བཀའ་ཟུར་རྒྱ་རི་སྒྲོལ་མ་སྲིད་སྐྱོང་ལ་འོས་པ་ཡིན།

images/stories/gyari dolma .jpg
བཀའ་ཟུར་རྒྱ་རི་སྒྲོལ་མ་( ༢༠༢༡ ལོའི་ ) སྲིད་སྐྱོང་ལ་འོས་པ་ཡིན།

Former minister Gyari Dolma should be next Sikyong 2021

前內政部長(噶倫) 嘉熱卓瑪理當勝任 (2021年)司政要職

 

སྔོན་གླེང་།

ད་བར་ཕྱི་ལོ་ ༢༠༢༡ གི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་རན་པའི་སྐབས་འདིར། སྲིད་སྐྱོང་འོས་མི་ཁག་གཅིག་ལང་གི་ཡོད་པའི་སྐོར་དྲ་ལམ་དུ་ཁྱབ་བཞིན་འདུག དེའི་ནང་སོ་སོའི་ངོས་ནས་བུད་མེད་སྲིད་སྐྱོང་འོས་མིའི་སྐོར་དོ་སྣང་མང་ཙམ་བྱས། དེ་སྔོན་དྲ་ཐོག་ཏུ་བུད་མེད་ལོ་གཞོན་འོས་མི་གཉིས་ཡོང་ཚུལ་གླེང་སོང་ཡང་ད་ཆ་འོས་སུ་ལང་གི་མེད་ཚོད་དེ་ཙམ་མ་མཐོང་། དེ་ནས་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༥ བར། བུད་མེད་ཀྱི་འོས་མི་ཁོ་ན་དེ་ནི་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ཡིན་ལ། ཁོང་མོས་དྲ་ཐོག་ནས་སྲིད་སྐྱོང་གི་འོས་སུ་ལངས་རྒྱུ་ཡིན་པའི་གསར་འགོད་གསར་བསྒྲགས་གནང་སོང་།

རྩོམ་དངོས།

ངས་འདི་ནས་བཀའ་ཟུར་སྒྲོལ་མ་ལགས་སྲིད་སྐྱོང་གི་འོས་སུ་ལངས་པར་རྗེས་སུ་ཡི་རང་ཡོད་སྟབས་ཁོང་མོ་ལོ་ཆུང་གཞོན་ནུ་མའི་དུས་ནས་བཟུང་མཐོ་སློབ་ཐོན་མཚམས་ཀྱི་བར་དུ་མི་རིགས་འདིའི་སྤྱི་སེམས་འཁུར་སྟངས། དེ་རྗེས་ཀྱང་བུད་མེད་ཅིག་ཡིན་པའི་ངོས་ནས་ཨ་མ་དང་བཟའ་ཟླ་མོ། གཞུང་ཞབས་ལས་བྱེད་བཅས་ངོ་བོ་གསུམ་ལྡན་གྱི་ངོས་ནས་སྐེས་ཐེམས་རིམ་འཛེགས་ཀྱིས་ལོ་ཟླ་རིང་མོ་བརྒྱུད་གཞུང་འབྲེལ་གྱི་ལས་སྒོའི་ནང་དཀའ་ངལ་ཇི་ཙམ་ལ་གདོང་ལེན་བྱས་མིན། ལས་བཞུགས་རིང་སྒེར་གྱི་འཇོན་ཐང་གང་ཡོད་བཏོན་ནས་གཞུང་དམངས་གཉིས་ལ་སྤྱི་ཕན་ཇི་ཐོན་དང་། བླ་སློབ་དབར་གྱི་དམ་ཚིག་ལ་བརྩི་མཐོང་བཞག་སྟངས། དེ་བས་དམངས་ལ་སེམས་རྩ་དམར་བའི་ཐོག་གཞུང་སེམས་དཀར་བའི་ནུས་པ་མངོན་མཚན་ཅན་ཇི་ཐོན་སོགས་འདས་སོང་གི་ལོ་རྒྱུས་དང་འཇོན་ཐང་ཇི་སྤེལ། ལྷག་བསམ་གང་ཡིན་དང་སེམས་ཤུགས་བཅང་སྟངས་སོགས་རེའུ་མིག་དང་སྦྲགས་སྙན་པོ་རིང་པོའི་ཡིག་ཚོགས་ཅིག་འབྲི་དགོས་ངེས་ཀྱང་ངས་དེ་འདྲ་འབྲི་སྙིང་མ་བྲོ། གང་ཡིན་ཟེར་ན། བོད་པ་ཡུལ་གྱར་བ་བརྒྱ་ཆ་གོ་དགུ་ཡིས་ཁོང་མོའི་འདས་མ་ད་གསུམ་གྱི་གནང་ལུགས་བཅའ་སྟངས་ལ་རྒྱུས་ལོན་གང་འཚམས་ཡོད་ངེས་རེད་བསམ་ནས་ཡིན། ཉེ་སྔོན་ཙམ་དུ་བཀའ་ཟུར་སྒྲོལ་མ་ལགས་ནས་དྲ་ཐོག་ཏུ་གསར་འགོད་གསར་བསྒྲགས་སྤེལ་བ་དེ་བོད་ཀྱི་དུས་བབ་དྲ་རྒྱ་བརྒྱུད་སྤྱི་ཚོགས་དྲ་ལམ་ཁག་ཏུ་འགྲེམས་སྤེལ་འགྲོ་བཞིན་པའི་བཀའ་མོལ་ནང་དོན་ཚན་ཁག་ཅིག་ངས་ཕྱོགས་བསྡུས་འདྲ་ཞུས་པ་གཤམ་གསལ་ལྟར་ཡིན།

