ཕྱི་རྒྱལ་ནས་སྡུག་ཡུས་འདི་དག་སུ་ལ་བཤད།

images/stories/arts 3.jpg
ཕྱི་རྒྱལ་ནས་སྡུག་ཡུས་འདི་དག་སུ་ལ་བཤད།

Helpless and melancholy emotions

無奈與惆悵的情緒             

ཕ་ཡུལ་བོད་དང་ཡུལ་གྱར་རྒྱ་གར་དུ་སྡོད་དུས་རིགས་མཐུན་སྤུན་ཟླ་མང་པོས་ཕྱི་རྒྱལ་མགོ་སེར་གྱི་རྒྱལ་ཁབ་ཅིག་ལ་འགྲོ་ཐུབ་ན་དེ་ནི་མི་ཚེའི་ཕུག་བསམ་ལེགས་གྲུབ་བྱུང་བའམ་ལྷ་ཡུལ་ལྟ་བུ་ཞིག་ལ་སླེབས་ཚར་བའི་རེ་སྨོན་འཆང་གི་ཡོད་པ་ངས་ཤེས་ཀྱི་ཡོད།

བླ་མ་རེ་ལ་ཆོས་ལུགས་རེ་ལུང་པ་རེར་ལམ་ལུགས་རེའི་དཔེ་ལྟར་ང་ཚོ་བོད་ལའང་གནའ་དེང་གཉིས་ཀྱི་སྤྱི་ཚོགས་སུ་དགེ་སྐྱོན་གཉིས་ཀྱི་ཆ་ལོས་ཡོད་ཀྱང་། གཙོ་བོ་ཕལ་པའི་སྤྱི་ཚོགས་སུ་ནུབ་ཕྱོགས་པ་ཚོ་ཕྱིའི་དངོས་པོ་དར་ཆེ་བའི་རྐྱེན་གཙོ་བོར་བརྟེན། སྲོལ་རྒྱུན་དུ་ང་ཚོ་ལྷ་འདྲེ་གདོན་འགེགས་ཀྱི་བཤད་གླེང་འོག་འཚར་ལོང་བྱུང་བའི་རྐྱེན་མིན་འགྲོ དུས་གཅིག་ལ་ནུབ་ཕྱོགས་མགོ་སེར་ལུང་པར་འགྲིམས་རྒྱུ་བྱུང་ན་ལྷ་ཡུལ་ལ་སླེབས་པ་བཞིན་དགའ་ཚོར་བརྩི་མཁན་གཅིག་རྗེས་གཉིས་མཐུད་ལྟ་བུ་འཚང་ཀ་འདྲ་མཐོང་སྣང་བྱུང་།

 

དེའང་གཙོ་བོ་ནུབ་ཕྱོགས་ལུང་པར་ཁོ་ཚོའི་ལུང་པ་སྐྱོང་སྟངས་ཡག་པོ་ཡོད་པ་དང་གཅིག ཁོར་ཡུག་གཙང་སྦྲ་དོད་པ་དང་གཉིས། ཁྲིམས་དང་སྒྲིག་སྲོལ་ལ་བརྩི་སྟངས་ལེགས་པ་དང་གསུམ། འཚོ་སྐྱོང་སྐོར་གྱི་ཤེས་བྱ་ཟབ་པ་བཅས་གཙོ་བོར་གྱུར་བའི་ལེགས་ཆ་མཐོང་དུས་ངོ་མ་རང་རེའི་ཕྱིའི་དངོས་པོའི་རིགས་རྗེས་ལུས་ཀྱི་ཆ་ལྡོག་ཕྱོགས་ནས་འགའ་ཡང་མངོན་གསལ་དོད་དུ་འགྲོ་བཞིན་འདུག་སྟབས་མཚམས་རེར་ཁག་གཅིག་ནུབ་ཕྱོགས་མགོ་སེར་ལུང་པར་འཚང་ཀ་བརྒྱབས་པ་དེའང་ཁག་མི་འདུག་ཀྱང་བསམ་མྱོང་།

                                                              

འོན་ཀྱང་དོན་དམ་པར་སོ་སོ་ལུང་པ་འདི་འདྲའི་ནང་དངོས་གནས་འཚོ་བ་བསྐྱེལ་དུས་མགོ་སེར་ལུང་པ་འདིའང་འཇིག་རྟེན་ཁམས་ཆེན་མོའི་ཆ་ཤས་སུ་རྟོགས་ཕྱིན་སྐྱོན་ཆ་ཡང་ལོས་ཡོད་དགོས་ལ་དེ་ལ་ཧ་ལས་ཧོན་འཐོར་དགོས་དོན་རྩ་བ་ནས་མེད།  དེ་སྔོན་ངས་དགེ་འདུན་པ་ཞིག་གིས་ཕྱི་རྒྱལ་བས་ཁྱི་ལ་བདག་སྐྱོང་བྱེད་སྟངས་དང་དེ་མིན་ང་ཚོའི་བོད་པའི་སྐྱོན་གྱི་ཕྱོགས་བྲིས་པའི་དྲ་རྩོམ་ཞིག་མཐོང་། དེའི་ནང་མགོ་སེར་ཚོས་ཁྱི་ལ་མཐོང་སྤྲད་སྟངས་ཡག་ལུགས་བཟང་ལུགས་སྐོར་ཞིབ་ཙམ་བྲིས་འདུག

