༡༦༽ འབུམ་བརྒྱ་བོད་ནང་གཏོང་རྩིས་འདུག

༈ འབུམ་བརྒྱ་བོད་ནང་གཏོང་རྩིས་འདུག
ཁམས་ཡུལ་ཤུལ་དུ་ས་ཡོམ་གྱི་གནོད་འཚེ་ཤུགས་ཆེན་བྱུང་སྟེ། བོད་མི་སྐྱེ་བོ་གནམ་བསྟན་ཡོངས་ཀྱིས་གཙོས། སེམས་ལྡན་གྱི་འགྲོ་བ་ཀུན་ལ་དམར་ཆུང་སྙིང་ཁར་སེར་ཁ་དང་། མི་རྟག་པའི་འཇིགས་སྣང་ནག་ཡོར་རེ་བྱིན་ཡོད།

དེར་བརྟེན། བྱེས་འཁོད་བོད་རིགས་སྤུན་ཟླ་ཚོས། མི་རྒྱུ་གང་ཐད་ནས་ནུས་ཤུགས་ཕྱུངས་ས་གང་རག་གནང་སྟེ། རི་ལུང་དང་ས་ཁད་ཀྱིས་བཅད་ཀྱང་། གདུང་སེམས་མཉམ་བསྐྱེད་དང་། སྐྱིད་སྡུག་མཉམ་མྱོང་གནང་བཞིན་ཡོད་པ་རེད།

དེ་བཞིན་བྱེས་འཁོད་བོད་པས་ས་ཡོམ་དེའི་དོན་རྐྱེན་ཁྲོད་འདས་གསོན་གཉིས་ཀྱི་ཆེད་དུ། ༤༡༤ ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་། ཞེས། ས་གནས་ཁམས་སྐྱེ་དགུ་རང་གི་མི་ཡིན་པའི་ཚོགས་མི་བརྒྱད་ལས་གྲུབ་པ་ཞིག་བཙན་བྱོལ་བོད་ཀྱི་རྒྱལ་སར་གསར་འཛུགས་བྱས།

ཚོགས་པ་འདི་ནི་བཙན་བྱོལ་བོད་གཞུང་གི་ངོས་ནས་ཁུངས་འཕེལ་དག་གཙང་ཡིན་པའི་རྒྱབ་གཉེར་ཐོབ་པའི་ཚོགས་པ་ཞིག་ཡིན། ཚོགས་པ་དེའི་དམིགས་ཡུལ་ནི། བོད་ཕྱི་ཕྱོགས་ནས་ཞབས་འདེབས་བསྡུ་སློང་དང་། དེ་བོད་ནང་གི་སྐྱེ་དགུ་ས་གནས་རང་ལ་ཐིམ་ཐབས་བཅས་ཡིན་པ་རེད། དེས་ན་ཚོགས་ཆུང་དེའང་ཟླ་བ་གཉིས་ཀྱི་རྗེས་ལ་སྒོ་རྒྱག་འཆར་མཆིས།

ད་ལྟའི་ཆར་ཁོང་ཚོའི་ལག་ཏུ་ཧིན་སྒོར་འབུམ་བཅུ་ཙམ་འབྱོར་ཟིན་ཡོད་ལ། འབུམ་ལྔ་བཅུ་ཙམ་འགྱངས་མེད་འབྱོར་ངེས་རེད་འདུག ད་རུང་ཕྱི་རྒྱལ་ཁག་དང་བྱེས་གྱར་བོད་མིའི་འདུས་སྡོད་ཡོངས་ཀྱིས་གཙོས་ཞབས་འདེབས་བྱུང་བ་ཁག་ཕྱོགས་བསྡོམས་བྱེད་ཡོང་དུས། བོད་ནང་ལ་གཏོང་ཤག་ཤག་ཧིན་སྒོར་འབུམ་བརྒྱ་ཙམ་ཚོད་རྩིས་བྱས་ཡོད།

དེ་བཞིན་ཞབས་འདེབས་བྱུང་བ་ཁག་བོད་ནང་འབྱོར་ཐབས་ཆེད། ཚོགས་ཆུང་དེའི་ཚོགས་མི་གཉིས་ཉེ་ཆར་ལྡི་ལིའི་དགྲ་ནག་གཞུང་ཚབ་བཅར་ཡོད་པ་རེད། དེའི་སྐབས་སུ་ཉེ་སྔོན། དགྲ་ནག་ལས་བྱེད་ཁྲིད་ཅ་ཆིན་ལེན་གྱིས་བཤད་པ་ལྟར། རེ་བ་རྒྱག་ཆོག་པའི་གནས་ཚུལ་འོག་ད་ཆར་ཐབས་བྱུས་འདོན་བཞིན་པ་རེད།