༡། ཁྲིམས་སྒྲིག་གི་དབང་བསྒྱུར་འོག་ཏུ་གཞུང་ལ་ཞབས་འདེགས་ཞུ་འདོད་ཆེན་པོ་ཡོད་པ།

༢། ཕོ་མོ་འདྲ་མཉམ་གྱི་གོ་སྐབས་འདིས་རྒྱ་གཞུང་དང་རྒྱལ་སྤྱིར་བརྡ་ལན་སྤྲོད་རྒྱུ།

༣། ཛ་དྲག་ཆེ་ཤོས་དེ་བོད་ནང་གི་གནས་བབ་དང་རྒྱལ་སྤྱི་ཡོངས་ཀྱི་གནས་སྟངས་ཡིན་ཞིང་། ལྷག་དོན་ད་ལྟའི་ཆར་༧གོང་ས་མཆོག་དབུ་བཞུགས་པའི་སྐལ་བཟང་གི་དུས་འདིར་ཚང་མ་མཉམ་རུབ་ཀྱིས་ལས་ཀ་བསྒྲུབ་ཐབས་བྱ་རྒྱུ།

༤། སྲིད་སྐྱོང་གི་ལས་འགན་གཙོ་བོ་དེ་བཅའ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་དགོས་པ་དང་། སྲིད་སྐྱོང་ནི་ཆབ་སྲིད་ཀྱི་དབུ་འཁྲིད་གཅིག་ལ་ངོས་འཛིན་བྱེད་དགོས་པ།

 ( བགྲོ་གླེང་ནས་ངས་མཐོང་བའི་ལས་འཆར་དངོས་འགའ། )

༥། ཕྱི་རྒྱལ་དུ་ཡོད་པའི་མཐུན་ཚོགས་ཁག་གཞུང་འོག་གི་ས་གནས་འགོ་འཛིན་དུ་བསྒྱུར་རྒྱུ། དོན་གཅོད་ཁང་གིས་གཙོ་བོ་ཕྱི་འབྲེལ་གྱི་གནད་དོན་ཐག་གཅོད་བྱ་རྒྱུ།

༦། ཉམ་ཐག་ལྟ་སྐྱོང་སྲིད་ཇུས་ལ་བསྐྱར་ཞིབ་ཀྱི་གྲོས་འཆར་འདོན་རྒྱུ་ཡིན་པ། ལས་བྱེད་ཚོར་སྒེར་གྱི་ཚོང་དོན་ཆེད་སྐྱེད་ཀ་མེད་པའི་བུན་གཡར་ལས་གཞི་བརྩམ་རྒྱུ།

༧། བོད་མིའི་སྒྲིག་འཛུགས་ཀྱི་ས་ཁང་སྒྲིག་གཞིར་བསྐྱར་ཞིབ་བྱ་རྒྱུ།

༨། སྤྱི་ཚོགས་ནང་བསམ་ཚུལ་མི་འདྲ་བ་ཚང་མ་( འམ་ལངས་ཕྱོགས་མི་འདྲ་བ་མཉམ་གཅིག་ཏུ་ ) གནས་ཐུབ་ཅིང་ ( ཕྱོགས་ལྷུང་མིན་པའི་ ) བཀའ་ཤག་ཅིག་བསྐྲུན་རྒྱུ།( ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་ཅི་ཡིན་ཡང་མཉམ་གནས་ཐུབ་ཐབས་དགོས་རྒྱུ། )

༩། རྒྱ་བོད་གཉིས་ཐ་དད་ཡིན་པ་དང་། དབུ་རང་གང་རྩོད་ཀྱང་བོད་རྒྱ་འབྲེལ་མོལ་ཡོང་ཐབས་དགོས་པ།  

༡༠། སྒེར་སོ་སོའི་ཕུགས་རེ་བཞིན་འོས་མིར་ལང་བ་ལས་ ) གཞན་དང་བསྡུར་ཐབས་དེ་མཚམས་འཇོག་བྱེད་རྒྱུ།

༡༠། གཙོ་བོ་བོད་པ་རང་གི་གནས་སྟངས་ཧྲ་ཐག་ཐག་ཅིག་བྱེད་པའི་ཐོག་གཞན་གྱི་རྒྱབ་སྐྱོར་ལའང་བསྟུན་རྒྱུ།

 རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གཟིགས་ཕྱོགས་མི་འདྲ་སྟབས་ཆབ་སྲིད་ཀྱི་འགྱུར་བར་བསྟུན་དགོས་པ།