 

 

མགོ་སེར་འདི་ཚོར་སྐྱོན་གྱི་ཆ་ནས་ཀྱང་ཡོད་པ་དེ་དག་ག་ལེར་ཕྱི་རྒྱལ་ཡུལ་གྲུར་ལོ་མང་སོང་ན་ཤེས་འོང་གི་འདུག ང་ཚོས་བོད་ཀྱི་སྲོལ་རྒྱུན་གྱི་ལམ་ལུགས་ལ་དགེ་མཚན་གཅིག་ཀྱང་མེད་པ་མིན་ལ། དེང་རབས་ཅན་དུ་རློམ་པའི་མགོ་སེར་ལུང་པར་དགེ་མཚན་མ་གཏོགས་སྐྱོན་མེད་པ་ལྟ་བུ་མཐོང་ན་དེ་ནི་མི་འོས་ཅིང་མི་སྲིད་པ་རེད།

ངའང་མགོ་སེར་ལུང་པ་ཞིག་ལ་སླེབས་ཡོད་སྟབས་འདི་ཕྱོགས་ཀྱི་མ་འགྲིག་མི་ལེགས་ཚུལ་བཤད་ན་ཅུང་དོགས་མི་བདེ་བ་འདྲའང་འོང་གི་འདུག་ཀྱང་། བསམ་བློ་སྔོན་དུ་གཏོང་ན་མཁས་པ་དང་འགྱོད་པ་རྗེས་ནས་སྐྱེས་ན་བླུན་པོའི་དཔེ་ལྟར་སོ་སོའི་ལུང་པར་ཡོད་པའི་མི་རྣམས་ཀྱིས་ལྷ་ཡུལ་རེད་ཟེར་བའི་འདི་ཕྱོགས་ཀྱི་སྐྱོན་ཡང་མཐོང་ན་སྒེར་གྱི་མ་འོངས་པའི་གདམ་ཁ་ལའང་ཕན་ཏོག་ཙམ་ཡོང་བའི་རེ་བས་བྲིས་པ་ཞིག་ཡིན།

 

 

 

ཕྱི་རྒྱལ་དུ་སླེབས་ནས་ལོ་མང་སོང་བ་རྣམས་རྨི་ལམ་གྱི་ཞིང་ཁམས་ཅེས་འབོད་སྲོལ་ཡོད་ས་འདི་ནས་ཁ་གཅིག་ལ་ལུས་སེམས་གཉིས་ཀྱི་མྱོང་བ་སྐྱུར་མོ་གཞན་ཞིག་ཀྱང་མྱོང་བཞིན་སུན་སྣང་གི་སྡུག་ཡུས་ཤིག་སེམས་ཁོངས་རུས་པའི་གསེང་དུ་སྦས་ཡོད་པ་སུ་ཡིས་ཤེས་ཨང་།

 

 

