༡༥༽ དྲྭ་གྲོགས་ཚོས་བར་གསེང་གི་ཁ་རྒྱགས་རེ་ཤོད་དང་ཡ།

༈ འདུ་ར་སྟག་ཐང་ཁྲ་མོ་ལ་གླིང་གི་ཕུ་ནུ་འགུགས་པའི་ཁྲོམ་ཆེན་ཟིལ་གནོན་གྱི་གླུ། ཧོར་སྡེ་ཆོམ་ལ་འབེབ་རྒྱུའི་ལུང་བསྟན་བྱུང་བའི་ཕྱི་ཉིན། ལྷ་སྲས་དགྲ་ལྷ་རྩེ་རྒྱལ་དེས། གསེར་རྨོག་ཉི་མ་རང་ཤར་ལ། རྒྱ་དར་དཀར་པོའི་ཟ་ཕུད་བཏགས། ཐང་དཀར་རྒོད་སྒྲོའི་འཕྲུ་ཐོ་བཙུགས་ནས་དབུ་ལ་གསོལ། དུང་ཁྲབ་ཟླ་འོད་དཀར་པོ་ལ། དམར་པོ་དར་གྱི་ཡང་ཤམ་བཏགས་ནས་སྟོད་ལ་གྱོན། སྟག་རལ་དུང་ཆེན་རང་གྲགས་ལ། དུག་མདའ་སྙིང་གཟན་ལྔ་བཅུས་བཀང་སྟེ་སྐེད་ལ་དཔྱང་།

ཁྱུང་རྭ་མེ་སྟག་འཐུལ་བའི་ནང་། དུག་གཞུ་དགྲ་སྲོག་རང་ཁུག་དེ་གཡས་སུ་བཏགས། རལ་གྲི་ཡ་གཟི་སྐར་ཕྲེང་དེ་སྐེད་ལ་དྲངས་ནས། མདོ་བ་ཁྱུང་གཤོག་སྔོན་མོའི་གོང་ལ་བུད་དེ། འདུ་ར་སྟག་ཐང་ཁྲ་མོ་ནས་ཁྲོམ་ཆེན་འགུགས་པའི་གླུ་འདི་ཐ་ལ་ངག་གི་དྲུག་འགྱུར་ལ་དྲངས་ནས་བླངས་པ་གདའ་འོ།
ར་སྐྱ་མདའ་མེད་པའི་ཞོགས་པ་ཞིག།
རྗེ་མ་ཧ་གུ་རུའི་ལུང་བསྟན་བཞིན།།
བུ་གདོང་བཙན་སྣང་ངུ་ཨ་དཔལ་དེས།།
གླིང་དཀར་མོའི་གྲོས་ར་བསྡུ་དགོས་ཟེར།།

བདུད་གླིང་མུན་པའི་སོ་ཁ་ནས།།
བློན་ཤན་པ་འདྲ་བའི་འབའ་ཕྲུག་ཤོག།
འཇང་ཡུལ་སྐྱིད་པའི་ར་བ་ནས།།
གཡུ་ལྷ་འདྲ་བའི་བེ་ཕྲུག་ཤོག།

ཁྲ་མོ་གླིང་གི་གཉེར་ཚང་ནས།།
མི་ཆུང་འདྲ་བའི་སངས་རྒྱས་ཤོག།
བདུད་ཡུལ་ཙ་མ་ཁྲག་དགུ་ནས།།
སྨན་ཨ་སྟག་འདྲ་བའི་གངས་ལྷ་ཤོག།

བེར་ནག་དར་ཆེན་ནང་རོལ་ནས།།
གའ་སྡེ་འདྲ་བའི་བློ་བསྟན་ཤོག།
དངུལ་ཆུ་ཁྲོ་རྫོང་ནང་རོལ་ནས།།
པལ་རྒྱལ་ས་འདྲ་བའི་བེ་རྒན་ཤོག།

སྲིབ་ཀྱི་འབྲི་མོ་རུ་རྫོང་ནས།།
ཕ་ཁྲོ་ཐུང་འདྲ་བའི་ར་རྒྱ་ཤོག།
སྟག་རོང་བུ་ཡི་འགོ་མ་སྟེ།།
གདོང་བཙན་འདྲ་བའི་དཔལ་འབར་ཤོག།