གོང་གསལ་ནི་བཀའ་ཟུར་སྒྲོལ་མ་ལགས་ཀྱི་སྔོན་འགྲོའི་གསལ་བསྒྲགས་དེའི་ནང་དོན་གཙོ་ཁག་རེད་འདུག དེ་མིན་ངས་ད་དུང་ཡང་ཁོང་མོར་གསལ་ཆ་ཞིབ་ཙམ་ཡོད་པའི་མ་འོངས་ལས་འཆར་གྱི་ལེའུ་གཞན་ཀྱང་ཡོད་སྣང་འཆར་ནས་ཡོད།

ཐོག་མར་བཀའ་ཟུར་སྒྲོལ་མས་འོས་མི་གཞན་དང་ (འགྲན་རྩོད་དང་སྐྱོན་བརྗོད་ཀྱིས་) བསྡུར་ནས་གནང་གི་མིན་ལུགས་གསུངས་པ་དེར་རྗེས་སུ་ཡི་རང་ཞུ་ཡུལ་ཞིག་ལ་ངས་ངོས་འཛིན་ཡོད། གཞན་དང་འགྲན་བསྡུར་བྱས་ནས་ལང་རྒྱུ་དེ་ནུབ་ཕྱོགས་པའི་ལམ་ལུགས་རྗེན་པ་ཞིག་ཡིན་ལ། ང་ཚོས་ཀྱང་དེ་འདྲ་གནང་ན་མི་འགྲིག་རྒྱུ་མེད་ཀྱང་བོད་པའི་སྤྱི་ཚོགས་སུ་ད་ཆ་ཕན་ཚུན་དབར་གྱི་འགྲན་རྩོད་བྱེད་སྟངས་ཀྱི་སྤུས་ཚད་དེ་མདང་ངེས་མེད་ལ། བྱ་སྤྱོད་དེ་སྔོན་ལྟར་ཕྱོགས་རིས་འཐེན་འཁྱེར་ལ་ཧ་ཅང་འགྲོ་སླ་བས་དེ་འདྲ་བྱས་ན་མི་འགྲིག་པའི་མཐོང་སྣང་ཡོད།

སོ་སོས་འདི་དང་དེ་གནང་ཐབས་ཞུ་གི་ཡིན་ཟེར་ནས་ལས་འཆར་བསྒྲིགས་ཏེ་སྲིད་སྤྱིའི་འོས་ནང་ལང་ན། དམངས་ཀྱིས་འོས་མི་ཚོས་མ་འོངས་པའི་དུས་སུ་ཅི་ཞིག་གནང་རྩིས་ཡོད་མེད་དེ་གསལ་པོར་ཤེས་རྒྱུ་རེད་ལ། ཁྱོད་ཀྱི་ལས་འཆར་ནས་གཞན་གྱི་ལས་འཆར་བར་དཔྱད་བསྡུར་བྱེད་པའི་གོམས་གཤིས་ཡག་པོ་ཞིག་ཀྱང་རང་བཞིན་གྱིས་འཇག་རྒྱུ་རེད། འོན་ཀྱང་འོས་མི་གཞན་དེར་སྐྱོན་འདི་དང་དེ་འདུག་ཟེར་ན་ཐེར་འདོན་གཙོར་བཟུང་དང་། ཕ་རོལ་པོའི་སྐྱོན་དེ་དག་ཚང་མ་རང་ཕྱོགས་ཀྱི་དགེ་མཚན་ཡིན་ཟེར་བའི་ཟོལ་གྱིས་འགྲན་རྩོད་བྱས་བསྡད་ན་དགེ་ལས་སྐྱོན་ཆེ། དེར་བརྟེན། སྒེར་ངོས་ཀྱི་ལས་འཆར་དང་མ་འོངས་པའི་འཆར་སྣང་གོ་རིམ་བཅས་དམངས་ལ་ར་སྤྲོད་གསལ་པོ་ཡོང་ཐབས་གནང་བ་ཙམ་གྱིས་འོས་མི་ཞིག་འོས་སུ་བཞུགས་པའི་སྔོན་འགྲོའི་ལས་དོན་གཙང་མ་གྲུབ་ཟིན་པ་རེད།

དེ་རྗེས་ཀྱི་འོས་མི་ཚོ་ད་ལྟའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་གཞིགས་ཏེ་དྲ་ལམ་དང་། ཡང་ན་བར་ཚད་ངེས་ཅན་ཆོད་པའི་ས་གནས་སུ་དངོས་སུ་མཉམ་འདུས་ཀྱིས་བགྲོ་གླེང་སོགས་འོས་འགྲན་གྱི་ནང་དོན་ཅི་ཞིག་བསྒྲིགས་ནའང་སོ་སོའི་དགེ་མཚན་དང་སོ་སོའི་མ་འོངས་པའི་ལས་དོན་བྱེད་ཕྱོགས་སྐོར་མི་དམངས་རྣམས་ལ་ཇི་ཙམ་གསལ་ཆ་བཟོ་ཐུབ་པའམ་སེམས་འགུལ་ཐེབས་སུ་བཅུག་སྟེ་རྒྱབ་སྐྱོར་རག་ཐབས་སྤེལ་ན་དེ་ཙམ་གྱིས་ལེགས་ཆར་རྩིས་ཆོག དེ་ནས་མཇུག་ཏུ་དམངས་ཀྱིས་སོ་སོའི་ངོས་ནས་འོས་མི་གདམ་ཀ་གནང་བའི་རང་དབང་དང་གུ་ཡངས་ཀྱི་ཁོར་ཡུག་ཅིག་ཡོད་ཡོད་པ་རེད།