ང་ཐོག་མར་ཨོ་གླིང་རྒྱལ་ཁབ་འདིའི་ཕྱིའི་ཁོར་ཡུག་གི་གཙང་དག་དང་མཛེས་ལྗོངས་ལ་ཧ་ཅང་དགའ་སྣང་འཕེལ་ཞིང་། ཕྱི་སྐད་སྦྱོང་ནས་ལས་འཚོལ་གཙོས་འཚོ་བ་གསར་པ་ཞིག་གི་འགོ་སྣེ་འཛིན། འོན་ཀྱང་ལོ་འགའི་རྗེས་ནས་ཕྱེད་དགའ་ཕྱེད་སྡུག་གི་འཚོ་བ་དངུས་སུ་འགོ་བརྩམས་ཤིང་། དེའང་རྨི་ལམ་མ་སད་པའི་སྔོན་གྱི་འཕྲུལ་སྣང་ཙམ་ལས་གཞན་གང་ཡང་རེད་མི་འདུག་ཨང་སྙམ་པའི་ཚོར་བ་སྐྱུར་མོ་དེ་དག་བྱུང་། མཚམས་རེར་བསམ་བློ་གུ་ཡངས་དང་ས་ག་འགྲོ་ཕ་ཡུལ་དང་གནས་ག་སྡོད་རང་ཁྱིམ་ལྟར་ཐ་གཅིག་ཏུ་ཡང་དག་པར་ལྟ་ཐུབ་མཁན་ཚོ་ནི་མཆོག་གྱུར་གྱི་ཚད་ལས་ངས་འདིར་སྨྲ་བའི་བརྗོད་བྱ་མིན། དེའང་འདིར་འཚོ་བ་སྐྱོ་དྲག་ནས་མིན་ལ་ཕྱིའི་དངུལ་དངོས་ཀྱི་ལོངས་སྤྱོད་ཉུང་དྲག་པས་ཀྱང་མིན། དེ་ནི་འགོག་མི་ཐུབ་པའི་སེམས་གཏིང་གི་ཁྱད་མཚར་བའི་སུན་སྣང་གི་མྱོང་ཚོར་ཞིག་རེད། དེང་གི་ང་ནི་ལས་ཀ་དང་སྒོར་མོའི་བྲན་དུ་ཚུད་ཅིང་དམིགས་ཡུལ་བོར་བའི་ལོང་བ་ཞིག་དང་ཕ་མ་སྤུན་མཆེད་ཀྱི་དྲན་གདུང་གིས་མནར་བཞིན་པའི་སྡུག་དགུའི་ཡུ་མོ་ཁེར་རྐྱང་ཞིག་ཡིན། སེམས་ཀྱི་སྐྱོ་སྣང་འདི་འགོག་ཆེད་སོ་སོའི་མི་རིགས་འདིའི་རིག་གཞུང་ལོངས་སྤྱོད་ཆོག་ཅིང་དེའི་ཆ་ཤས་སུ་རྟོགས་པའི་བཀའ་དྲིན་ལ་བརྟེན་ནས་ང་ལའང་གཞན་ཁག་གཅིག་དང་མཚུངས་པའི་འདོད་ཆུང་མཆོག་ཤེས། རང་གཞན་མཉམ་བརྗེ། འཁོར་བ་སྡུག་གི་མཚོ་མོའི་རང་བཞིན་སོགས་བསམ་བློ་གཏོང་སའི་ཐབས་ཤེས་ཟད་པ་ཞིག་མིན་ཡང་། འཁོར་རྒྱུགས་བཙན་པོའི་སྡུག་ལས་ལ་ཤིན་ཏུ་བྱང་བའི་འཕྲུལ་འཁོར་གསོན་པོ་ཞིག་དང་བཟའ་ཟླ་དང་གྲོགས་ཕོ་མོ་མཉམ་དུའང་ལྷོད་ལ་སྡོད་ལོང་མེད་ཅིང་སྤྱི་མཚུངས་ཀྱི་ཤུགས་ཀྱིས་རྒྱུགས་བཞིན་པའི་ལམ་ཟུར་གྱི་ཁེར་འགྲོ་བ་ཙམ་ལས་སོ་སོའི་སྒེར་གྱི་ཕུག་བསམ་དང་དོ་དབྱིངས། ཤ་དང་རུས་སུ་ཐིམས་ཟིན་པའི་རང་གི་གོམས་གཤིས་རིམ་གྱིས་བརླག་བཞིན་པ་ཚོར་བས་ཡིན།

 

 

 

 

དེའང་ང་ཚོའི་མིའི་ནང་དུ་ཕྱི་སྐད་དང་ལས་ཀ་གཉིས་ཀ་མི་འཇོན་ཞིང་། དར་གཞོན་ཚོད་ཀྱིས་མི་ཡུལ་ལུང་པར་གྱར་བའི་རིགས་མཐུན་རྒན་དར་གྲལ་ཁག་གཅིག་གི་ལུས་སེམས་གཉིས་ལ་ཕན་པའི་རང་རིགས་ཀྱི་སྲོལ་རྒྱུན་ལམ་ལུགས་ལྟར་དགོན་བསྐོར་དང་ཕྱག་མཆོད་འབུལ་གནང་སའི་ཁོར་ཡུག་འདིར་མེད་ཅིང་ག་འགྲོ་འདི་འགྲོ་མེད་པ་ལྟ་བུའི་སྣང་ཚུལ་གྱི་རྒན་རབས་འགའ་རེ་མཐོང་དུས་ང་མིག་ཆུ་ཤོར་གྲབས་དང་།

དེ་མིན་ལེགས་ཉེས་ཀྱི་མཚམས་ཐིག་གསལ་པོ་མེད་པར་མགོ་སེར་ཚོའི་ཡོངས་རྫོགས་ལ་ལད་ཟློས་ཀྱི་གང་སར་མྱུར་དགོས་པའི་གསར་སྐྱེས་ཀྱི་གཞོན་ནུ་ཚོགས་ཁག་ཅིག་མཐོང་དུས་རང་དབང་མེད་པར་ངུ་མ་དགོད་ཀྱི་ཁོང་དགོད་འདྲ་ཤོར་འདོད་ཤར།

