༦༽ གཞས་ཚིག་ཕྱོགས་སྒྲིག

༈ བོད་ཀྱི་གཞས་ཚིགས་དྲ་བའི་སྒོ་འབྱེད་ཀྱི་གསལ་བརྡ།
སྟོད་རྒྱ་གར་ཡུལ་ནས་གླུ་ཞིག་བླངས་སོང་། །
བར་ཉི་མའི་གྲོང་དུ་བརྡ་ཞིག་ཕོག་སོང་། །
སྨད་མདོ་ཁམས་ཡུལ་ནས་གཞས་ཤིག་གཏོང་བྱུང་། །
སྟོད་གངས་དཀར་རྩེ་ནས་འོད་མདངས་རྒྱས་བྱུང་། །

༈ གུས་ཤིང་བརྩེ་བའི་རང་རིགས་སྤུན་ཟླ་ཡོངས་ལ་ཞུ་རྒྱུར།

དེའང་ས་ཁུད་མཐོ་ས་ཞིག་ན་ཆགས་པའི་ཁ་བ་ཅན་ པའི་མི་རིགས་འདི་མནའ་ནས་མ་སྲུ་མོ་སྨན་ཚོས་འབྲི་མོ་གཡང་གིས་སྲུང་རྒྱུ་རྣམས་ བཞོ་དུས་དང་། ལོ་ཆུང་བྱིས་པ་ཚོས་རྡོ་དང་རྫ་མའི་རྩེད་མོ་རྩེས་དུས་ནས་ད་ལ་ཐུག་གི་བར་མགྲིན་ པའི་གྲེ་བ་ཡག་པོ་ཡོད་མེད་དང་། སྐད་ཀྱི་གདངས་རྟ་སྙན་པོ་ཡོད་མེད་སོགས་ལ་ལྟོས་མེད། གླུ་བླངས་ཤིང་བྲོ་འཁྲབ་ནས། ངག་བཀུག་སྟེ་སྒྲུང་བཏོན་ནས་ང་ཚོའི་མི་རིགས་འདི་ཡོང་ཡོད་ལ། མ་ཎི་ལ་དབྱངས་འདོན་དང་། བྱིས་པ་ལ་སྙལ་གླུ་བཏང་སྟེ་སྐད་ངག་གིས་སེམས་ཁམས་བསྟོད་ནས་སླེབས་ཡོད། བརྒྱུད་རིམ་འདིའི་ཁྲོད་ནས་ད་ལྟའི་ང་ཚོས་སྲོལ་རྒྱུན་གྱི་གླུ་གཞས་དང་། མནའ་བོའི་གླུ་ཚིག་དག་ལས་མེས་པོ་ཚོའི་ངོ་གདོང་རབ་རིབ་ཅིག་མཇལ་རྒྱུའི་གོ་ སྐབས་ཐོབ་ཡོད་ལ། ད་ལྟའི་ང་ཚོས་རང་ཉིད་ཀྱི་ངོ་གདོང་གསལ་གསལ་ཞིག་བལྟ་རྒྱུའི་སྒེའུ་ཁུང་ཞིག་རག་ ཡོད།