གཞན་ཡང་སྒེར་ཚུད་མཐོ་དམན་བར་གསུམ་གྱིས་བོད་པའི་སྤྱི་ཚོགས་སུ་འདས་མ་ད་གསུམ་དུ་ཕོ་མོ་འདྲ་མཉམ་ཡིན་ཚུལ་གྱི་བཤད་ཡམས་ཤིག་རྒྱུན་འབྱམས་སུ་ཡོད། དེ་ཡིན་མིན་གྱི་དཔྱད་གཞི་དངོས་ནི་བུད་མེད་གཅིག་འགྲན་ཡ་འཇོན་ནུས་གཅིག་མཚུངས་ཀྱི་ཕོ་གཅིག་དང་འོས་ཐེངས་གཅིག་ཏུ་མཉམ་དུ་ལང་ཡོང་ན་མང་པོས་ཐོག་མའི་དུས་ནས་སྐྱེས་པ་དེས་འཇོན་རྒྱུ་ལས་བུད་མེད་དེར་དོ་སྣང་དེ་ཙམ་བྱེད་སྲོལ་མེད་པ་མངོན་སུམ་ཡིན་པ་དེའི་གནས་སྟངས་གསལ་ཆ་ཇེ་ཆེར་འགྲོ་བཞིན་འདུག དེ་བས་ཕོ་མོ་གཉིས་ཀྱི་རྒྱབ་ལྗོངས་དང་འཇོན་ནུས། ང་ཚོས་ཤེས་ཡོན་དང་ལྷག་བསམ། འཇོན་ནུས་གང་ཅིའི་ཐད་གཅིག་མཚུངས་དང་འདྲ་མཉམ་གྱི་ཚོད་དུ་ཡོད་ཀྱང་། ཕོ་མོ་དེ་གཉིས་དུས་མཉམ་འོས་འགྲན་དུ་ལང་ན་མང་ཆེ་བས་སྐྱེས་པ་དེར་རྒྱལ་ཁ་སྤྲོད་རྒྱུ་ཉག་གཅིག་ཡིན་བསམ་པ་དེ་འདས་སོང་གི་གནས་སྟངས་སམ་དཔེ་མཚོན་ནས་ཤེས་ཐུབ།

སྤྱི་ཚོགས་སུ་དོན་ཆེན་ལ་རྒྱ་གཙོ་བའི་བརྗོད་གཞི་མིན་པའི་བཀའ་ཟུར་སྒྲོལ་མ་ལགས་སུ་སྐྱོན་བརྗོད་ཆུང་ཙག་རིགས་འགའ་བྱེད་སྲོལ་འདུག་མོད། དེ་དག་ནི་ར་འཕགས་ནས་ཀ་བ་བསློག་རྩིས་ལྟ་བུའི་རི་བོང་ར་ཡི་སྐྱོན་བརྗོད་ལྟ་བུ་ཡིན་འདུག་མོད། འོན་ཀྱང་བུད་མེད་ལས་ཅན་འདིའི་འདས་སོང་དུ་མི་གཞིའི་ཡ་རབས་བཟང་སྤྱོད་དོར་ནས་ཕ་བསད་མ་བསད་ཀྱི་སྡིད་ལས་སམ་གྱོད་གཞི་དང་ནག་ཉེས་བགྲང་རྒྱུ་མེད་ལ། འདིས་ལྐོག་གཡོ་ངན་ཇུས་བཤམས་བཞག་ནས་རང་རིགས་ཀྱི་རྩ་དོན་ལ་གནོད་ཡོད་ཚུལ་བཤད་པ་ངས་མ་ཐོས། ཡང་འདི་ཡུལ་གྱར་དུ་འཚར་ལོང་བྱུང་རྐྱེན་དམངས་ཡོད་ས་ནས་རང་མི་རིགས་འདིའི་སྲོག་རྩ་ཕ་སྐད་མ་ལུགས་ལ་མཐོང་ཆུང་དམའ་འབེབས་བྱས་བཞག་པའི་ལོ་རྒྱུས་ཀྱང་མི་འདུག་ལ། གཞུང་འཛིན་གྱི་ལས་སྒོའམ་དབང་འཛིན་སྐབས་དོན་དག་གཞན་ལ་ཁ་གཡར་ནས་སྡུག་རུས་ཀྱིས་མ་འཁྱོག་པར་ལས་དོན་སྒྲུབ་མཚམས་བཞག་ནས་དགོངས་པ་ཞུས་སོང་བའང་རེད་མི་འདུག