 

 

 

དེ་མིན་ཕ་མ་སྤུན་མཆེད་ཀྱི་བསླབ་བྱ་སློབ་གསོར་བརྟེན་ཞིང་། སོ་སོས་ནས་ཀྱང་འབད་བརྩོན་ལ་བརྟེན་རང་རིགས་ཀྱི་སྐད་ཡིག་དང་རིག་གཞུང་། ལུགས་སྲོལ་བཟང་པོ་གང་མཚམས་རྒྱུད་འཛིན་བྱེད་ཐུབ་མཁན་གྱི་རྒན་དར་གཞོན་གསུམ་དེ་ཚོ་ཕུད། ཐ་ན་བྱིས་པའི་ལོ་ཚད་ཀྱི་རྗེས་རབས་རྣམས་དང་། འདིར་ས་སྐྱེས་རྡོ་སྐྱེས་ཀྱི་ཕྲུ་གུ་ཚོ། ཨ་གསར་ལ་དགའ་ཞིང་རང་སྐད་བརྗེད་ཀྱང་རང་ལུགས་ཀྱང་ཁྱོན་ཡོངས་ནས་བརླག་བཞིན་པའི་ཆུང་བྱིས་པ་ཚོ་ཕྱི་ལུགས་ཀྱི་རང་དབང་ཟེར་བ་ཞིག་ལ་ལད་ཟློས་བྱས་པར་བཤད་དགོས་དོན་མེད་ཀྱང་མ་འོངས་པའི་འགྲོ་བ་མིའི་རིགས་ཡོངས་ལའང་ཤིན་ཏུ་མཁོ་ཞིང་སྤོབས་པ་བྱེད་ཆོག་པའི་རང་རིགས་ཀྱི་དོན་དམ་པའི་བཟང་པོའི་རིག་གཞུང་གི་ཁྱད་ཆོས་དང་ལུགས་སྲོལ་རྣམས་མཇལ་ཡལ་བའི་ཚུལ་གྱི་རྣམ་པ་དེ་ཇེ་གསལ་ནས་ཇེ་གསལ་འགྲོ་བཞིན་འདུག གཞན་ཡང་དར་གཞོན་ཚོད་ཀྱི་རིགས་མཐུན་ཚོས་ཀྱང་གཞན་གྱི་ལམ་ལུགས་ཁོ་ནར་སྦྱོང་བ་ལས། རང་རིགས་ཀྱི་ལུགས་བཟང་རྣམས་ཁྲིམས་སྒྲིག་གི་ཚུལ་དུ་མིན་ཡང་རྒྱུན་འཛིན་བྱེད་རྒྱུའི་ཚབ་དུ་དེར་གང་ཐུབ་ཀྱིས་མཐོང་ཆུང་དང་རྗེས་ལུས་ལ་ལྟ་ཞིང་གཤེ་བ་མཐོང་དུས་ངའི་སེམས་ཀྱི་སྡུག་ཡུས་དང་སུན་སྣང་ཇེ་ཆེར་འགྲོ་བཞིན་འདུག

 

 

ངས་ངོ་མ་འདི་ནས་སྐད་ཆ་དང་བསླབ་བྱ་རྫིག་པོ་རྒྱག་འདོད་པ་རྩ་བ་ནས་མིན། དེ་ནི་མི་སྒེར་གྱི་སེམས་ཁོངས་རུས་པའི་གསེང་གི་འདོད་དོན་ངོ་མ་དེ་རྩེད་གཅོད་དེ་བསམ་པའི་ནང་གི་འཚོ་བ་ཞིག་རོལ་རྒྱུ་དེ་ནི་མིའི་མི་ཚེ་གཅིག་ལ་ཧ་ཅང་གཙོ་ཆེ་ཞེས་བཤད་འདོད་པ་དེའི་ཆེད་དུ་ཡིན། སྒེར་གྱི་ཁམས་དང་མོས་པ་དང་ཁྱོན་ནས་མི་འཚམ་ཡང་མང་པོས་འུར་གྱིས་ལྷ་ཡུལ་རེད་ཟེར་བའི་ས་ཤིག་ལ་ཨུ་ཚུགས་ཀྱི་སྤྱོད་དགོས་དོན་མེད། སེམས་ནང་གུ་དོགས་པའི་བློ་རེ་འཆར་དུས་ངས་ཕྱི་རྒྱལ་ལུང་པ་འདི་ཚོ་ངོ་མ་ང་ཚོའི་གྲལ་གྱིས་ཡུལ་སྐོར་སྤྲོ་འཆམ་ཟླ་རེ་ཟུང་དང་ལོ་རེ་གཉིས་ཙམ་གྱི་གནས་ཙམ་ལས་ང་ལྟ་བུ་སོ་སོའི་རིགས་ཀྱི་གཤིས་ལུགས་ཅིག་ཤ་ཁོངས་རུས་པའི་གསེང་དུ་ཐིམས་ཟིན་པ་ཚོའི་སེམས་འདུན་བཞིན་མཐའ་མཇུག་གི་མི་ཚེ་བསྐྱེལ་ས་ཤིག་ངོ་མ་རེད་མི་འདུག་བསམ་པ་ཐེངས་མང་བྱུང་།

