༡༢༽ ནོར་གླིང་དུ་གྱེར་བའི་འཆམ་ར་བའི་སྙན་ངག།

༄༅། །ཤེས་རབ་ཀྱི་ནམ་མཁར་ཕྱོགས་པ།།
༡ ཏཱ་ལའི་བླ་མ།
ཤེས་རབ་ནམ་མཁའ་དང་འདྲ་བའི་བདག་ཉིད་ཆེན་མོ་
རྒྱུ་བཞིན་པའི་འབུ་ནག་གྲོག་མའི་སྲོག་དབུགས་
མཚར་བཞིན་པའི་འདབ་ལོ་སྔོན་མོའི་སྐྱེས་སྟོབས་

ད་རུང་སྤྲིན་དཀར་པོའི་རྒྱུ་ལམ་
ས་དོག་མོའི་གནས་མལ་
ཡོད་ཚད་ནམ་མཁའ་ལ་བཅོལ་ཞིང་
ཐམས་ཅད་གནམ་འོག་ནས་འཚར་བཞིན་པར་ངོ་མཚར་ཆེ།
༢༽ཏཱ་ལའི་བླ་མ།
ཤེས་རབ་ནམ་མཁའ་དང་འདྲ་བའི་སེམས་དཔའ་ཆེན་པོ་
ཆོས་སྲིད་ཀྱི་མཛད་པ་སྙིང་ཁར་རུམ་སྟེ་
ནུན་ནག་གི་འཇིག་རྟེན་ན་
གསེར་འོད་གོས་སུ་གྱོན་པའི་འོད་སྣང་འགྱེད་
ཤེས་རབ་ཀྱི་སྣང་བ་
རྒྱང་མིག་གི་དངོས་གྲུབ་གནང་ནས་
གསོན་ཤུགས་ཀྱི་སྤོབས་པ་བསྩལ་
འབྱུང་པོའི་བྱ་
བལྟ་མི་ཚུགས་པའི་འུག་པ་རྒན་པོ་
ནམ་ཡང་དྲོལ་ཁོལ་གྱིས་སྐྱོང་བ་ཡ་མཚན་ཆེ།

