཛེས་ཤིང་།།
རྒྱལ་བསྟན་དམ་ཆོས་བཟང་པོ་ངོ་མཚར་ཡང་།།
རྫི་གླུ་རྣ་བར་སྙན་པའི་མཐོ་ས་ནས།།
ནམ་ཡང་ཞི་བདེས་བསྐྱུར་བའི་བོད་ཕྲུག་ཡིན།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།