 

 

 

ང་ནི་མང་པོ་མཉམ་དུ་འདུས་སྡོད་ལ་དགའ་མཁན་ཡིན། འདིར་ཚང་མ་ཁག་ཁག་སོ་སོར་སྡོད་སྲོལ་ཆེ། ང་ནི་ཁྱིམ་ཚང་ནང་རྒན་གཞོན་བར་ཚང་མ་ཡོད་ཅིང་ནང་མི་ཁ་རུབ་རུབ་ཁ་སྤུ་ཤེར་ཤེར་སྡོད་མཁན་ལ་ཁྱིམ་གྱི་རྣམ་པ་མཐོང་མཁན་ཡིན། འདིར་ཁྱིམ་ཆེན་པོ་རེེར་རྒན་འཁོག་ཁེར་རྐྱང་རེ་སྡོད་མཁན་མི་ཉུང་བ་ཁག་ཅིག་ཡོད། ང་ནི་སོས་དལ་གྱིས་གྲོགས་ཕོ་མོ་དང་རྒྱུན་དུ་འབྲེལ་བ་བཟུང་ཞིང་སྤྲོ་དགའ་དང་ཕན་རོགས་ལ་དགའ་མཁན་ཡིན། འདིར་གྲོགས་ཕོ་མོའི་དབར་ཡིན་ཡང་རང་བཞིན་གྱིས་སྐབས་བབ་ཙམ་ལས་ཐུག་རེ་མེད་པར་དངུལ་དངོས་ཀྱི་ཆེད་དུ་བྲེལ་ལ་ཤོར་དགོས་ཀྱི་འདུག ང་མང་པོ་མཉམ་འདུས་ཀྱི་སེམས་ཉེ་ཉེའི་དགོད་སྒྲ་དང་རྩེད་མཚར་ལ་དགའ་ཞིང་ནོར་འཁྲུལ་ཆུང་ཙག་བཟོ་མཁན་ཚོར་གང་ཐུབ་ཀྱིས་གུ་ཡངས་དང་བཟོད་པ་སྒོམ་ན་བསམ་མཁན་ཞིག་ཡིན། འདི་ནས་སྐད་ཆ་བཤད་ནོར་དང་བྱ་བ་ནོར་འཁྲུལ་ཆུང་ཙག་ལའང་ཧ་ཅང་གཙེགས་ཆེར་འཛིན་ཞིང་དོ་ནན་ཆེན་པོས་ཕ་རོལ་པོ་དེ་ཉེས་ཅན་ལྟ་བུ་ཞིག་ལ་བསྒྱུར་གང་ཐུབ་ཀྱིས་འུར་བརྗོད་བྱེད་ན་དེ་འཇོན་ཐང་ལྟ་བུར་བརྩི་སྲོལ་འདུག

 

 

 

ཡུལ་སྲོལ་གཤིས་ལུགས་སོགས་མི་གཅིག་པའི་རྐྱེན་དང་། གཞན་ལམ་དང་ལུགས་སྲོལ་གསར་པ་ཞིག་ལ་སྦྱོང་དགོས་པ་བཅས་ལ་བརྟེན། ང་ཚོའི་རིགས་སུ་འདིར་དགེ་འདུན་པ་ཞིག་གིས་སྤྱི་སྤྱོད་རླངས་འཁོར་དུ་བུ་མོ་ཆུང་ཆུང་དང་མཉམ་པར་རྒྱག་པར་བརྟེན་ཕྲུ་གུའི་ཁྱིམ་མིས་ཁོང་ཁྲིམས་ལ་སྦྱར་ཞིང་ལས་ཀའང་ཤོར་མྱོང་བ་དང་། འདི་ལ་མཇུག་ཏུ་ཁྲིམས་ཐོག་ནས་ཉེས་མེད་ངང་རྒྱལ་ཁ་ཐོབ་ཅིང་ཁོང་ལ་གྱོད་ཡའི་ངོས་ནས་གྱོང་རྒུད་ཁ་གསབ་ཐོབ་ཡོད་པའི་དཔེ་མཚོན་གཅིག་དང་། གཞན་ཡང་མ་ཉེས་ཁག་གཡོག་གི་གྱོན་དོན་ཞིག་སྟེ། བོད་པ་ཞིག་གིས་མགོ་སེར་ཁྱིམ་མཚེས་ཀྱི་བུ་མོ་ཆུང་ཆུང་ཞིག་ལ་རེག་ཚུལ་གྱིས་ཁྲིམས་ལ་སྦྱར་ནས་ལོ་འཁོར་དུ་ལས་ཤོར་དང་ཁྱིམ་མི་གཞན་ལའང་སེམས་ཀྱི་དཀའ་ངལ་འཕྲད་མྱོང་། དཔེ་མཚོན་འདི་གཉིས་ཙམ་གྱིས་ཀྱང་གནས་ཚུལ་གཅིག་གསལ་བཤད་བྱེད་ཀྱི་འདུག་པ་དེནི་མི་སུམ་བཅུའི་སྣང་བ་སུམ་བཅུར་ཕན་ཚུན་བསྟུན་དགོས་རྒྱུའི་ཚབ་ཏུ་ཡུལ་མིས་སོ་སོའི་ལམ་ལུགས་གཙོར་བཟུང་གིས་ཁེ་དབང་རྩོད་ལུགས་ངར་མ་དེ་གཞན་ལ་བཙན་བཀོལ་ཡོང་རེ་བྱས་པ་དེ་ཡིན།

