ཤར་ནུབ་གཉིས་ཀྱི་ཚོར་སྣང་གང་བྱུང་མང་བྱུང་།

images/stories/27.jpg
ཤར་ནུབ་གཉིས་ཀྱི་ཚོར་སྣང་གང་བྱུང་མང་བྱུང་།

Some opinion between East and West

我對東西方間的一些看法

༡། མི་ཚེའི་ལྟ་བ།

འགྲོ་བ་མི་ལ་སྤྱི་མཚུངས་ཀྱི་ལྟ་བ་ནི་ལུས་སེམས་གཉིས་གཙོས་ཚང་མར་མཐུན་ཕྱོགས་གང་འཚམ་ཡོད་པ་ནི་བཤད་མི་དགོས་པ་རེད། འདིར་ཤར་ནུབ་གཉིས་སུ་བྱེད་ལུགས་ལྟ་སྟངས་གང་དྲན་ཏོག་ཙམ་འབྲི་འདོད།

མགོ་སེར་ཁ་གཅིག་ལ་མཚོན་ན་འཛམ་གླིང་འདིར་ཆོས་ཆེན་གྲལ་གསུམ་སྟེ་ཡཱེ་ཤུ་ཆོས་ལུགས་དང་ནང་ཆོས། ཁ་ཆེ་ཆོས་ལུགས་གསུམ་ནང་ཡཱེ་ཤུ་ཆོས་ལུགས་ལ་དད་མཁན་མང་པོ་ཡིན་སྟབས་གསུང་རབ་དེ་དང་འབྲེལ་ཡོད་ཀྱི་མི་ཚེའི་རིན་ཐང་གི་ཀུན་སྤྱོད་ལྟ་བ་ཞིག་རྒྱུན་འབྱམས་སུ་ཡོད་མུས། དེང་རབས་ཀྱི་ཤེས་བྱའམ་དངོས་གཙོ་སྨྲ་བའི་ཚན་རིག་དར་ཆེ་བའི་དབང་གིས་མིན་འགྲོ སྔོན་མཐོན་དང་རང་དབང་ཅན་ཚད་མཐོ་པོ་རེད་ཟེར་མཁན་རེ་ཟུང་གིས་ཆོས་ལུགས་གང་ལའང་དད་པ་མེད་པར་གཙོ་བོ་མི་སྒེར་གྱི་མི་ཚེ་ལ་ལྟ་བ་འཛིན་སྟངས་ཅི་འདྲ་བཟུང་མིན་རེད་ཅེས་ཟེར་མཁན་ཡོད།

 

 

མང་པོས་ཚེ་འདིར་ཧུར་བརྩོན་ཆེན་པོས་སྒེར་གྱི་ལོངས་སྤྱོད་དང་རང་དབང་ལ་གཙིགས་ཆེར་འཛིན་དགོས་པར་བཤད། ཁ་གཅིག་གིས་ཚེ་ཕྱི་མ་ངོས་ལེན་རྒྱུ་ཕར་ཞོག མི་ཚེ་འདི་ཐུང་ཐུང་ཡིན་སྟབས་ངེས་པར་དུ་སྒེར་གྱི་འདོད་མོས་ལྟར་འཚོ་དགོས་པ་ལས་གཞན་གྱི་ཆེད་དུ་སྒེར་གྱི་དུས་ཚོད་འཕྲོག་བརླག་ཟེར་བ་དེ་འདྲ་གཏོང་སྡོད་ན་ལྐུགས་པའི་ལས་ཀ་རེད་ཟེར། གཞན་ཡང་ཕ་མ་རྒན་རབས་ཚོས་གཞོན་སྐྱེས་ཚོ་རང་ལོ་བཅོ་བརྒྱད་ཡས་མས་བརྒལ་སོང་ན་དེ་ནས་བཟུང་རང་མགོ་གང་ཐོན་དགོས་པའི་དུས་ཡིན་དགོས་པ་གང་ཞིག ཁྲིམས་ཐོག་གི་ལོ་ཚད་དེ་བརྒལ་ཟིན་རྗེས་ཕ་མས་ད་དུང་ཡོད་ཚད་གཞོན་པ་ཚོའི་ཆེད་དུ་གཏོང་སྡོད་ན་དེ་ནི་ལུགས་མཐུན་མིན་ལུགས་བཤད་སྲོལ་ཡང་འདུག

 

 

དེ་ལས་ལྡོག་སྟེ་ང་ཚོ་ནང་པ་ལྟར་ན་སེམས་གཙོ་སྨྲ་བ་ཡིན་སྟབས་སྒེར་གྱི་ལོངས་སྤྱོད་དང་རང་དབང་ལས་གཞན་ཕན་གྱི་དགེ་ཕན་དོན་སྙིང་གཙོ་ཆེར་འཛིན་དགོས་ཚུལ་དང་། མི་ཚེ་ཐུང་ངུའི་ནང་གཞན་ཕན་གྱི་བྱ་བ་ཅི་ཙམ་བསྒྲུབས་ཐུབ་ན་དེ་དོན་སྙིང་ལྡན་པའི་བྱ་བཟང་དུ་ངོས་འཛིན་བྱེད། ཁྱིམ་གཞི་བཅས་པ་དེ་ནི་ཕོ་མོ་རྒན་གཞོན་ཚང་ཞིང་། སྐྱ་སེར་ཕོ་མོ་དབྱེར་མེད་ཀྱིས་མཉམ་འདུས་ཀྱི་སྒྲིག་འཛུགས་ཅིག་ལ་རྟོགས་ནས་མང་ཆེར་ཁྱིམ་གྱི་ལས་འཆར་ལ་དཔུང་པ་མཉམ་གཤིབས་ཀྱིས་ནུས་པ་སྟོན་ཐབས་དགོས་པར་བརྩོན་སྲོལ་ཡོད་པ་རེད། འོན་ཀྱང་མགོ་སེར་ཁ་གཅིག་གིས་སྒེར་གྱི་རང་དབང་ལ་གཙིགས་ཆེ་བས་རང་རང་སོ་སོས་གང་ས་ཅིའི་ཐད་ནས་འདོད་མོས་སམ་དོ་དབྱིངས་དེ་འཚོལ་ཐབས་བྱ་བ་ལས་གཞན་ཕྱོགས་སུ་བསམ་བློ་དམིགས་བསལ་བ་དེ་འདྲ་གཏོང་གི་ཨ་ཡོད་ན་བསམ་པ་འདུག