གོ་སྐབས་འདི་ང་ཚོས་ཤེས་དགོས་ལ། རིག་གཞུང་འདི་ང་ཚོས་སྲུང་དགོས་པའི་གནས་ལུགས་སྟོང་གི་འོག་ནས། ད་ལྟའི་ང་ཚོས་སྐད་གསང་མཐོ་མཐོ་དང་། ལག་པ་རིང་རིང་གིས་ཞི་བདེའི་རྒྱ་མཚོ་ཆེན་པོའི་འགྲམ་ངོགས་ཡོངས་ནས་བཟུང་ཆེན་ པོས་དོན་ཆེན་དང་། ཆུང་ངུས་དོན་ཆུང་གི་ཟོལ་གྱིས། གང་ལྟར་གངས་རིའི་ངོ་གདོང་འདི་གནམ་འོག་ན་གནས་ཐབས་བྱེད་བཞིན་ཡོད་ལ། གངས་ཀྱི་འོད་སྣང་ཀྱང་ས་སྟེང་འདིར་འཚོ་ཐབས་ཀྱི་སྲུང་སྐྱོང་གནང་བཞིན་པ་ལྟར། འདི་ནས་ཀྱང་བོད་བཙན་པོའི་སྐད་ཡིག་འདི་ད་ལྟའི་ཁ་འཐོར་བོད་མིའི་ཉིན་རེའི་འཚོ་ བའི་ནང་དུ་ས་ཁྱབ་རྡོ་དར་ཞིག་ཡོང་ན་རེ་བའི་བློས། གཞས་ཚིག་དྲ་བ་གསར་པ་ཞིག་གོ་སྒྲིག་ཞུ་རྒྱུ་བྱུང་ལ། སྤྱིར་བཏང་དྲ་བ་འདི་འདྲ་ཞིག་ད་བར་རང་ནུས་ཀྱིས་མ་བཅོག་ནས། ཟིན་བྲིས་ཤིག་གི་ངོར་སྤེལ་ཏེ་ལོ་གཅིག་དང་ཟླ་བ་དགུ་ཏག་ཏག་ཕྱིན་སོང་།

ཟིན་བྲིས་ཤིག་གི་ངོ་བོར་སྤེལ་བ་དེས། གཞས་ཚིག་རྣམས་རང་དབང་གི་ནུས་པའི་ཐོག་ཁྱབ་སྤེལ་དང་། འབྲེལ་འཐུད་ཀྱང་ཁག་པོར་བྱུང་པར་བརྟེན། འགག་སྒོ་དུ་མ་ཞིག་བརྒྱུད་མཐར་ད་ཆར་དྲ་བ་ཞིག་གི་ངོ་བོར་ཁམས་གཙང་གསར་བསྐྲུན་ ཐུབ་སོང་བའི་དགའ་ཚོར་མང་པོ་ཞིག་དང་བཅས། འདི་ནས་དེ་རིང་རང་རིགས་སྤུན་ཟླ་རྣམས་ལ་ལེགས་འབུལ་ཞུ་གིན་ཡོད། འདི་ནས་དམིགས་ཡུལ་གཏིང་ཟབ་ཅིག་བཅང་པའི་ཁུལ་བཞིན། ཁྱེད་ཅག་གིས་ཀྱང་མཐའ་ན་བརྒྱུད་སྒྲོག་གནང་རྒྱུ་ཙམ་ནས་བཟུང་རྒྱབ་སྐྱོར་དང་། ནུས་ཤུགས་མཉམ་འདོན་གནང་རོགས་ཞུ་གིན་ཡོད།

དེ་ཙམ་ནས་སྐད་ཆའི་མཇུག་བསྡུ་གིན་ཡོད་ལ། ཞིབ་ཕྲའི་གནས་ཚུལ་དྲ་བ་དངོས་ཀྱི་ནང་ནས་གཟིགས་ཐུབ་པའི་རེ་བ་དང་ཡིད་ཆེས་ཀྱིས་ ཁྱེད་ཅག་ཚང་མ་ལ་ཁ་དྲོ། བཀྲ་ཤིས་ཞུ།

གཞས་ཚིགས་དྲ་བའི་ཁ་བྱང་། http://shetsik.blogspot.com

ཞེས་འཆམ་ར་དྲི་མེད་རྒྱལ་མཚན་གྱིས་གུས་འདུད་དང་བཅས ༢༠༡༡་༡༡་༡༡ ཉིན།

ཟིན་བྲིས་འདི་སྔོན་མའི་ཟིན་བྲིས་ནང་གི་གཞས་ཚིག་ཁྱབ་བསྒྲགས་ཚབ་ཏུ་ད་ཐེངས་གཞས་ཚིག་དྲ་བའི་བརྡ་ཁྱབ་བཞག་པ་ཡིན།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།