 

 

 

དཔེ་མཚོན་འདིའི་སྐོར་གཞན་ས་ནས་གོ་ཐོས་ལྟར་ན་ཡང་རྒན་རབས་གཅིག་གིས་རྒྱ་མིའི་ངོས་ནས་ང་ཚོ་བོད་ལ་སྡུག་ངལ་ཚོད་མེད་དེ་དང་འདི་སྤྲད་ཡོད་ལ། མི་ངན་དེ་དག་ཚང་མ་མེད་པ་བཟོས་བཞག་ན་དགའ་ས་རེད་ཅེས་བཤད་པར་བརྟེན། གཞན་གྱིས་རྒན་པ་འདིར་ཉེས་འཛུགས་བྱས་ཚུལ་དང་། དེ་རྗེས་ཁོང་བཙོན་དུ་ཚུད་མིན་འདུག་ཀྱང་སྐད་ཆ་འདྲི་བརྩད་བྱས་འདུག་མོད། གནས་སྟངས་འདིར་མཇུག་འབྲས་སུ་ཞིབ་དཔྱོད་ཅི་འདྲ་བྱུང་མིན་ཤེས་མ་སོང་ཡང་ཁོང་སྔར་བཞིན་འགྲོ་ཞོར་འདུག་ཞོར་ལ་ལམ་ཟུར་ནས་མཐོང་རྒྱུ་འདུག

 

 

འོན་ཀྱང་འདིའང་གཞུང་དང་གཞུང་འཛིན་མི་སྣས་སྤྱི་ཚོགས་ཐོག་མིའི་དབར་ཕྱི་ཚུལ་ཙམ་གྱི་འཆམ་མཐུན་དང་རྙོག་གླེང་མི་ཡོང་བར་གཙོ་འདོན་བྱེད་རྒྱུ་དེ་གལ་ཆེར་བརྩིས་ཡོོད་སྲིད། གང་ཡིན་ཟེར་ན་འདིར་ས་སྐྱེས་རྡོ་སྐྱེས་ཀྱི་མི་གྲངས་ཉུང་ཞིང་ཕྱིའི་རྒྱལ་ཁབ་ནས་འབྱོར་བའི་མི་ཚོགས་ནི་མི་འབོར་ཡོངས་ཀྱི་བརྒྱ་ཆ་བཞི་བཅུ་ལྷག་བརྒལ་ཟིན་པས་གཞུང་ངོས་ནས་མི་རིགས་དབར་འགལ་ཟླ་མི་ཤོར་རྒྱུ་གཙོ་བཟུང་བྱས་ཏེ་དེར་བསྟུན་མཁས་ཧ་ཅང་ཆེན་པོ་བྱེད་པའི་དགོས་པ་ཡོད་པ་མིན་འགྲོ་སྙམ། འོན་ཀྱང་གནད་དོན་འབྱུང་དུས་དེ་དག་གི་རྒྱབ་ལྗོངས་བརྔོག་རྒྱུ་གལ་ཆེར་སོང་དེའི་རིགས་ཀྱི་དངོས་ཡོད་གནས་སྟངས་ལ་དཔྱོད་ཞིབ་བྱ་རྒྱུའི་དམིགས་ཡུལ་གསལ་པོ་མེད་པ་མིན་འགྲོ་བསམ་པ་དེ་ནི་ཞོར་འཕྲོས་ཙམ་ཡིན།

 

 