 

 

 

 

༢། རྒྱུ་ཟས་སྤྱོད་སྟངས།

 

རྒྱུ་ནོར་སྤྱོད་སྟངས་སྐོར་རྒྱུན་གཏན་ལྟར་ན་མི་སྒེར་དང་འབྲེལ་བའི་སྐྱེས་སྐར་དང་། དེ་མིན་ཆང་སའི་མཛད་སྒོ བྱ་བཞག་ལེགས་གྲུབ་བྱུང་བའི་མཛད་སྒོ ཆོས་ལུགས་ཀྱི་བྱེད་སྒོ་ཆེ་ཁག་བཅས་སུ་བཞུགས་དུས་སྒེར་ལ་རྒྱུ་ནོར་ལེགས་ཤོས་དེ་དགའ་སའི་མི་དེར་དུས་དེར་བཏང་ནས་སོ་སོར་སེམས་གསོ་དང་སྤོབས་པ་མཐོར་འདེགས་བྱེད། འོན་ཀྱང་ཞིབ་ཏུ་བལྟས་ན་མང་ཆེར་གྱིས་ཆེ་ས་ནས་སྒེར་ཁང་དང་མ་དངུལ་བསོགས་འཇོག་ཁག ཆུང་ས་ནས་ལགས་རྟགས་གཙོས་རྒྱུ་ནོར་སྦྱིན་གཏོང་དང་ཤུལ་བཞག་སྐབས་དེར་བརྟེན་རྗེས་སུ་སོ་སོར་ངེས་པར་དུ་ཚུར་རེའི་སེམས་ཁམས་གཅིག་གིས་བགྱིས་པ་མིན་འགྲོ་བསམ་པ་མང་། ཁོང་ཚོས་སྤྱི་སྒེར་སུ་ཞིག་ལ་སྦྱིན་གཏོང་དང་རོགས་སྐྱོར་ཅི་འདྲ་བྱས་ཀྱང་ཁ་གཅིག་གིས་དེར་སྒེར་ངོས་ཀྱི་དམིགས་ཡུལ་སྣ་ཚོགས་བཅང་ཡོད་ངེས་ལས་ནང་པ་ལྟར་གཞན་ཕན་ཁོ་ནར་བཏང་དགོས་ཅེས་མིན་པ་ནི་གསལ་པོ་རེད་འདུག ཡང་ཕ་ཤུལ་བུ་འཛིན་གྱི་ཤར་གླིང་མང་ཆེར་གྱི་ཡིན་ཤག་བྱས་པའི་ལུགས་དེ་ནི་མགོ་སེར་འགའ་རེར་འགྲོ་གི་མེད་པར་གང་ཟག་འཆི་ཁར་བུ་རྒྱུད་སུ་གཅིག་ལའང་རྒྱུ་ནོར་ཤུལ་བཞག་མིན་པར་སོ་སོས་འདོད་མོས་ཀྱིས་བཅོལ་བཞག་བྱས་པ་ཉུང་ཙམ་ཡང་ཡོད་པ་རེད་འདུག

 

སྔར་བཞིན་མཛད་སྒོ་སྣ་ཚོགས་སྐབས་དེར་འཐུང་ཆུ་དང་མངར་ཟས་ཉུང་ཙམ། ཡང་ན་ཟས་ཀྱང་ཆོས་སྦྱིན་གཏོང་སྲོལ་འདུག སྤྱིར་ན་ཚང་མ་ཤར་ནུབ་གང་ཡིན་གྱི་ཟས་སྣར་རོལ་རྒྱུར་སྤྲོ། ཟས་རིགས་སྤྱོད་སྟངས་ཀྱང་མི་འདྲ་བ་ཉུང་ཙམ་རེ་མཐོང་བ་ནི། ཤར་གླིང་ལྟར་ཟས་རིགས་བརྔོས་མ་དང་སྣུམ་བཙོས་སོགས་གཙོ་བཟུང་མིན་པར་ནུབ་གླིང་བས་སྔར་ནས་འཕྲུལ་ཆས་ནང་གཡོས་བསྐོལ་དང་དབྱིབས་ལེགས་བཟོས་ཟིན་པའི་ཟས་རིགས་དང་། དེ་མིན་རང་བྱུང་གིས་རླང་བཙོས་དང་ཆུས་བཙོས། མེར་བསྲེགས་བརྒྱབས་རྗེས་དེར་བྲོ་བཅུད་ཡོང་ཕྱིར་སྨན་སྣ་སྣ་ཚོགས་བྱུག་པའམ་གཏོར་ནས་ཟ་མཁན་མང་།

 

མངར་ཟས་དང་གྲང་མོའི་ཟས་རིགས། ཨ་རག་བཅས་ལའང་རྒྱུན་དུ་ནས་སྤྱོད་སྒོ་ཆེ།

 