འདིས་རང་རིགས་ཀྱི་བཟང་སྤྱོད་དུ་འཛིན་པའི་མཐོ་བླ་མར་མ་གུས་ཚུལ་གྱི་མཆི་ཞག་འཕེན་ཚུལ་དང་། དེ་སྔོན་སྐུ་དྲག་ཅེས་བརྩི་སྲོལ་ཡོད་པའི་ཁྱིམ་ཚང་ཆེན་པོའི་རྒྱུད་ཡིན་པའི་ངོས་ནས་དམའ་དཀྱུས་དམངས་ལ་དམའ་འབེབས་བྱས་ཚུལ་གྱི་དཔེ་མཚོན་ཡང་མེད་ཚོད་རེད། དེ་ལས་ལྡོག་སྟེ་ཁོང་མོས་དཀྱུས་མ་ཉམ་ཆུང་ལ་བྱམས་སེམས་བཅངས་པའི་དཔེ་གསོན་པོ་བཤད་རྒྱུ་ཡོད།

ཁ་མཁས་ལྕེ་སྲབ་ཐུག་གི་མཐོ་གོ་སར་སྡོད་མཁན་དང་དམའ་ས་གང་ཞིག་ལ་ཡོད་མཁན་ཚོས་ག་གེ་མོ་དེ་དག་གཞུང་སེམས་དཀར་ལུགས་དང་། གཞུང་འཛིན་གྱི་ལས་དོན་ལོ་མང་སྒྲུབ་ཚུལ་གྱི་བྱས་རྗེས་གཅིག་གཅིག་གཉིས་གཉིས་བགྲང་དུས་བུད་མེད་འདིས་ཀྱང་ཡ་རབས་བཟང་སྤྱོད་ཀྱི་སྒོ་ནས་གཞུང་སེམས་གཙང་མས་གཞན་དེ་དག་དང་གཅིག་མཚུངས་ཀྱི་བགྲང་རྒྱུ་ཡོད་པའི་བྱས་རྗེས་སྟོན་རྒྱུ་བཞག་འདུག རེད་དེ་དབང་ཆ་ལག་ཏུ་བཟུང་དགོས་པའི་མཐོ་གོ་ས་གཅིག་ལ་དམིགས་དུས་སམ། དབང་ཆ་དེ་དངོས་སུ་ལག་ཏུ་བཞག་དགོས་པའི་འགག་རྩའི་དུས་སྐབས་སུ་སླེབས་དུས། ང་ཚོའི་སྤྱི་ཚོགས་སུ་ཕོ་མོ་འདྲ་མཉམ་ཡིན་ཚུལ་མོལ་མཁས་ཀྱི་མི་ཚོས་མཐོང་ས་རིག་ས་ཞིག་ནས་བུད་མེད་འཇོན་ཐང་དང་ལྷག་བསམ་འདྲ་མཉམ་ཡོད་མཁན་འདི་ཚང་མའི་མིག་མདུན་ནས་རྒྱལ་ཁ་དེ་བཅོམ་ནས་གཞན་སྐྱེས་པ་ཞིག་ལ་ཆབ་སྲིད་ཀྱི་གོ་དབང་རག་ཐབས་ཧུར་ཐག་བྱ་སྲིད་པ་རེད།

གང་ལྟར་ཡང་། མི་དམངས་རྣམས་ཀྱིས་ད་ཐེངས་བསམ་བློ་དྲུག་གསུམ་བཅོ་བརྒྱད་རེ་གཏོང་དགོས་པའི་དུས་ལ་སླེབས་འདུག ང་ཚོས་སེམས་ཀྱི་ཉམས་ལེན་དབེན་ཡང་ཆོས་སེམས་ཆེན་པོ་ཡིན་ཁུལ་ཞིག་གིས་སང་ཉིན་རང་སངས་རྒྱས་རྒྱུ་ཡིན་ཚུལ་ལྟ་བུས་འུར་བརྗོད་བྱེད་སྲིད་ལ། ཐབས་དང་ཇུས་ཀྱི་ཧ་ཅང་དབེན་ཡང་སང་ཉིན་གྱི་སྐལ་བཟང་དུས་དེར་རྒྱལ་ཁབ་ཀྱི་ཐོབ་ཐང་སླར་གསོ་བྱེད་ཀྱི་ཡིན་ཚུལ་ཡང་གཅིག་མཚུངས་བཤད་སྲིད་པ་རེད། དེ་བས་ང་ཚོས་མཐོང་ཐོས་མྱོང་གསུམ་གྱི་སྒོ་ནས་བསམ་བློ་གཏོང་ན། ད་ལྟའི་ཆར་འཇོན་ན་གོང་གསལ་དེ་ལྟར་བྱེད་ཐུབ་མཁན་ཡིན་ན་ལོས་བཟང་ཡང་དོན་དངོས་ནི་བཙན་བྱོལ་གཞུང་གི་དབང་ཆ་འདི་ཁྲིམས་སྒྲིག་ལ་བརྩི་སྲུང་སྲ་བརྟན་ངང་ཕྲེང་བ་ལག་བརྒྱུད་ཀྱི་སྒོ་ནས་མང་པོས་བཤད་སྲོལ་ཡོད་པ་ལྟར་སྦར་མོ་གང་ལས་མེད་པའི་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་ཡོངས་རྫོགས་རྡོ་རྩ་ཆིག་སྒྲིལ་ཡོང་ཐབས་གནང་དགོས་གལ་ཆེ་བ་མཐོང་གི་ཡོད། དུས་མཚུངས་སུ་རྒྱལ་སྤྱིའི་འགྱུར་འགྲོས་དང་བསྟུན་གོམས་པ་སྤོ་རྒྱུ་དང་། རྒྱ་ནག་གི་འགྱུར་ལྡོག་ཇི་ཡོང་ཞིག་ལ་སྒུག་རྒྱུ། རྒྱ་ནག་ཚུད་འཛམ་གླིང་གི་འཕེལ་ཕྱོགས་ཀྱི་རྔ་དེ་ལ་དཔག་པའི་ང་ཚོའི་ངོས་ནས་འཆམ་འཆམ་རྒྱུ་རེད། དེའི་བར་ནས་སོ་སོའི་ངོས་ཀྱི་ཁྱད་ཆོས་དམིགས་བསལ་བ་དེ་དག་མཐོར་འདེགས་ཀྱིས་རྒྱལ་ཕྱི་ནང་ཡོངས་ཀྱིས་ངོས་ལེན་རྒྱབ་སྐྱོར་དང་། སྔར་བའི་དོ་སྣང་དང་རོགས་ཕན་ཡོང་ཐབས་བཅས་རེད།