འོ་ན་གང་ཟག་སུ་འདྲ་ཞིག་ཡིན་ཡང་གཙོ་བོ་སོ་སོའི་སེམས་ཁོངས་རུས་པའི་གསེང་གི་འདོད་མོས་དང་དམིགས་ཡུལ། དེ་བཞིན་སྒེར་གྱི་མི་ཚེའི་ནང་བྱ་བ་འདི་འདྲ་ཞིག་བྱ་ངེས་བསམ་པ་ཞིག་ཡོད་ན། དེར་རམ་འདེད་དང་མཐུན་རྐྱེན་བསྐྲུན་ཕྱིར་གཡས་བསྐོར་གཡོན་བསྐོར་རྒྱག་དགོས་པ་ལས། དེ་མིན་སོ་སོའི་སེམས་སུ་མེད་ཀྱང་གཙོ་བོ་སྒེར་དོན་དང་མི་ཟེར་རྗེས་འབྲང་ཙམ་གྱིས་མི་ཚེའི་མདུན་ལམ་གདམ་ཁ་རྒྱག་སྔ་རྒྱུ་མེད་པ་རེད་འདུག་སྙམ།

 

 

 

ང་རང་སྒེར་ལ་མཚོན་ན་ཕ་ཡུལ་གྱི་མི་ཚོ་ནུབ་ཕྱོགས་སུ་ཤེས་ཡོན་སློབ་སྦྱོང་དང་ཉམས་མྱོང་ལེན་རས། ཡུལ་སྐོར་སྤྲོ་འཆམ་གྱི་དགོས་དམིགས་འོག་ཕྱི་རྒྱལ་དུ་སོང་ན་དཀྱུས་དམངས་རྣམས་ལ་འོས་ཤིང་འཚམས་པ་ལས། མི་ཚེ་ཡོངས་རྫོགས་གཞན་ཡུལ་དུ་བསྐྱེལ་བསམ་ནས་དུས་ཡུན་ནང་གདམ་ཁ་རྒྱག་པ་དེ་ནི་ལེགས་པོ་ཞིག་མཐོང་མ་སོང་ཟེར་འདོད།

 

 

 

ངས་མཚམས་རེར་ངའི་རྒད་པོར་རྩེད་མཚར་བྱེད་དེ་ང་ཤི་དུས་ཕ་ཡུལ་ལ་ཤི་གི་ཡིན། མི་ཡུལ་ལུང་པ་འདིར་ཤི་གི་མིན། ཞེས་སེམས་ཀྱི་རྣམ་རྟོགས་དང་སྦྲགས་བཤད་ཀྱི་ཡོད། ངས་རྒས་པོས་གང་དུ་ཤི་ན་གཅིག་པ་རེད། ཡིན་ཡང་ཤི་ཚར་རྗེས་བན་རོ་རྒྱལ་ཁབ་འདིར་ཚུར་དབོར་ཡོང་གི་རེད་ཟེར་གྱི་འདུག་ག་ཧ་ཧ་ཧ་ཞེས་ང་ལ་ཀུ་རེའང་གནང་གི་ཡོད། འདུས་རྗེས་བྲལ་དགོས་ཤིང་། བྲལ་ནས་སླར་འདུས་པ་སོགས་ཆོས་ཀྱི་སྙིང་པོ་དེ་དག་ལ་ཞིབ་ཏུ་བསམ་བློ་གཏོང་འདོད་མེད་པར་ངས་སོ་སོ་ཚེ་མཇུག་དེར་ཕ་སར་ཕ་མ་སྤུན་མཆེད་ཡོད་སར་ཤི་ཨང་བསམ་པ་དེ་ནི་ངའི་སེམས་གཏིང་གི་ཚོར་བ་ཁྱད་མཚར་བ་ཞིག་ཀྱང་ཡིན། ངས་བསམ་ན་འཆི་ཁར་ནང་མི་ཚང་མའི་ངོ་མཐོང་རྗེས་བློ་བདེ་པོའི་ངང་ཕྱི་མར་འགྲོ་ཆོག་གི་རེད་དྲན། འོན་ཀྱང་ངའི་རྒད་པོས་དེར་ཕ་ཡུལ་དུ་ཤི་ན་ཤི་ཁར་ངལ་བའམ་གཟུགས་པོར་ཟུག་འདྲ་བྱུང་ན་སོ་སོས་གདོང་ལེན་བྱེད་རྒྱུ་རེད། ངལ་སྡུག་ལ་གདོང་ལེན་བྱེད་པའི་སེམས་ཀྱི་སྤུས་ཚད་མེད་ན་དེ་ནས་ཚར་སོང་བ་རེད། འདིར་འཆི་ཁར་ཚང་མར་གཟུགས་པོར་ཟུག་ཟེག་ཆེར་མེད་པར་སྨན་པས་བཟོས་བཞག་གི་འདུག་ག དེ་ནས་འཆི་ཁའི་སེམས་བསྐྱེད་དེ་ཡག་པོ་ཞིག་འབྱུང་ན་ཚེ་ཕྱི་མར་ཡག་ས་ཤིག་ལ་སྐྱེ་ངེས་ཟེར་ནས་ཀུ་རེ་ཡང་གནང་གི་རེད། ངས་ཆོས་དང་སེམས་ཀྱི་ཉམས་ལེན་སྐོར་སོ་སོ་རྨོངས་དད་ཅན་ཙམ་གྱི་གྲལ་མཐའ་ནས་ཀྱང་ཐར་མེད་པ་ཡིན་ཕྱིན་འཆི་ཁར་སེམས་བསྐྱེད་སོགས་ཞིབ་ཕྲ་མི་ཤེས་མོད། འོན་ཀྱང་ངས་སོ་སོའི་བསམ་ཚུལ་དེ་ལ་བདེན་པའི་ཆ་མང་ཙམ་ཡོད་བསམ་པའི་ལྟར་སྣང་ཤར་སྐབས་སུ། ངའི་རྒད་པོས་ཀུ་རེ་དང་སྦྲགས་དེར་དོགས་སློང་དང་ངེས་དོན་སྐོར་གསུང་གི་ཡོད་ཀྱང་ངས་དེར་ཐ་གཅིག་ཏུ་ངོས་ལེན་བྱེད་མི་ཐུབ་པ་འདུག