འོན་ཀྱང་ཤར་གླིང་དུ་རྟོགས་པའི་རང་རིགས་ལ་མཚོན་ན་བོད་ནས་སླེབས་པའི་གསར་འབྱོར་ཚོས་ཞིང་འབྲོག་གཉིས་ནས་ཤ་མར་ཐུད་གསུམ་སྤྱོད་སྟངས་དང་། སྔོ་ཚོད་དང་ཤིང་ཏོག་དེ་ཙམ་མིན་པའི་རྩམ་པ་དང་གྲོ་བཅས་འབྲུ་རིགས་ཀྱིས་བཟོས་པའི་ཟས། ཆུ་ར་འོ་མ་སྤྱོད་སྟངས་མང་བ་དང་། རྒྱ་བལ་འབྲས་གསུམ་ལ་བསྡད་དུས་ཀྱང་ཡུལ་ལུང་རང་གི་ཟས་རིགས་དག་སྤྱོད་མྱོང་ཡང་། མགོ་སེར་ལུང་པར་འབྱོར་རྗེས་གང་ཐུབ་ཀྱིས་ཟས་སྤྱོད་སྟངས་ཏེ་སྤྱི་མཚུངས་ལྟར་ན་ཚིགས་ཇ་འཐུང་རྒྱུ། མངར་མོའི་རིགས་སྣ་ཚོགས་ཉིན་རེའི་དུས་གསུམ་དུ་སྤྱོད་རྒྱུ། གྲང་ཚལ་རིགས་སྤྱོད་རྒྱུ། རྗེན་པའི་རིགས་སྤྱོད་རྒྱུ་སོགས་ལའང་ཟ་སྟངས་སྦྱོང་དགོས། ཟས་རིགས་དེ་འདྲ་འཕྲོད་བསྟེན་ལ་ཕན་ལུགས་བཤད་མཁན་མང་བའི་རྐྱེན་གྱིས་དེར་གོམས་ལོབ་ཡག་པོ་མ་སོང་སྟབས་སྦྱོད་འདོད་ཀྱང་ཐོག་མའི་དུས་སུ་ལྕམ་སྐུ་ཞབས་ཀྱི་འགྲོ་སྟངས་སྦྱོང་སྙིང་འདོད་པ་དུས་མཚུངས་སྒེར་གྱི་འགྲོ་སྟངས་ཀྱང་བརླགས་ཅེས་པའི་དཔེ་ལྟར་གྱི་གོ་རིམ་བརྒྱུད་དགོས་པ་ཆགས་ཀྱི་འདུག ཕྱོགས་གཞན་ཞིག་ནས་གཟུགས་པོའི་འཕྲོད་སྦྱོར་རམ་གནས་སྟངས་ལ་གཞིགས་ནས་ཟས་སྦྱོར་ལུས་སྦྱོང་བཅས་དགོས་པ་ལས་ཐ་གཅིག་ཏུ་གཞན་གྱི་རྗེས་སུ་འབྲང་སྡོད་ན་ཕན་པ་མེད་ཁར་གནོད་མཁན་ཡང་ཡོང་རྒྱུ་རེད་འདོད། འོན་ཀྱང་ཕྱི་ལུགས་ཀྱི་ཟས་རིགས་ངོ་མ་སོ་སོར་འཕྲོད་མཁན་ཡོད་ངེས་དེ་དག་གིས་ཅི་ཕན་གནང་ན་ལེགས་སོ་སྙམ།

 

 

 

༣། འདོད་ཡོན་ལྔ་ལ་ལྟ་ཚུལ་མི་འདྲ་བ།

 

བླ་མའི་གསུངས་ལྟར་སྤྱིར་ན་མི་ལུས་ལེན་པ་ཙམ་གྱིས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད། དགའ་སྐྱོ་ཆགས་སྡང་ཡང་དགོས་འདུན་གཅིག་མཚུངས་ཡིན་པ་དང་། ཡུལ་ལུང་གི་གོམས་སྲོལ་དང་ཆ་ལུགས་ཟ་སྟངས་མི་འདྲ་ཙམ་ལས་གཞན་ཅིའང་མིན། འོན་ཀྱང་སོ་སོའི་བསམ་བློའི་ཤེས་རིག་དང་། ལ་རྒྱ་དང་འདུ་ཤེས་འཛིན་སྟངས་མི་གཅིག་པའི་རྐྱེན་གྱིས་མི་ཚེའི་རིན་ཐང་འཇོག་སྟངས་ཀྱང་མི་མཚུངས། དེའི་ནང་གུས་མོའི་ཚོར་སྣང་ཤུགས་ཆེར་ལྟར་ན་དམིགས་བསལ་དུ་ནང་ཆོས་ཀྱི་མིང་ཚིག་ལྟར་ན་ཤར་ནུབ་གཉིས་ཀྱི་མི་ཚོས་འདོད་ཡོན་ལྔ་སྟེ། གཟུགས། སྒྲ། དྲི། རོ། རེག་བྱ་ལྔ་ཙམ་ལའང་ངོས་འཛིན་བྱེད་སྟངས་སྐོར་མི་འདྲ་ས་མང་པོ་འདུག་བསམ་པ་དེས་མིའི་བསམ་བློ་དང་ཀུན་སྤྱོད་གཉིས་ལའང་ཁྱད་པར་ཆེན་པོ་བཟོ་གི་ཡོད་པ་རེད་སྙམ།

 

 