སྤུན་ཟླ་སུ་ཞིག་ལ་མི་རིགས་འདིར་སྨན་པའི་བློ་གྲོས་དམིགས་བསལ་འདོན་རྒྱུ་ཡོད་ན་དེ་མི་དམངས་ལ་སྟོན་ནས་འཇོན་ནུས་སྤྱོད་ཐབས་ཡོད་ན་ལས། མ་འོངས་པའི་ལོ་འགའ་ཤས་ནང་ང་ཚོའི་རང་དབང་གི་འཐབ་རྩོད་དེ་རྒྱུན་མ་ཆད་པའི་སྒོ་ནས་རྗེས་རབས་པ་ཚོར་བློ་གཏད་ས་ཏན་ཏན་ཏིག་ཏིག་ཅིག་བསྐྲུན་རྒྱུ་གལ་ཆེ་བ་མཐོང་། དེ་ནས་འུར་རྡོ་གཅིག་གིས་བྱ་བརྒྱ་གསོད་བསམ་པའི་སྟོང་བསམ་དེ་མཚམས་བཞག་ནས་ཁ་ཡོད་ལག་ཡོད་ཀྱི་གཞུང་སྒྲིག་འཛུགས་ཀྱིས་ཕྱི་ནང་བོད་རིགས་སྤུན་ཟླ་ཡོངས་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས་ཀྱིས་མ་འོངས་པའི་ཆབ་སྲིད་ཀྱི་འགྲོས་ལ་བསྟུན་ཐབས་ཇི་དགེ་དང་ཐབས་ལམ་ཇི་སྤེལ་བཅས་ནས་ང་ཚོར་དགོས་ངེས་ཀྱི་གོ་སྐབས་ཤིག་ལ་དམ་འཛིན་དང་རེ་སྒུག་བྱ་རྒྱུ་དེ་རེད་འདོད།

བློ་གཟུར་བོར་གནས་ན་ངའི་དྲ་གྲོགས་ཅིག་གིས་གསུངས་པ་ལྟར་བཀའ་ཟུར་སྒྲོལ་མ་ལགས་ད་ཐེངས་ཀྱི་འོས་མི་གཞན་དང་བསྡུར་ན་རྩེ་ཕུད་ཀྱི་འོས་མི་གཅིག་ལ་མཐོང་ཐུབ། ད་ཆ་ལང་སྡོད་པའི་འོས་མི་གཞན་ཚོར་ཡོད་པའི་ཁྱད་ཡོན་ཚང་མ་ཁོང་མོར་ཚང་བསྡད་འདུག་ལ། ཡོན་ཏན་འགའ་གཞན་དེ་ཚོའི་འཇོན་ནུས་ལས་ལྷག་པའང་ལྡན་ཡོད། ད་ཐེངས་ཀྱང་མང་པོས་གཅིག་གཅིག་ཉིག་ཉིག་གི་རྒྱུ་མཚན་ཡ་མ་བརླ་དེ་འདྲ་མང་པོ་བགྲང་ནས་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་འོས་འགྲན་དེ་ནས་རྒྱལ་ཕམ་ཅི་རིགས་ཡོང་སྲིད་པ་དེ་ནི་ཕར་བལྟས་ཚོད་ལ་ཚུར་མཐོང་ཐུབ་པ་ཞིག་ལས་གཞན་གང་ཡང་མིན། ཡིན་ཡང་བཀའ་ཟུར་སྒྲོལ་མ་ལགས་ཀྱི་འདས་སོང་གི་ལོ་རྒྱུས་དང་ལྷག་བསམ་ལ་རྨ་མེད་ཡིན་པ་བོད་པ་མང་པོས་འགྱུར་བ་མེད་པའི་སྒོ་ནས་གོང་བཀུར་ཞུ་སྲིད་པ་དེའང་མ་བརྗེད་རོགས།

