༡༧༽ ཁྱེད་ལ་མ་གསང་བའི་སྐད་ཆ་འདི་རེད།

༈ ཁྱེད་ལ་མ་གསང་བའི་སྐད་ཆ་ཞིག།
ཡར་དེ་ལེན་དགོས་བསམས་ཀྱང་ལག་ནང་མ་ཐེབས།།
མར་དེ་གཞག་དགོས་དྲན་ཡང་སེམས་ཐག་མ་ཆོད།།
བར་དུ་མི་ལུས་རིན་ཆེན་རྡོ་འགོར་བརྡབས་ཏེ།།
རྣམ་ཤེས་སྐྱོ་བས་བརྣངས་ནས་ཐེངས་དགུར་ངུས་བྱུང་།།

ཕར་དེར་འགྲོ་དགོས་བསམས་ཀྱང་གཞན་གྱིས་མ་བཏང་།།
ཚུར་དེར་འདུག་དགོས་དྲན་ཡང་དབང་ཚད་མ་རག།
བར་དུ་མནར་གཅོད་འོག་གི་རྩམ་གཟན་འཁྱར་པོ།།
མིག་ཆུ་སྙིང་ཁར་ཕོག་སྟེ་གཟེར་རྒོད་ལང་བྱུང་།།

སྟེང་དུ་རེ་བ་བརྒྱ་ཡིས་ཁ་མིག་བསྒྲད་ནས།།
འོག་ཏུ་དོགས་པ་སྟོང་གིས་ཙོག་པུར་བསྡད་དེ།།
བར་དུ་རྣམ་ཤེས་འབུམ་གྱི་ཕྱིར་མིག་ཁྲོད་ནས།།
རང་རྐུབ་འཛུགས་ས་མེད་པ་འཆི་དགོས་རེད་དམ།།

འདི་ན་འཚོ་བ་སྐྱིད་པའི་འདུག་ཆུས་མ་ཐོན།།
ཕྱི་མ་གཏན་དུ་དགའ་བའི་རྒྱགས་ཕྱེ་མ་རག།།
བར་དུ་མིག་ལ་གཟན་པའི་འགྲུལ་བཞུད་ཁྲོད་ནས།།
མདུད་ནག་སྣ་དགུ་རྒྱབ་པའི་སྐེ་རགས་ལྷོད་བྱུང་།།

སྔ་མའི་དམ་བཅའི་རི་མོ་རྡོ་ལས་ཡལ་སོང་།།
རྗེས་མའི་ཁ་ཕྱོགས་ལམ་བུ་མུན་པས་འཐུམ་བྱུང་།།
བར་ན་སྐྱིད་སྡུག་ཟད་པའི་བྲག་སྐམ་སྟེང་ནས།།
ཟུར་གསུམ་ཐབ་རྡོ་སྒྲིག་པའི་སྟ་གོན་བྱ་འམ།།

སྟེང་ནས་ཐོག་སེར་སྟོང་གི་བསྒྲགས་གཏམ་ཕབ་ཅིང་།།
སྨད་ནས་མཆིལ་ཞགས་འབུམ་གྱི་དམའ་འབེབས་བྱས་ཀྱང་།།
བར་དུ་དུང་བའི་ལམ་ལ་ཁེར་འགྲོས་བྱེད་ཞོར།།
ལྷན་གཅིག་དགའ་བའི་མི་ཚེ་བསྐྱལ་དགོས་རེད་དམ།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༣༢༠༡༠༡༦༢༧
གྱེར་འདོན་གཟུགས་ལམ་ཞིག་དགོས་པས་གང་དུ་འཚོལ་ཆོག་ལགས།



བརྗོད་གཞི་གཞན་ཁག་ལ་གཟིགས།