ངས་མཐོང་མྱོང་བའི་ས་སྐྱེས་རྡོ་སྐྱེའི་ཡུལ་མི་མགོ་སེར་འགའ་ཡིས་ལེགས་བཤད་ལྟ་བུའི་སྤོབས་པ་ཞིག་ལ་བགྲང་རྒྱུར་དགའ་བ་ནི་འདོད་ལྡན་སྐྱེ་བོའི་ལུས་སེམས་གཉིས་ཀྱི་རེ་བ་དེ་ཧུར་བརྩོན་ཆེན་པོས་བསྐང་ཐབས་དགོས་ཚུལ་བཤད་ལ། འདོད་ཡོན་ལྔ་ལ་གཙིགས་ཆེན་འཛིན་ནས་དེར་ཇི་ཙམ་ལོངས་སྤྱོད་ཐུབ་ན་དེ་ནི་གང་ཟག་དེ་ཁེངས་སྤོབས་སྐྱེ་འོས་ཤིང་ཁེ་བཟང་ཆེན་པོར་བརྩི་སྲོལ་འདུག་པ་མ་ཟད། འདོད་ཡོན་ལྔ་དང་འབྲེལ་ནས་དེར་ཆེད་ལས་སུ་འཇོན་ནུས་ཧ་ཅང་དོ་དབྱིངས་ཅན་ནམ་མི་འདྲ་བ་རེ་ཐོན་སོང་ན་དེ་ལ་ཆེད་ལས་མཁས་པའི་གྲལ་དུ་བརྩིའམ་ཚུད་ཀྱི་ཡོད། དེ་སྔོན་ངས་དགེ་འདུན་པ་ཞིག་ལ་འདོད་ཆགས་དང་བརྩོན་འགྲུས་ཆེན་པོ་གཉིས་ལ་མི་འདྲ་ས་གང་འདྲ་ཡོད་དམ་ཞེས་དང་། དེའང་དོན་དག་ཅིག་ལ་ལུས་སེམས་གཉིས་ནས་དོ་འཁུར་ཧ་ཅང་ཤུགས་ཆེན་ནམ་ཚད་གཞི་བརྒལ་བ་བྱས་པ་དེ་འདོད་ཆགས་རེད་དམ་བརྩོན་འགྲུས་རེད་ཅེས་པར་དགེ་འདུན་པ་ཁོང་གིས་དེ་ནི་དགེ་སྡིག་གི་བྱ་བ་གང་ཡིན་མིན་དང་སེམས་ཀྱི་ཀུན་སློང་ལ་གཙོ་བོ་རག་ལུས་ལུགས་གསུངས་སོང་། འོན་ཀྱང་ངའི་སེམས་ནང་དེ་མུར་དགེ་སྡིག་གི་ས་མཚམས་ལའང་མུ་བཞི་བརྩི་སྟངས་ཡོད་སྲིད་པ་རེད་དྲན་སོང་། དེ་འདྲ་ཡིན་ཚེ་རྨོངས་འཆར་ལ་འོ་ན་འདོད་ཡོན་ལྔ་ཀའི་ཡོན་ཏན་དེ་དག་གང་ལེགས་གང་མཛེས་ངོམས་བཟོ་བྱས་ཏེ་མི་རྣམས་ཀྱི་ལུས་སེམས་གཉིས་ལ་ཆོས་ཚུལ་ལྟར་ན་བདེ་བ་ཆུང་ངུ་ཡིན་ཀྱང་སྤྲོ་སྣང་སྟེར་ཐབས་དང་། མཛེས་རིས་ཡོངས་ཕྱོགས་གཅིག་ཏུ་སྤུངས་ནས་མི་ཚེའི་མཐོང་སྣང་གི་མཛེས་ཆོས་ཀྱིས་སྤྲོ་བ་སྦྱིན་ཐབས་བྱེད་ན་དེ་དགེ་ལས་སུ་ལོས་འགྲོ འདིའི་ཕྱོགས་ང་ཚོ་ཕལ་པའི་སྤྱི་ཚོགས་སུ་བཤད་སྟངས་དང་ངོས་འཛིན་སྟངས་དེ་ཙམ་རྒྱ་ཁྱབ་སོང་མེད་པ་གང་ཞིིག ང་ཚོའི་རིགས་ཀྱི་སེམས་ཁམས་སུ་འདོད་ཡོན་ལྔ་ཚུད་འཇིག་རྟེན་པའི་བྱེད་ལས་འདི་དག་ནི་དེ་ཙམ་བརྩོན་བྱ་གཙོ་བོར་བརྩི་བཞིན་མེད་པའི་སྒྱིད་ལུག་དང་ལེ་ལེའི་རྩ་བ་དེ་ཐུག་པོ་རེད་འདུག་སྙམ།

 

སྤྱི་དམངས་ནས་སྦྱོང་དགོས་ངེས་ལ་སྔར་བཞིན་རོལ་དབྱངས་ཚོགས་ཀྱི་ཉིང་བཅུད་སྦྱང་མཐར་ཡིད་འོང་དང་ཡང་ན་འཇིགས་སུ་རུང་བའི་སྒྲ་དབྱངས་གང་རུང་གིས་མི་རྣམས་ཀྱི་སེམས་ལ་ཀུན་སློང་སྣ་ཚོགས་བརྒྱུད་མི་ཚེའི་དོན་སྙིང་བཟང་པོ་ཞིག་འགྲེལ་ཐབས་བྱས་ན་དགེ་ལས་སུ་ལོས་འགྲོ ཟས་སྣ་ཕུན་སུམ་ཚོགས་པ་རྣམས་གཡོ་བསྐོལ་ལ་སྦྱོང་ཞིང་ཧུར་ཐག་བྱས་མཐར་ངས་མི་རྣམས་ཀྱི་ལུས་སེམས་གཉིས་ཀྱི་ལྟོགས་པ་སངས་ཅིང་ཞིམ་མངར་རོ་བཅུད་ལ་ལོངས་སུ་སྤྱོད་པ་དུས་མཚུངས་དགའ་སྣང་གི་བཅུད་ལ་རོལ་བཅུག་ན་དེ་དགེ་ལས་སུ་ལོས་འགྲོ

 

སེམས་ཁོངས་རུས་པའི་གསེང་གི་བརྩེ་བ་དང་བྱམས་བརྩེ་ལུས་ནས་མཚོན་ཕྱིར་ངས་གཞན་ལ་འཐམ་པའམ་འོ་སྦྱིན་པ། ལག་ནས་འཆང་ནས་མཛའ་བརྩེའི་མཚམས་འདྲི་བྱེད་པ། གཞན་ལ་དགོས་མཁོའི་དུས་སུ་ངས་ཧུར་ཐག་གིས་གང་ས་ཅིའི་ཐད་ནས་རོགས་ཕན་བྱེད་པ། ངས་ཕོ་མོའི་དབར་ལ་བརྩེ་དུང་གཏིང་ཟབ་ཏུ་ཡོང་ཕྱིར་གང་ཟག་ཕྱོགས་གཉིས་ལ་དགོས་མཁོའི་གཉིས་སྦྱོར་གྱི་བདེ་བ་དེ་ཙམ་ལའང་གང་ལེགས་སྟེར་ཐབས་བྱེད་པ། འོན་ཀྱང་དེའི་སྐོར་བཤད་ཡོང་དུས་ང་ཚོས་གྲྭ་པ་ལོག་མིན་སྐོར་བུད་མེད་སྤྱོད་ན་དེ་མུར་སྡོམ་པ་ཤོར་འགྲོ་བའམ་ལོག་པའི་ས་མཚམས་གསལ་པོར་བཀོད་ཡོད་ཅིང་དེ་ལས་ངན་གྱི་གཤེ་མ་ལྟ་བུར་ངོས་འཛིན་བྱེད་པ་ལས་གཞན་མི་བསད། རྐུ་འཕྲོག་ཇག་འཕྲོག་སོགས་བྱས་ཀྱང་དེ་ལ་མུ་བརྩི་སྟངས་ཀྱིས་གཡོལ་ས་ཡོད་པ་ཞིག་བཟོས་ཟིན་པ་འདིའང་ཟུར་འཕྲོས་ཙམ་ཡིན། གོང་བཞིན་ངས་ཆུང་བྱིས་པ་ཚོར་སྙིང་ཉེ་ཉེའི་སྒོ་ནས་བྱིལ་བྱིལ་དང་རྒན་རབས་རྣམས་ཀྱི་ལག་ནས་འཆང་ཞིང་སྐྱོང་བ་དང་སྐྱོར་བ་སོགས་བྱས་ནས་ཕན་ཐབས་བྱས་ན་དེ་དགེ་ལས་སུ་ལོས་འགྲོ

