༨༽ འོ་ཇ་འཐུང་རོགས་མི་འདུག

༄། །འོ་ཇ་འཐུང་རོགས་མི་འདུག
༈ འོ་ཇ།
ཁྱོད་མིད་པའི་གཏིང་རུམ་ན་སླེབས་དུས་
གཟུགས་གོག་འདིར་ཚ་དྲོད་རྒྱས་བྱུང་།
སྡུག་སེམས་འདིར་སྤོབས་པ་བྱིན་བྱུང་

འོ་ཇ།
ཁྱོད་ལ་འཐུང་གྲོགས་མི་དགོས་ཤིང་
ཁྱོད་ལ་ཞལ་ལྡག་མི་དགོས་མོད་
ཁྱོད་དང་ཁ་ཐག་མི་རིང་བའི་སར་
དགོད་གཏམ་གྱི་དབུས་ནས་འཕྱུར་བའི་སྦིར་རག
མིག་གི་རྒྱ་མོ་ཟིམ་ཟིམ་གྱིས་རྔུབ་དུས་
འོ་ཇ།
ཁྱོད་ལ་དགོད་སྒྲ་སྦྱིན་པའི་མཐུ་རྩལ་མེད་པ་ཤེས་བྱུང་
ཁེར་རྐྱང་ཞིག་གི་བགོ་སྐལ་ཡིན་པ་རྟོགས་བྱུང་
ངས་གཡོན་དུ་ཕྱོགས་ཏེ་
གཏམ་ཁ་རྒོད་པའི་གསར་བུ་གཉིས་ལ་བལྟས་
ངས་མདུན་དུ་ཕྱོགས་ཏེ་
དུང་ཞེན་ཆེ་བའི་ཕོ་མོ་གཉིས་ལ་བལྟས་
ད་རུང་ངས་
གསེར་མདོག་གིས་འཁྱིལ་བའི་ཁོང་ཚོའི་སྦིར་རག་ལ་ཡང་ཡང་བལྟས་
བལྟས་བལྟས་པའི་ངས་
མཐུན་གྲོགས་ཤིག་ཡོད་ན་བསམ་
དགོད་སྒྲ་ཞིག་ཤོར་ན་བསམ་
དེར་བརྟེན་
སྦིར་རག་ཅིག་འཐུང་འདོད་སྐྱེས་
ཞལ་བདག་ཅིག་རྒྱག་འདོད་སྐྱེས་
འོན་ཀྱང་
ཀེ་ལ་ཤའི་ཡང་སྟེང་ནས་ཉི་འོད་ཡལ་སོང་
རྡ་རམ་སའི་རི་ངོགས་ནས་ལྷག་རླུང་ལྡང་བྱུང་
མ་ཟད་
དམར་ལྷང་ལྷང་གི་སྤྲིན་གསེབ་ནས་ཉི་མ་རྒས་སོང་
དེས་ན་ངས་
སྦིར་རག་འཐུང་རྒྱུར་བཟོད་མ་བྱུང་
ཞལ་ལྡག་རྒྱག་རྒྱུ་དྲན་མ་བྱུང་
ད་ལྟ་
ཁེར་འགྲོས་ལ་དགོད་སྒྲ་མེད་ཀྱང་
ད་རུང་གཟི་བརྗིད་ཅིག་ཡོད་པ་ཡིན་ནམ་དྲན་བྱུང་
ཁེར་རྐྱང་རི་ལ་འཁྱམ་པའི་ལོ་ཟླའི་ནང་།།
ཡ་མེད་སྐྱོ་བའི་སེམས་པ་རུམ་ནས་ཡོད།།
ཉི་མ་དམར་ཐག་ཆོད་པའི་དགོང་མོ་རེར།།
མིག་ཆུ་གཙང་མས་སེམས་ཁ་གསོ་བཞིན་ཡོད།།
༢༠༠༩་༡༢་༡་ཉིན་ཉི་མ་ནུབ་ཁར་ཀེ་ལ་ཤའི་ཟ་ཁང་གི་ཡང་སྟེང་ནས་འཆམ་ར་དྲི་མེད་རྒྱལ་མཚན་དེས་བྲིས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།