༣༽ ཏཱ་ལའི་བླ་མ།
ཤེས་རབ་ནམ་མཁའ་དང་འདྲ་བའི་སྐྱེས་སུ་ཆེན་པོ་
གཞན་ཕན་གྱི་ཐིག་ལེ་སྙིང་ཀར་བསྐྱིལ་ཞིང་
ཕྱོགས་མེད་ཀྱི་བློ་གྲོས་དགུང་དུ་དབུབས་
ད་རུང་ཁེར་འགྲོས་ལ་ཕྱི་གཤོལ་མེད་པ་
ཆུ་སྐྱེས་ཟླ་བའི་འོད་སྣང་སྤྲོས་ཤིང་
མེ་ཏོག་གསར་བའི་སྦྲང་ཆར་ཕབ་
དེར་བརྟེན་མྱ་ངམ་གྱི་ཐང་ཆེན་དམར་པོ་
ཚ་གདུང་གི་མནར་གཅོེད་གཟན་པོ་
ཞི་བསིལ་གྱིས་བརླན་པར་གནང་བའི་མཛད་རྗེས་གུས་འདུད་ཞུ།
༤༽ཏཱ་ལའི་བླ་མ།
ཤེས་རབ་ནམ་མཁའ་དང་འདྲ་བའི་དཔུང་གཉེན་ཆེན་མོ་
མཐིང་མདོག་གི་རྣམ་པ་ཞིག་གིས་
ཞི་འཇམ་གྱི་འགྱིང་སྟངས་ཤིག་གིས་
ནམ་ཡང་ཁོད་སྙོམས་པའི་འཛུམ་མདངས་ངོམ་ནས་
སྟོན་མཇུག་གི་རྩྭ་ཉག་རེ་རེའི་འབོད་པ་གསན་
ཉམ་ཐག་གི་ཞིང་བ་རྒན་པོའི་སྒུག་སྟངས་གཟིགས་
དབྱར་གྱི་རྒྱལ་མོ་མལ་ས་ནས་ལངས་སྐབས་
དུས་ལས་མི་ཡོལ་བའི་སྤྲིན་གྱི་མེ་ཏོག་གཏོར་ཞིང་
བློ་ལས་མི་འགོང་བའི་འབྲུ་དྲུག་གི་ལོ་ཏོག་བསྐྲུན་བར་བཀའ་དྲིན་ཆེ།
༥༽ ཏཱ་ལའི་བླ་མ།
ཤེས་རབ་ནམ་མཁའ་དང་འདྲ་བའི་སྐྱབས་མགོན་ཆེན་པོ་
མི་ཡུལ་ལ་གཏད་པའི་སྐར་ཚོགས་ཀྱི་འོད་སྣང་གསེབ་ནས་
ཉི་ཟླའི་དཀྱིལ་འཁོར་
སྙིང་ཁ་ལ་སྣོལ་བའི་ཐབས་ཤེས་ཀྱི་ཕྱག་རྒྱ་
རྟག་ཏུ་རང་ཉིད་ལས་གཞན་པའི་ཆེད་དུ་གཡོ་སྟེ་
ནམ་ཡང་རྡུལ་འཚུབ་ཀྱིས་བཏུམས་པའི་དར་ལྕོག་
ལྷག་རླུང་གི་ཁྲོད་ནས་དལ་གྱིས་ཟད་དུས་
རེ་དོགས་ཀྱི་ཀློང་ནས་ཧད་ཀྱིས་རྫོགས་དུས་
ཡིག་དྲུག་གི་སྙིང་པོར་བསྐྲུན་བར་སྐལ་བ་བཟང་
༦༽ ཏཱ་ལའི་བླ་མ།
ཤེས་རབ་ནམ་མཁའ་དང་འདྲ་བའི་དེད་དཔོན་ཆེན་པོ
ལེགས་བྱང་གི་མིག་ལྟོས་རི་བོ་གྱེན་དུ་བསླངས་ནས་
ཞི་བསིལ་གྱི་གཙང་བོའི་ཀླུང་གིས་རྒྱ་མཚོར་ཁྲིད་དེ་
རྨ་བྱ་དགའ་བའི་གླུ་དབྱངས་
རི་རབ་ཀྱི་རྩེ་མོ་ནས་བསྒྲགས་ཤིང་
མདོངས་མཐའ་དགྱེས་པའི་བསྟོད་དབྱངས་ཡོངས་པའི་ཁྱོན་ནས་ལྡིར་
ཞི་བདེའི་རྟགས་མ་
ལེགས་ཚོགས་འབུམ་གྱི་མཛད་པ་མཐོང་ནས་ཁྱེད་ཕྱོགས་སུ་འབྱོར་བར་དྲན་གསོ་ཞུ།

༧༽ ཏཱ་ལའི་བླ་མ།
ཤེས་རབ་ནམ་མཁའ་དང་འདྲ་བའི་ཕ་མ་བཟང་པོ་
སེམས་པའི་གཏིང་རུམ་ན་འཛུམ་ཤིང་
རྨི་ལམ་གྱི་ཟབ་ས་ནས་མཇལ་
བསྐལ་བའི་ཡང་མཐའ་ན་
དམྱལ་བའི་ལོ་ཟླ་མི་ཡུལ་ནས་ཚེས་དུས་
ས་སྟེང་གི་སྐྱབས་གནས་ཉག་མ་གཅིག་
བསླུ་མེད་ཀྱི་བློ་གཏད་ཁེལ་ས་ཞིག་
༧འཇིག་རྟེན་གྱི་མགོན་པོ་
ཁྱེད་མཆོད་མེ་སྐོང་བུ་ཞིག་ཡིན་ན་
ནམ་ཡང་དམར་ལྷམ་ལྷམ་དུ་འབར་བར་གྱུར་ཅིག་གུ།
༢༠༠༩་ལོར ༧གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ཉི་ཤུ་འཁོར་བའི་དུས་དྲན་ཉིན་ནོར་གླིང་དུ་
སྐབས་དང་པོའི་སྙན་ངག་གྱེར་འདོན་སྐབས་འཆམ་ར་བས་གྱེར།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།