 

གླུ་གཞས་ཧུར་ཐག་འབད་ཐག་སྦྱང་རྗེས་མི་རྣམས་ལ་དུས་ཡུན་སྙན་པའི་ངག་དང་རོལ་དབྱངས་ཀྱིས་སེམས་གསོ་བའམ་མཐོ་དད་སར་མཆོད་པའི་ཚུལ་གྱི་བརྩི་འཇོག་དགོས་པའི་སྐྱེས་རབ་དང་ཉམས་ཆུང་དམངས་ཡོངས་ལ་རོལ་མོས་བདེ་ཞིང་སྤྲོ་བ་སྟེར་ཐུབ་ན་སྙམ་པའི་བསམ་བློས་ཀུན་ནས་བླངས་ཏེ་གླུ་གཞས་གཏོང་ན་དེ་ནི་དགེ་བ་གཞན་དང་གཅིག་མཚུངས་བྱེད་ལུགས་མི་འདྲ་བ་ཙམ་ལས་དགེ་ལས་ཁོ་ནར་ངེས་ཤིང་གཞན་ཕན་ཞིག་ལོས་ཡིན་དགོས་བསམ་གྱི་འདུག

 

 

འོན་ཀྱང་སྤྱིར་ན་ཆོས་པ་ངོ་མ་ཞིག་ཡིན་ན་གཞས་གླུ་བྲོ་གསུམ་ཚུད་འཇིག་རྟེན་པའི་འདོད་ཡོན་ལྔ་ལ་ལོངས་སུ་སྤྱོད་སྟངས་དེ་ནི་ཐོག་མ་ནས་དུས་ཚོད་འཕྲོག་བརླགས་གཏོང་བྱེད་དོན་དམ་པར་སྙིང་པོ་མེད་པའི་བྱ་བ་ཞིག་ལ་ངོས་འཛིན་བྱེད། གལ་ཏེ་དེར་འདོད་ཆགས་ཀྱི་སྲེག་པ་འགོག་མ་ཐུབ་པའམ་ཚད་བརྒལ་ན་སྡིག་པ་ཆེ་ཤོས་སུ་དུག་གསུམ་གྱི་གཞི་མར་གྱུར་བའི་རྒྱུ་རུ་ངོས་འཛིན་གསལ་པོ་ཡོད། འོ་ན་ནང་པ་ཚོས་ཡོངས་རྫོགས་སེམས་ལ་རག་ལུས་པར་དེ་ཡིན་ཚེ་འདོད་ཡོན་ལྔ་ལ་འདོད་ཧམ་མིན་པར་བློ་ཡིས་ཚོད་ཀྱི་སྙིང་པོ་དང་ལྡན་པའམ་དགོས་མཁོའི་དམིགས་བྱ་བཟང་པོར་གཙོ་འཛིན་གྱིས་ལོངས་སུ་སྤྱོད་པའམ་སྤྱོད་དུ་བཅུག་ཐབས་ཀྱིས་མིའི་རིགས་ཀྱི་ལུས་སེམས་གཉིས་ལ་བདེ་བ་ཆུང་ཡང་སྦྱིན་ཐབས་དེ་དགེ་ལས་ཁོ་ནར་ངོས་འཛིན་ལོས་དགོས།

 

 

གཙོ་བོ་ནུབ་ཕྱོགས་པས་འདོད་ཡོན་ལྔ་ལ་ལོངས་སྤྱོད་ཆེ་དྲག་པའམ་དེའི་ཚད་ཐིག་ཅིག་རྦེད་དེ་བརྒལ་ནས་འདོད་ཧམ་གྱི་ཚོད་དུ་བསྐྱེལ་སྟངས་དེས་རྐྱེན་གྱིས་སམ་དེའི་ཚད་དེ་ནང་པའི་བཤད་པའི་དུག་གསུམ་གྱི་ཐོག་མ་འདོད་ཆགས་ཀྱི་མཚམས་སུ་སླེབས་སྟབས་སྒེར་གྱི་ལུས་སེམས་གཉིས་ལ་མཇུག་འབྲས་ཅི་འདྲ་འོང་མིན་སྐོར་བསམ་བློ་ཞིབ་མོ་དེ་ཙམ་གཏོང་གི་མེད་ལུགས་ལྟར་མཐོང་གི་ཡོད་ཚོད། འོན་ཀྱང་དུས་མཚུངས་དམངས་ལ་སེམས་བསྐྱེད་ཀྱི་རྨང་གཞི་ངོས་ཟིན་རྗེས་ཧུར་བརྩོན་ཆེན་པོ་དང་འདོད་ཧམ་དབར་གྱི་ས་མཚམས་དེའང་ཧ་ཅང་གསལ་པོ་ཞིག་འགྲེལ་བརྗོད་དགོས་པ་ལས་འདོད་ཡོན་ལྔ་གོ་བ་ཙམ་གྱིས་སྡིག་ལས་སུ་འཇོག་ན་དཀྱུས་མ་རྣམས་ཀྱི་ཡིད་དུ་འཕྲུལ་སྣང་དུ་འགྲོ་བའི་ཉེན་ཁའམ་འཇིག་རྟེན་ལ་ལྟར་སྣང་གི་ཞེན་པ་ལོག་མཁན་ཇེ་མང་འགྲོ་བའམ་སྐྱ་མིན་སེར་མིན། མི་ཚེ་ཡ་མ་ཟུང་གིིས་རྫོགས་པའི་སྒྱིད་ལུག་ཅན་རྣམས་གསོ་སྐྱོང་བྱེད་སའི་ཁོར་ཡུག་ཆེན་པོ་ཞིག་བསྐྲུན་བཞག་པ་དེ་འདྲ་ཞིག་མིན་འགྲོ་བསམ། གང་ཡིན་ཟེར་ན། ཆོས་ནང་འཁོར་བ་སྡུག་གི་མཚོ་མོ་ཞེས་གཏན་འཁེལ་བ་དེས་ཞིབ་དཔྱོད་བརྒྱུད་ཤེས་དགོས་རྒྱུ་ཞིག་ཡིན་ཡང་། དཀྱུས་དམངས་རྣམས་ལ་དེས་ཐོག་མ་ཉིད་ནས་ཅི་བྱས་ཀྱང་བློ་མི་བདེ་བའི་རེ་བ་སྟོང་ཟད་ཀྱི་སེམས་ཁམས་ཤིག་བསྐྲུན་ཚར་འདུག་བསམ་སོང་།

