༣༽ སྦྲུལ་ནག་པོའི་ཁ་ཆུ།

ལ་དགུ་ལུང་དགུའི་རྐང་ལམ་དེད་དུས།།
འཇམ་པོའི་ལམ་ཞིག་ཡོད་ན་བསམ་བྱུང་།།
སྣུམ་ལམ་ཡངས་པོའི་རྒྱ་ལམ་ཐོབ་དུས།།
ཁེར་འགྲོས་བྱེད་དགོས་བྱུང་བས་ཉོབ་སོང་།།

ཆང་དང་བག་ཁང་ནང་གི་ལྐོག་གཏམ་ཉན་དུས།།
ངོ་མ་ཡིན་ན་བསམ་པའི་སྐད་རེ་ཐོས་བྱུང་།།
ལག་ལེན་ལྡིང་ཆའི་སྟེང་གི་ས་མིག་མཐོང་དུས།།
ཨ་རོ་ཡིན་ནམ་བསམ་པའི་ཁྲེལ་སྣང་བྱུང་སོང་།།

ལེབ་ཆེན་སོ་ཁ་རྣོན་མོའི་ཕྱོགས་ལ་བལྟ་དུས།།
ཅི་ཞིག་གཅོད་ངེས་བསམ་པའི་གདེང་ཚོད་བྱིན་བྱུང་།།
ཤ་མིན་ཤིང་གི་སྟེང་ལ་གཡུག་ན་བསམ་དུས།།
ནུས་མེད་གྲི་མགོ་འདར་ནས་ཡིད་ཆད་བྱིན་བྱུང་།།

ཤ་རྒོད་དཔུང་པའི་སྟེང་ལ་བལྟ་རྒྱུ་མི་འདུག།
སྒྲོམ་ཆེན་ཡ་ཡུག་ཁ་ལ་ཉན་རྒྱུ་མི་འདུག།
ཡོད་ཚད་སྒོ་ལ་ཐོན་ནས་ལས་ལ་ཞུགས་དུས།།
ཁོང་ཚོས་མལ་ཆས་འོག་ནས་རྨི་ལམ་རུམ་འདུག།

དམར་པོའི་མེ་ཏོག་ཅིག་གིས་མཛེས་སྡུག་ངོམ་དུས།།
གཞན་གསོས་བུ་མོ་ཞིག་གིས་ཕྲག་དོག་བྱས་སོང་།།
མེ་ཏོག་སྨན་དུ་གྱུར་ཏེ་ཀུན་གྱིས་སྤྱོད་དུས།།
རྨ་བྱས་ཐལ་དོང་ནང་ནས་གུག་གུག་བྱས་སོང་།།

རི་ལ་རེ་བ་བཅོལ་སའི་ཁང་ཆུང་སྦུགས་ནས།།
བདེན་པའི་བུ་ཆུང་སྟེང་ལ་གཉའ་རྡོ་ཕོག་པ།།
ལྕགས་སྨྱུག་རེ་རེའི་སྟེང་གི་རྩལ་ལས་མེད་ཀྱང་།།
ཤོ་རྡོའི་བར་གྱི་ལྕེ་ལ་ངར་ཤུགས་མི་འདུག།

ཆུ་བརྒྱ་ཟམ་པ་གཅིག་གི་འོག་ནས་སོང་ན།།
གསེར་གྱི་ཟམ་པ་དགོས་ཀྱང་འཛུགས་བསྐྲུན་བྱ་ཆོག།
ཆུ་རེས་ལམ་རེ་དེད་ནས་ཁག་ཁག་འགྲོ་དུས།།
རྗེས་མ་ཆུ་རྒྱུན་སྐམ་པའི་དུས་ཀྱང་ལོས་ཡོང་།།
༢༠༡༠་༣་༤་ཉིན་བྲིས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།