ད་ཐེངས་ཀྱི་འོས་བསྡུའི་ནང་ཁོང་མོར་རྒྱལ་ཕམ་ཅི་ཞིག་འབྱུང་སྲིད་ཀྱང་། ཁྱེད་ཀྱིས་མུ་མཐུད་བོད་པའི་བུད་མེད་ཀྱི་དབུ་འཕང་དགུང་ལ་སྟེགས་ནས། ཨ་མ་བྲག་སྲིན་མོའི་ཁེངས་དྲེགས་དང་སྤོབས་པ་ཞིག་འཁུར་ནས་སྲིད་སྐྱོང་གི་འོས་བསྡུའི་ནང་ལང་བར་ངས་འདི་ནས་ཐུགས་རྗེ་ཆེ་ཞུ་འདོད། གསུམ་བཅུའི་དུས་དྲན་གཙོས་ལྷག་བསམ་ཟོལ་མེད་ཀྱི་རྒན་རབས་བོད་ཀྱི་བུད་མེད་མོ་མཆོག་དམ་པ་མང་པོས་ད་ཐེངས་རེ་བ་བཅང་ནས་ཁྱེད་ལ་གཟིགས་ནས་ཡོད་པ་རེད་ལ། ང་ཚོའི་རྗེས་རབས་པའི་སེམས་ཤུགས་དང་ལྷག་བསམ། ད་དུང་ཧུར་བརྩོན་ཅན་གྱི་གཞོན་ནུ་མ་མང་པོས་བོད་མི་རིགས་འདིར་ཡར་རེ་ཡར་སེམས་ཀྱི་ཕུགས་བསམ་ཞིག་བཅང་ནས་ཁྱེད་ལ་མིག་གཉིས་ཀྱིས་ཅེར་ནས་བལྟས་ནས་ཡོད་སྲིད། བོད་པའི་བུད་མེད་ཚོའི་སྤོབས་པ་དང་སེམས་ཤུགས། བོད་མི་རིགས་ཀྱི་ལ་རྒྱ་བཅས་ཀྱིས་ཁྱེད་ནམ་ཡང་རྣམ་པར་རྒྱལ་ངེས་པའི་རེ་སྨོན་ཡོད།

མཇུག་བསྡོམས།

ངས་བོད་ཀྱི་བུད་མེད་དབུ་འཁྲིད་གཙང་མ་གཅིག་ལ་བཅང་པའི་ལྷག་བསམ་རྣམ་དག་གིས་དེ་སྔོན་བྲིས་པའི་ཚིག་བཅད་དུམ་བུ་འདིས། སེམས་ཤུགས་ཅན་དང་སེམས་བཟང་ཅན་གྱི་བོད་ཀྱི་ཕུལ་བྱུང་བུད་མེད་སྒྲོལ་མ་མཆོག་སྲིད་སྐྱོང་གི་འོས་འགྲན་དུ་ཞུགས་ནས་རྒྱལ་ཁ་ཐོབ་པ་དང་། ཁྱེད་ལ་ཕུགས་རེ་ཡིས་ཁེངས་པའི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བསྟོད་པ་འདི་ཕུལ་འདོད།

ཨ་ཕྱི་རྒྱ་རི་སྒྲོལ་མར་སྤྲེངས།

བྱིས་པའི་དུས་ནས་ཕ་གཞིས་བོར་བའི་སྤྲང་ཕྲུག་མ།།
མི་ཡུལ་བྱོལ་ཡང་རང་ཡུལ་མ་བརྗེད་འཁོན་སེམས་མ།།
གཞོན་ནུའི་ལང་ཚོ་དར་བའི་དུས་ཀྱང་མཛེས་སྡུག་མ།།
སྐྲ་སེར་སྤྲེའུ་ཡི་ནོར་གྱིས་མ་བསླུས་རང་ཚུགས་མ།།

རྒྱ་གར་ནག་དབར་དུ་མཐོང་ཆུང་ཇི་ཙམ་མྱངས་།།
བོད་གཞིས་བྱིས་གཉིས་ཀྱི་སྡུག་ཚོར་ཇི་ཙམ་ལྕི།།
བདག་རང་གཞན་དབར་གྱི་ལོག་ལྟ་ཇི་ཙམ་བརྒལ།།
རིགས་ཕོ་མོ་དབར་གྱི་གཉའ་གནོན་ཇི་ཙམ་ཚོར།།

སྐྱེས་ཕོའི་སྣ་ཚོགས་གཡོ་སྒྱུར་སུན་ནས་ཉོབ་སྣང་མ།།
ཕོ་མོའི་འདོད་ཞེན་འགག་རྡོར་མ་འཁོན་ཤར་སྐྱོད་མ།།
རང་ལུས་རང་ལ་དབང་བར་བརྩོན་པའི་ལས་བཟང་མ།།
མ་ཡུམ་ཤུལ་ཐག་མ་ཆད་འཛིན་པའི་བུ་ལྡན་མ།།