 

 

༤། ཕོ་མོའི་གཉེན་སྒྲིག་ལ་ལྟ་ཚུལ།

 

དེ་སྔོན་ངས་ནུབ་ཕྱོགས་མགོ་སེར་ལུང་པའི་མི་ཚོས་ཕོ་མོའི་དབར་གྱི་འདོད་ཡོན་ནམ་ང་ཚོས་བཤད་སྲོལ་ཡོད་པ་ལྟར་ན་འཆལ་སྤྱོད་སྐོར་ཧ་ཅང་རང་སྣང་གང་ཤར་རམ་གང་བྱུང་མང་བྱུང་འདྲ་མཐོང་སྣང་བྱུང་མྱོང་བ་དེ་དོན་དངོས་ཐོག་ཚང་མ་དེ་འདྲ་རང་རེད་མི་འདུག་ཟེར་རྒྱུ་ཡིན། སྔར་གྱི་རྨོངས་འཆར་ལས་ལྡོག་སྟེ་ངས་དེའི་སྐོར་རྒྱུས་ལོན་ཏོག་ཙམ་བྱས་པ་ལྟར་ན། ཡཱེ་ཤུ་ཆོས་དཔེའི་ནང་བཟའ་ཟླ་ཕོ་མོ་གཉིས་ནས་དེ་མིན་གཞན་ལ་ལོག་གཡེམ་བྱ་བ་དེ་དང་། རིགས་མཐུན་དགའ་རོགས་སམ་གཉེན་བསྒྲིག་སྐོར་ངོ་རྒོལ་གསལ་པོ་ཡོད་པ་ཞིག་རེད་འདུག ཡིན་ཡང་ནུབ་ཕྱོགས་སུའང་ཕོ་མོའི་བརྩེ་ཞེན་སྐོར་ལྟ་སྟངས་གསར་པོའམ་ཁོང་ཚོས་བཤད་ན་ཡར་ཐོན་ཞིག་ཡོད་པ་དེ་ནི་སྒེར་གྱི་འདོད་དོན་གཙོ་བཟུང་གིས་དེ་བརྩོན་ལེན་བྱེད་རྒྱུ་དང་། ཕན་ཚུན་དབར་གྱི་བརྩེ་ཞེན་བརླགས་སོང་ན་དེ་མུར་ཁ་བྲལ་དགོས་པ་བཤད། ངོ་ཤེས་མགོ་སེར་གཅིག་གིས་དེའི་སྐོར་གྱོན་ཆས་རལ་ཚར་བ་ཞིག་ལ་ལྷེན་པ་དགུ་བརྩེགས་བརྒྱབ་པ་ལས་གསར་པ་ཞིག་ཉོས་ན་དགའ་ཞེས་པའི་དཔེ་དེ་འདྲ་ཞིག་ཀྱང་བཤད་སོང་། གཉེན་བསྒྲིག་སྐོར་བཟང་པོ་ཞིག་མཐོང་བ་དེ་ནི་ཆོས་དཔེའི་ནང་དོན་དང་སྤྱི་སྒེར་སུའི་ཁེ་ཕན་དང་བཟང་སྤྱོད་ལ་བསྟུན་ནས་སོ་སོའི་བཟའ་ཟླའམ་ཆུང་མར་བརྩེ་དུང་གི་རྒྱུན་ཐག་མ་ཆད་པར་བཅང་ཞིང་། རྒྱུན་གཏན་དུ་འཆལ་སྤྱོད་དམ་ལོག་གཡེམ་ལ་འཛེམས་ཟོན་བྱེད་པ། དེ་བཞིན་གཉེན་བསྒྲིགས་ཟིན་པའི་བརྩེ་ལྡན་གྱི་བཟའ་ཚོ་གཉིས་བུ་རྒྱུད་རྣམས་སྐྱེད་བསྲེང་དང་ཁྱིམ་ཚང་གི་བདེ་སྐྱིད་ཀྱི་འཚོ་བ་སྐྱོང་ནས་མི་ཚེའི་མཐར་བསྐྱེལ་མཁན་ཚོར་ཡིད་སྨོན་དང་བརྩི་འཇོག བསྟོད་ལུགས་ཁྱད་པར་བ་ཞིག་ཀྱང་ཡོད་འདུག

 

དུས་མཚུངས་སུ་ངས་ཡིད་ལ་དྲན་འོང་བ་ཞིག་ནི་ང་ཚོའི་རིགས་ཀྱི་ཞིང་འབྲོག་ཁུལ་དུ་སྲོལ་རྒྱུན་དུ་སྐྱེས་པ་གཅིག་ལ་མནའ་མ་མང་ཞིང་། བུད་མེད་ཅིག་ལ་ཁྱོ་ག་མང་བའི་སྲོལ་རེ་ཟུང་ཡོད་པ་དང་། ཁྱོ་ག་རེ་ཟུང་གིས་བུད་མེད་གཞན་ལ་ལོག་གཡེམ་ཚད་གཞི་བརྒལ་ཞིང་། ཁྲིམས་གང་གིས་ཀྱང་སྟངས་འཛིན་བྱེད་མེད་ཅིང་བྱེད་སྲོལ་མེད་པ། བྱེད་ཀྱི་མེད་པ་མ་ཟད། སྐྱེས་པས་བུད་མེད་གྲངས་ཀ་བརྒྱ་བརྒལ་བའི་ཚུལ་གྱིས་ལོག་གཡེམ་བྱས་ཚུལ་ལམ་དེར་འུར་བརྗོད་ཀྱང་བྱེད་མཁནརྣམས་ཀྱིས་ངན་གོམས་དེ་སྒེར་གྱི་ཁེངས་དྲེགས་དང་སྤོབས་པ་ཞིག་བརྩིས་ནས་འུར་བརྗོད་བྱེད་མཁན་ཡོད་པའི་ཀླ་ཀློའི་འདས་སོང་དེ་དག་དྲན་ཡོང་དུས་སེམས་ནས་དགོད་མོ་མི་འཆོལ་སུ་ཞིག་ཡོད་བསམ་པའང་བྱུང་།