ས་གནས་སྐྱེ་དགུའི་བྱེས་འཁོད་པ་དག་གིས་ཁ་པར་གྱི་ལམ་ནས་གནས་ཚུལ་གསལ་རྟོགས་བྱུང་བ་ལྟར་ན། གོད་ཆག་དེའི་འོག་མི་ཁྲི་གཅིག་ཙམ་རྐྱེན་འདས་སུ་སོང་བར་ངོས་འཛིན་བཞིན་ཡོད་པ་དང་།

དགྲ་གཞུང་གིས་གསར་ལམ་གྱི་ཟློས་གར་ཇི་ཙམ་འཁྲབ་ཀྱང་། ད་རུང་ཡང་ས་གནས་ཁག་གཅིག་ལ་སྡོད་གུར་དང་། གཟའ་བཅའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད་འདུག

ས་ཡོམ་བྱུང་བའི་རྒྱུ་རྐྱེན་གྱི་ཐད་ནས་ཀྱང་། ཡུལ་དེའི་གནས་རི་སྒ་སྟོད་ཇོ་བོ་ནས་དགྲ་གཞུང་གིས་གསེར་བསྐོ་བཞིན་ཡོད་པ་དེས་རེད་ཅེས་བཤད་བཞིན་ཡོད། རི་དེའི་ནང་ཚན་རིག་པས་བརྟག་དཔྱད་བྱས་པ་བརྒྱུད་གསེར་ལུག་ཙམ་ཡོད་པ་ཚོད་དཔག་བྱས་ཡོད་པ་དེས་དངོས་སུ་ལག་ལེན་བསྟར་ཀྱིན་ཡོད་འདུག དེ་ཡང་རི་དེ་ནི་ས་གནས་དེའི་ཡུལ་ལྷ་ཆེ་ཤོས་ཤིག་ཡིན་ལ། ད་རུང་ཡུལ་དེའི་ཉེ་འགྲམ་གྱི་དཔལ་ཐང་ཞེས་པའི་ཐང་ཆེན་ཞིག་ཡོད་པ་དེ་ནས་ཀྱང་གསེར་བསྐོ་བཞིན་ཡོད་པ་སོགས་ཀྱིས་ཡིན་པ་གླེང་གིན་འདུག

ཡུལ་དེའི་སྡུག་མིག་ཆུའི་ནང་གི་རེ་བ་དང་སེམས་ཁམས་གཏད་ས་ཉག་གཅིག་ནི། རྒྱང་ཐག་རིང་ས་ཞིག་ནས་ཐུགས་རྗེའི་སྤྱན་གྱིས་གཟིགས་པའི་༧གོང་ས་རྒྱལ་བ་རིན་པོ་ཆེ་ཡིན་ཅེས། ཡུལ་དེའི་མང་ཚོགས་ཀྱིས་དགྲ་གཞུང་ལ་ཞུ་སྙན་ཕུལ་ནས། ཁོང་ས་གནས་ས་ཐོག་ཕེབས་རྒྱུའི་རེ་འདུན་བཏོན་ཡོད་པ་རེད་འདུག་བཅས་

འདི་ནི། ས་ཡོམ་གྱི་གནོད་འཚེའི་འོག་རྐྱེན་ལམ་དུ་སོང་བ་རྣམས་ཀྱི་བདུན་ཚིགས་གསུམ་བའི་མྱ་ངན་གྱི་ཆེད་དུ་ཕུལ་བ་ཡིན།

ཨོྃ་མ་ཎི་པདྨེ་ཧཱུྃ༔ ཨོྃ་མ་ཎི་པདྨེ་ཧཱུྃ༔ ཨོྃ་མ་ཎི་པདྨེ་ཧཱུྃ༔ ཨོྃ་མ་ཎི་པདྨེ་ཧཱུྃ༔ ཨོྃ་མ་ཎི་པདྨེ་ཧཱུྃ༔ ཨོྃ་མ་ཎི་པདྨེ་ཧཱུྃ༔ ཨོྃ་མ་ཎི་པདྨེ་ཧཱུྃ༔ ཨོྃ་མ་ཎི་པདྨེ་ཧཱུྃ༔

རང་དབང་གསར་འགོད་པ་འཆམ་ར་བས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།