བཟང་ངན་བློ་ཡི་དབར་ནས་སེམས་ཀྱི་མཛེས་ལྗོངས་ཅི་ཙམ་བཀོད།།
ཕུ་ཕྱི་ཐག་རིང་ཐུང་དཀྱིལ་དུ་བྲེལ་འཚུབ་ཅི་ཙམ་མྱུལ།།
མཐོ་སྐེས་འཛེགས་འགྲིམ་དུས་ལོག་ལྟའི་དཀའ་སྤྱོད་ཅི་ཙམ་བྱུང་།།
ལས་ཕྲག་དོག་འཁོན་སེམས་དྲ་བ་ཉོབ་པོ་ཇི་ཙམ་གཏོར།།

ཉམ་ཆུང་ལས་བྱ་ཕྲག་པས་སྟེགས་པའི་སྡུག་རུས་མ།།
གཞུང་དང་སྒེར་གྱི་བྱ་བར་བརྩོན་བའི་བྲེལ་ལྡན་མ།།
གང་ལ་ཐུག་ཀྱང་ལས་དོན་སྒྲུབ་པའི་འགུལ་སྐྱོད་མ།།
རིགས་རུས་ལ་རྒྱ་མ་ལྷོད་བཟུང་བའི་འཁྱུག་ལྡན་མ།།

ལས་ཨ་མའི་འགན་འཁྲི་དོར་ཐབས་མེད་པའི་དུས་སྐབས་དེར།།
ཕོ་གཡོག་ལས་མི་དགོས་དབང་ཤེད་བཙན་པོ་རྫོགས་མཐའ་དབེན།།
གཟུགས་ལུས་ཐོག་བུ་རྒྱུད་སྦྲུམས་པའི་དཀའ་ངལ་དུས་སུ་ཡང།།
གཞུང་ལས་ཁང་གྲུབ་བཞིའི་སྒོ་ཐེམ་སྲ་མོ་ཇི་ཙམ་བརྫིས།།

 སེམས་ཚོར་བ་མ་འཁོག་རླབས་བཞིན་བཙན་དུས་ངུ་འབོད་མ།།
གཏམ་བཤད་ཐེངས་རེ་རེའི་སྐབས་ཀྱང་སྙིང་གཏམ་དབྱངས་ལྡན་མ།།
དམངས་སེམས་རྩ་མང་ཙམ་བརྐུས་པའི་དུས་ཀྱི་བྱང་ལྡན་མ།།
བློ་ལ་ཞེན་དྲག་པོ་མེ་ལྟར་འབར་བའི་རྩལ་ལྡན་མ།།

མི་ཉམ་ཆུང་འཚོ་རྟེན་ཁོ་ནར་ཡིན་ཡང་འབད་འབུངས་འོག།
དཔོན་དྲེགས་ལྡན་དག་གིས་མ་འཇོན་དམངས་ཀྱི་བྱ་བཟང་སྒྲུབ།།
བློ་བསམ་པའི་ཕུགས་ན་བཟང་པོའི་བྱ་བར་བྲེལ་བའི་ངང་།།
སྡུག་ངལ་ཡང་བཟོད་པའི་དཔུང་པ་ནམ་མཁར་ཇི་ཙམ་འཕྱར།།

མཐོན་པོའི་དཔོན་ལ་གུས་བརྩི་གང་ལེགས་ཞུ་མཁས་མ།།
དམའ་མོའི་དམངས་ལ་བྱམས་པའི་འཛུམ་ལྡན་སྙིང་རྗེ་མ།།
དུས་མཚུངས་ཀུན་ལ་མཉམ་འགྲོག་མཁས་པའི་ངོ་དགའ་མ།།
བདེན་དོན་བྱ་བར་དྲང་ཚུགས་བསྐུལ་མ་སྟེར་མཁས་མ།།

མ་ཡུམ་ཆེན་དག་གི་ལ་རྒྱ་མ་བོར་སེམས་སུ་དམ་པོར་ཆོངས།།
ཤེས་བློ་གྲོས་རྩལ་ལྡན་འཚོ་བའི་དངོས་སུ་མོ་མགོ་མཁའ་རུ་སྟེགས།།
མི་ལུས་རྟེན་ཐོབ་ཀྱང་རང་དབང་ཐོབ་རེ་ཀན་བའི་དུས་ངན་འདིར།།
མོ་རིགས་རུས་དག་གི་རྨོངས་གཉིད་སད་ཕྱིར་ལྕོང་བརྡ་ང་ཚོས་སྒྲོག།།

 དཔོན་རྭའི་མཁྲེགས་བཟུང་གཏོར་ནས་གསར་བསྒྲགས་གཏམ་བརྗོད་མ།།
ལུས་སེམས་འདར་བཞིན་དབང་ཆའི་ཐོབ་ཐང་འགྲན་རྩོད་མ།།
ཁྱེད་ཀྱང་བོད་པའི་བུད་མེད་རྣམས་ཀྱི་འཐུས་གཙོ་མ།།
ད་དུང་མང་པོའི་སེམས་སུ་མཛའ་བའི་རིགས་མཐུན་མ།།

                       མཆན། མ་རྩོམ་བོད་ཀྱི་དུས་བབ་ལས་འདྲེན་བཀོད་ཞུས། 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།