 

 

 

༥། སྲོལ་རྒྱུན་རྒྱུད་འཛིན་བྱེད་སྟངས་སྐོར།

 

 

ཕོ་མོའི་བརྩེ་དུང་དང་རྒན་བཀུར་གཞོན་གཅེས་སྐོར་སྤྱིའི་ཆ་ནས་ཤར་ནུབ་གང་ཡིན་ཡང་མིའི་རིགས་ཡོངས་གཅིག་མཚུངས་ཡིན་ཆོག་ཀྱང་། བརྩེ་ལྡན་གྱི་མགོ་སེར་དེ་ཚོས་སྔ་ཕྱིའི་དུས་ཚོད་གང་ཡིན་ཡང་ཕོ་མོའི་བརྩེ་དུང་དེ་མི་ཚེའི་སྙིང་པོའི་གྲལ་གཙོ་བོར་གཙོ་བཟུང་བྱེད་ལ་ཕ་རོལ་པོའི་ཆེད་དུ་སྒེར་གྱི་ཡོངས་རྫོགས་གཏོང་ཕོད་ཅན་ལ་ཡིད་སྨོན་བྱེད་སྲོལ་འདུག ཡིན་ཡང་སོ་སོ་སྡོད་མྱོང་བའི་རྒྱ་གར་ནག་གཉིས་དང་བལ་ཡུལ། ཐཱེ་ཝན་བཅས་སུ་འགྲོ་མྱོང་བའི་ཉམས་མྱོང་ཅུང་ཙམ་ལ་བསམ་ན། ཤར་གླིང་གི་མི་ཚོས་ཟེར་སྲོལ་ཡོད་པ་བཞིན་སྲོལ་རྒྱུན་དང་ལམ་ལུགས། ཤེས་རིག་རྙིང་པ་ཚང་མར་གསར་བརྗེ་ཞིག་བྱེད་འདོད་ཆེ་བའི་ཕྱི་ཚུལ་ནུབ་ཕྱོགས་པའི་དར་སྲོལ་གྱི་རླུང་གཡུག་སྟངས་ཀྱི་ཟེར་གྲོས་ལ་ཧོར་རྒྱུགས་དང་མི་འདྲ་བ་མགོ་སེར་ལུང་པའི་མི་ཚོས་དེང་རབས་ཉི་ཤུ་ཡར་ཐོན་ཅན་ཟེར་སྲོལ་ཡོད་པའི་དེང་དུས་ཀྱང་སོ་སོའི་མེས་པོ་ནས་བརྒྱུད་འོང་བའི་སྲོལ་རྒྱུན་གྱི་ལུགས་སྲོལ་མང་པོ་ཞིབ་ཅིང་ཕྲ་བའི་སྒོ་ནས་བརྒྱུད་འཛིན་ཡོད་པ་དེའང་སྤྱི་ཚོགས་ཡོངས་ཀྱི་མཛད་སྒོ་དང་། དེ་མིན་ཁྱིམ་ཚང་གི་ཁྱབ་ཁོངས། མི་སྒེར་གྱི་ཉིན་ཞག་དུས་དྲུག་ཏུ་སོ་སོའི་དགའ་མོས་དང་དད་གུས་ཡོད་པའི་སྲོལ་རྒྱུན་དེ་དག་ལག་བསྟར་བྱེད།

 

 

ལོ་རྒྱུས་ཐོག་མགོ་སེར་ཚོས་ཀྱང་སྲོལ་རྒྱུན་ལ་གང་མཚམས་གསར་གཏོད་བརྒྱུད་ཡར་རྒྱས་སོང་བ་བདེན་ཡང་།  དེ་ལས་ལྡོག་སྟེ་ཁོ་ཚོས་སྲོལ་རྒྱུན་གྱི་ལམ་ལུགས་བཟང་པོ་མང་པོ་ཞིག་ད་དུང་ཡིན་ཡང་རྒྱུན་འཛིན་དོ་ནན་བྱེད་སྲོལ་ཡོད་པ་ཙམ་མ་ཟད། དེའང་རྗེས་རབས་པའི་ནང་སྲོལ་རྒྱུན་དེ་དག་བརྒྱུད་སྤེལ་ཡང་བྱེད་བཞིན་པ་ངས་མཐོང་ཐོས་མྱོང་གསུམ་བྱུང་། ད་དུང་ཤར་གླིང་པ་ཚོས་གང་ས་ཅིའི་ཐད་ནས་ལད་ཟློས་བྱེད་སའི་ནུབ་ཕྱོགས་མགོ་སེར་ལུང་པ་ནས་ཆོས་ལུགས་དད་འདུན་སྐོར་སྒེར་གྱི་ཉིན་ཞག་དུས་དྲུག་ཏུ་ལག་བསྟར་དང་སྤྱོད་སྒོ་དམ་ཟབ་ཡོད་པ་ལས་ཆོས་དད་དུག་ལ་བརྩི་སྲོལ་རྩ་བ་ནས་མིན་འདུག་ཟེར་ནའང་འགྲིག་གི་ཡོད་པ་འདྲ།

 

 

གོང་དང་ལྡོག་སྟེ་ང་ཚོའི་ངོས་ནས་ཆོས་སྲིད་གཉིས་མཉམ་བསྲེས་བྱས་ནས་ལོ་མང་སོང་ཞིང་། དེ་གཉིས་ཀྱི་ཕྱོགས་གཙང་མའམ་ཆོས་སྲིད་ཟུང་འབྲེལ་གྱི་སྐྱོན་མང་པོ་མཐོང་གི་ཡོད་ལ་དེ་གཉིས་འཇིག་རྟེན་པའི་སྤྱོད་སྒོའི་ནང་ས་མཚམས་གསལ་པོ་མེད་པའི་དཀའ་ངལ་ལ་མཐོང་གི་ཡོད། དེའང་ཡིན་ཏེ་ཆོས་དད་གཙང་མ་མིན་པའི་རྨོངས་དད་ཀྱི་བྱེད་སྒོ་མང་པོས་ང་ཚོས་ཆོས་སྲིད་གཉིས་ལ་རྨ་ཁ་ཚབ་ཆེན་བཟོས་པས་རེད། ལོ་རྒྱུས་ཐོག་སོ་སོའི་དམིགས་ཡུལ་འགྲུབ་ཕྱིར་ཆབ་སྲིད་སྤྱོད་དེ་ཆོས་སྒྲུབ་ཐབས་དང་། ཆོས་ལུགས་ཁ་ལ་འཁྱེར་ནས་ཆབ་སྲིད་བསྒྲུབ་འདོད་རིགས་ཀྱི་དཔེ་མཚོན་མི་ཉུང་བ་ཞིག་ཡོད་པ་རེད།

