༡༩༽ སྐབས་གཉིས་པའི་སྙན་ངག་གྱེར་འདོན་གྱི་འཆམ་ར་བའི་སྙན་ངག

བོད་ནང་གི་ས་ཡོམ་གོད་ཆག་ལ་གདུང་སེམས་མཉམ་བསྐྱེད་ཆེད།

སྐབས་གཉིས་པའི་སྙན་ངག་གྱེར་འདོན་ལ་འཆམ་ར་བས་གྱེར་བའི་སྙན་ངག

འདྲ་པར་ཁག་འདིར་ཡོད།

༈ སྙན་ངག་གིས་མྱ་ངན་ཞུ།

ཀྱེ་མ་་་་

དགུན་རླུང་ཁྲོད་ཀྱི་མི་ཚོགས་འདིའི་རུམ་སྒོ་དྲོན་མོ་མིག་ཆུས་སྦངས་ནས་

འཁྱག་རོམ་གྲང་མོ་ཞིག་སྙིང་ཁར་གཤོས་ཏེ་

སུ་ཞིག་ཡར་ཀླུངས་གཙང་པོ་བརྒལ་ཏེ་གློ་བུར་དུ་ཕེབས་སོང་

སུ་ཞིག་ཇོ་མོ་གླང་མ་བཞག་ནས་རྒྱང་རིང་དུ་གཤེགས་སོང་

ཁྱེད་རང་སྟེ་

ངའི་མིག་ལམ་ནས་བོར་བའི་སྐྱེ་དགུ་བ་

ས་ཆེན་འཁྱོམ་པའི་སྲུབས་ཀ་ནས་

ཁྱེད་ཀྱི་ཟུངས་ཁྲག་ངའི་སྲོག་སྦུགས་ནས་ཤོར་དུས་

ངའི་དམར་ཆུང་སྙིང་ལ་ཅི་འདྲའི་ན་ཟུག་ལྕི་

ཅི་འདྲའི་་་་་་་་

སྐྱེ་དགུ་བ་་

ངའི་སེམས་ཁོང་ན་བཞུགས་པའི་སྦྲ་གུར་ནག་པོ་

ཁྱེད་ཚོ་ཆས་ཤུལ་དུ་

མ་ཎིའི་སྒྲ་དབྱངས་སྨྲེ་སྔགས་དང་བསྡེབས་ནས་མྱ་ངམ་གྱི་ཐང་ལ་སྤུར་དུས་

གནམ་ཞབས་འདིར་སྙིང་ཁ་ལ་ཟག་པའི་མིག་ཆུའི་ཐིག་སྒྲ་ཙམ་ལས་མི་འདུག་མོད་

ས་ཆེན་སྙིང་ཁར་གཡོས་པའི་ན་ཟུག་འདིས་

མིག་ཆུ་ལས་གྲུབ་པའི་མཆོད་མེ་རེར་བཏེགས་ཏེ་

གཟུགས་མེད་པའི་ཁྱེད་རང་འཚོལ་བཞིན་ཡོད་

ཁྱེད་རང་་་་

ཨོྃ་མ་ཎི་པདྨེ་ཧཱུྃ༔

སྐྱེ་དགུ་བ་་་

ཁྱེད་ཚོ་སོང་ཤུལ་དུ་

ང་ཚོས་ལས་འབྲས་ཀྱི་ཕ་བོང་ལ་གཞོགས་བརྟེན་ཏེ་

ཁྱོར་བའི་ནང་ལ་བཞག་པའི་མ་འོངས་པ་

གཅིག་ཏུ་སྒྲིལ་བའི་ལག་པའི་ཡལ་འདབ་ཀྱིས་འདེགས་བཞིན་

ཐབ་ཁུང་ནང་གི་མེ་ཁ་གསོས་ཏེ་སྡོད་ཡོད་

ཁྱེད་ཚོས་ཀྱང་ཕྱིར་མིག་གི་དཀྱིལ་འཁོར་བསྡུས་ནས་བདེ་བར་ཕེབས་དང་

ཁྱེད་ཚོའི་ལམ་ཁ་གསོལ་འདེབས་དང་སྨོན་ལམ་སྟོང་གིས་ཡངས་པོར་བྱས་ཡོད་ལ་

རྫ་མའི་ནང་གི་བསུར་དྲིའི་འགྲམ་ནས་ངས་ཀྱང་བལྟས་ཡོད་

མི་ཡུལ་ནས་གྱེས་པའི་སྐྱེ་དགུ་བ་

ཨོྃ་མ་ཎི་པདྨེ་ཧཱུྃ༔

སྐྱེ་དགུ་བ་་་

ས་ནག་གིས་ཚེ་སྲོག་བརྐུས་པའི་རྗེས་ཤུལ་ཚོ་

ཡིད་ཐང་མ་ཆད་དང་

བརྩེ་བ་གོས་སུ་གྱོན་པའི་མི་རིགས་འདིས་

ཁྱེད་ཀྱི་ཟུག་རྔུ་གདོང་ལ་བྱུགས་ཏེ་

དམར་ཆུང་སྙིང་གིས་སྲང་ལ་འཇལ་ནས་

རྒྱང་ཐག་མེད་པའི་ཁྱེད་ལ་གཅེར་བཞིན་ཡོད་

སྐྱེ་དགུ་བ་་་་ ས་ཡ་དྲུག་གི་སྐྱིད་སྡུག་མཉམ་ས་

སྐྱེ་དགུ་བ་་་་ མགོ་ནག་མི་ཡི་བརྩེ་བ་འཐུག་ས་

སྐྱེ་དགུ་བ་་་་་་་་

སྐྱེ་དགུ་བ་་་་་་་་་་་་

ཏཱ་ལའི་བླ་མའི་གཅེས་ཕྲུག་ཚོ།།

ཕྱི་ལོ་༢༠༡༠་༥་༧ ཉིན་འཆམ་ར་དྲི་མེད་རྒྱལ་མཚན་དེས་ཚེས་་༩ ཉིན་ནོར་གླིང་དུ་སྙན་ངག་གྱེར་འདོན་ཆེད་བྲིས།།
བོད་ཤར་ཕྱོགས་ཁམས་ཀྱི་ཡུལ་དུ་ས་ཡོམ་གྱི་དོན་རྐྱེན་ངན་པ་བྱུང་བའི་ཁྲོད་འདས་གྲོངས་སུ་ཕྱིན་པ་
རྣམས་ཀྱི་བདུན་བཞི་བའི་མྱ་ངན་མཆོད་འབུལ་དོད་དུ་འཆམ་རས་སྤེལ།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།