རྐྱང་འབྲོང་གཉིས་ཀྱི་ཕ་ས་ནས།།
རོང་སྲས་འདྲ་བའི་གཅན་ཚ་ཤོག།
དུག་ནག་འཁོལ་མའི་གཡས་ཟུར་ནས།།
དར་འཕེན་འདྲ་བའི་པད་རིག་ཤོག།

ཁྲ་མོ་གླིང་གི་ས་ཆ་ནས།།
དཔལ་ལ་འདྲ་བའི་རྩེ་སྐ་ཤོག།
གླིང་སྟོད་གཡང་གི་ར་བ་ནས།།
སྤྱི་དཔོན་འདྲ་བའི་ཆོས་བཟང་ཤོག།

དམ་ནག་པོ་སྦར་འཛིན་བྱེད་ས་ནས།།
ཉི་འབུམ་འདྲ་བའི་བྲག་ཕྲུག་ཤོག།
སྟག་དམར་ཡག་ཚང་གི་སྒོ་ར་ནས།།
དན་སྲས་འདྲ་བའི་དཀོན་མཆོག་ཤོག།

འབྲུག་ཕོ་ཐང་སླས་ལ་སྤུངས་ས་ནས།།
མུ་སྤྱང་འདྲ་བའི་བཤད་སྒྲུབ་ཤོག།
བྱང་གནམ་མཚོ་ཕྱུག་མོའི་ཕར་རོལ་ནས།།
བློན་འདན་མ་འདྲ་བའི་ཡར་འཕེལ་ཤོག།

སེང་དཀར་མོ་འཁོར་སའི་གངས་ཁྲོད་ནས།།
བུ་དཔའ་ལྷ་འདྲ་བའི་ཁྱུང་སྨོན་ཤོག།
ཀླུ་བདུད་ནག་པོའི་སོ་ཁ་ནས།།
ཤན་ཚ་འདྲ་བའི་དར་མདོ་ཤོག།

སྟག་གདན་ཁྲ་མོའི་ཐོག་ལ་བཞུགས།།
སེང་གེ་དཀར་མོའི་འོ་མ་བཞེས།།
ཧོར་གུར་དཀར་འདྲ་བའི་བློ་དགའ་འདི།།
མཇེ་རྒྱུ་འབུ་བཤགས་ནས་ཇི་ལྟར་བཏུལ།།

ཁྱེད་འདིར་བཞུགས་ཡོངས་ཀྱིས་གཏམ་རེ་ཤོད།།
དེ་ནས་གླིང་གི་རྟ་རྒྱུགས་བྱ།།
སྨན་ཆུང་འབྲུག་མོའི་སྐྲ་བདག་དང་།།
སྐྱ་ལོའི་ཕྱུག་གི་རྒྱུ་བདག་གཉིས།།

གསེར་སེར་པོའི་ཁྲི་ཐོབ་སུ་རེད་གསུམ།
ངེད་ཕུ་ནུའི་བང་གི་རྒྱན་ལ་འཇོག།
ད་མ་གོ་མ་གསུངས་ཕུ་ནུ་ཚོ།
འདི་ཁྲ་མོ་གླིང་གི་སྤྱི་དོན་ཡིན།།

གོ་ན་སྙན་ཚིག་འབྲི་མཁན་ཡིན།།
མ་གོ་བློ་དགའ་རྡུང་མཁན་ཡིན།།
ལྷམ་ཤོག་བུ་གཉིས་ཀ་ཁྱེར་ལ་ཤོག།
གྲི་སྨྱུ་གུ་གཉིས་ལ་དྲངས་ལ་ཤོག།
ཅེས་གསུངས་ནས་ལྷ་སྲས་དགྲ་རྩེ་རྒྱལ་དེ་བྱ་རྟ་ཁྱུང་གཤོག་སྔོན་མོའི་གོང་རོལ་ནས་ཟུར་འདུག་གིས། རྟ་ཁ་བསྒྱུར་ཏེ་སོང་བ་གདའ་འོ། འདིའང་དྲྭ་གྲོགས་གུང་དཔལ་འབར་བའི་བསྐུལ་མ་བཞིན་བྲིས་པ་ལགས་སོ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།