 

 

ཡིན་ཡང་མགོ་སེར་ཚོས་དེ་གཉིས་ཀྱི་ཕྱོགས་མང་པོའི་ས་མཚམས་ཧ་ཅང་གསལ་པོ་འདུག་སྙམ། འདིར་མངོན་མཚན་ཆེ་བའི་དཔེ་མཚོན་གཅིག་ནི། འཇིག་རྟེན་པའི་བྱེད་སྒོའི་ནང་རྒྱལ་ཁབ་ཀྱི་དབུ་འཁྲིད་གདམ་ཐོན་གྱི་དམ་བཅའི་མཛད་སྒོའི་སྐབས་སུ་གང་ཟག་གིས་ངེས་པར་དུ་ལག་པ་དཔེ་ཆའི་ཐོག་བཞག་ནས་དཔང་མིར་མནའ་བསྐྱེལ་དམ་བཅའ་དགོས་པ་དེ་ཆོས་ཕྱོགས་ཀྱི་བྱ་བ་ཞིག་ཡིན་ངེས་ཀྱང་། དེ་རྗེས་སྲིད་འཛིན་གྱིས་དོན་ངོ་མ་འཇིག་རྟེན་པའི་བྱེད་སྒོར་གཙོ་བོར་འཇུག་དགོས་ཤིང་། ཁོང་ཚོས་འཇིག་རྟེན་པའི་ཆབ་སྲིད་ཀྱི་སྤྱོད་སྒོའི་ནང་ཆོས་དཔེའི་ནང་དོན་འཁྱེར་ཡོང་ནས་མི་རྣམས་ལ་བཙན་བཀའ་གཏོང་ས་རྩ་བ་ནས་མེད་པར་ཁྲིམས་དང་སྒྲིག་གཞིས་སྟངས་འཛིན་དོ་ནན་ཡོད་པས་རེད།

 

 

དམིགས་དཔེ་འདི་འདྲ་ཡོད་སྟབས་དེ་སྔོན་ང་ཚོའི་གྲོས་ཚོགས་སུ་སྤྱི་མི་ཚོས་མནའ་བསྐྱེལ་དམ་བཅའ་དུས་གོང་ས་མཆོག་ལྟ་བུའི་རྩ་བའི་བླ་མ་ཞིག་གི་སྐུ་མདུན་ནས་དམ་འཇོག་བྱེད་ན་བཅས་ངས་གྲོས་འགོ་ཅིག་བཏོན་པ་དྲན་གྱི་འདུག་ཀྱང་དེར་སུ་གཅིག་གིས་དོ་སྣང་ཙམ་ཡང་བྱེད་མ་སོང་། སྐབས་དེར་ངས་སེམས་སུ་འཇིག་རྟེན་པའི་བྱེད་ལས་སུ་ཁེས་ལེན་དམ་བཅའ་མང་པོ་བྱས་མཐར་རྗེས་ནས་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་དེར་བྱིས་པའི་རྩེད་མོ་ཙམ་ལ་གྱུར་བའི་དཔེ་མཚོན་སྔོན་དང་བསྡུར་ན་ཅུང་མང་པོ་ཡོད་ཀྱང་། གལ་ཏེ་སྒེར་གྱི་མི་ཚེའི་ནང་རྩ་བ་ནས་འགྱུར་ལྡོག་གཏོང་རྒྱུ་མེད་པ་ཞིག་ཡོད་ན་ནི་ཆོས་ཕྱོགས་དད་འདུན་གྱི་ཁེས་ལེན་དམ་བཅའ་དེ་ཡིན་དགོས་པ་རེད་བསམ་བྱུང་། དེ་ལས་ལྡོག་སྟེ་ཆབ་སྲིད་ཕྱོགས་ཀྱི་དམ་བཅའ་ནི་དུས་འགྱུར་ལ་བརྟེན་ནས་འགྱུར་བ་གཏོང་དགོས་ངེས་ཀྱང་ཡོད་པ་ཞིག་རེད། འོན་ཀྱང་ཆོས་ལུགས་ནང་དམ་བཅས་པ་དེ་ལའང་འགྱུར་འགྲོ་བ་རིགས་ཉུང་ཤོས་ཡོད་ཀྱང་དེ་ནི་ཁྱབ་ཆེན་པོ་ཞིག་མེད་པ་ནི་དུས་འགྱུར་དང་འབྲེལ་བ་མེད་པ་མ་ཟད། དེ་འདྲའི་འགྱུར་ལྡོག་ཅི་འདྲ་བྱུང་ཡང་དད་པའི་ཡུལ་གྱི་བླ་མའི་སྐུ་མདུན་ནས་མནའ་བསྐྱེལ་དམ་བཅས་བཞག་པ་དེར་འགྱུར་བ་རྩ་བ་ནས་གཏོང་རྒྱུ་མེད་པ་ཞིག་ལ་ཚང་མས་མཐོང་ཆེན་བྱེད་སྲོལ་ཡོད་པ་རེད།

 

 

གཙོ་བོ་མིའི་སྤུས་ཚད་ལ་རག་ལོས་ངེས་ཀྱང་། ང་ཚོའི་རིགས་ཕལ་ཆེར་གྱིས་ཧ་ཅང་དོ་ནན་བྱེད་སྲོལ་ཡོད་པའི་དམ་བཅའ་དེ་ནི་འཇིག་རྟེན་པའི་ཁེས་ལེན་དམ་བཅའ་དེ་མིན་པར་སྤྱི་ཡོངས་ནས་ཆོས་ཕྱོགས་ནས་མནའ་བསྐྱེལ་ཐོ་བཙུགས་བཞག་པའི་དད་པའི་དམ་བཅའ་དེ་སྔར་བའི་སྲ་བརྟེན་འགྱུར་མེད་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པས་རེད།    

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།