 

 

 

ང་རང་ཚུད་གང་ཟག་སུ་འདྲ་ཞིག་ཡིན་ཡང་ཕྱི་རྒྱལ་ལུང་པ་འདི་ཡག་ལུགས་བཟང་ལུགས་མྱོང་ནས་བཤད་དུས། ངས་རེད་དེ་ཕྱོགས་གཞན་ནས་འདིར་སྐྱོན་ཆ་འདི་དང་དེ་ཡང་ག་ཚོད་ཡོད་མེད་དེ་ཚོའང་ཁོང་ཚོས་ཤེས་ཀྱི་རེད་དྲན་ཡོང་། ཡང་རང་གཞན་གཉིས་ཀྱིས་སོ་སོས་སོ་སོར་མགོ་བསྐོར་འདྲ་གཏོང་ནས་མི་ཡུལ་ལུང་པ་འདི་སྐྱིད་ལུགས་བཟང་ལུགས་ཁོ་ནར་འུར་ཆེ་ན་དེ་ནི་སྡིག་ལས་ཅིག་ལས་གཞན་ཅིའང་མིན། དཔེར་ན་མི་སུམ་བཅུར་སྣང་བ་སུམ་བཅུ། མཛོ་སུམ་བཅུར་ར་ཅོ་དྲུག་བཅུ་ཞེས་པ་ལྟར། གང་ཟག་སྒེར་སོ་སོར་སེམས་གཏིང་གི་འདོད་མོས་དང་དགོས་འདུན་ངོ་མ་རེ་ཡོད་པས་དེར་དོ་སྣང་མང་ཙམ་དང་། སོ་སོས་ག་རེ་བྱེད་སྙིང་འདོད་མིན། སོ་སོའི་སེམས་གཏིང་གི་དམིགས་ཡུལ་ངོ་མ་དང་མི་ཚེའི་གདམ་ཁ་ངོ་མ་དེ་ག་རེ་ཡིན་པར་ངེས་པར་དུ་རྟོགས་དཔྱོད་གསལ་པོ་ཡོང་ཐབས་དགོས། དེའང་བྱིས་པ་དང་གཞོན་ནུ་ཚོར་མི་ཚེའི་ཁོར་མོ་ཡུག་གི་ཧ་ཅང་གལ་ཆེའི་གདམ་ཁ་གཅིག་རེད། འོན་ཀྱང་བློ་ཕམ་པ་ཞིག་ལ་སྒེར་གྱི་མི་ཚེའི་འདོད་དོན་མཐར་ཐུག་དེ་ཅི་ཞིག་ཡིན་མིན་རབ་མ་རུབ་ཀྱིས་ཚེ་ཕྱེད་ཡོལ་ཟིན་པ་ངས་ད་དུང་ཡང་རྨོངས་ནས་ལུས་ཡོད་པའི་ཟོལ་འདྲ་རེད། ངས་གངས་ཅན་པ་ཚོས་བཤད་སྲོལ་ལྟར་ན་ལྷ་ཆོས་ལ་མ་འཇོན་བསམ་བློའི་རྨོངས་ཚད་མཐོན་པོ་ཡིན་ལ། མགོ་སེར་ལུང་པ་འདིར་ངས་མི་ཆོས་སམ་སྐྱ་བོའི་ལས་སུའང་ཚད་ལྡན་འདི་འདྲ་ཞིག་ཡིན་བསམ་པ་གང་ཡང་མ་འཇོན་ནས་ད་ལྟའི་ཆར་མི་ཡུལ་རོ་འཁྱམ་གྱིས་ལྟོ་གོས་གཏམ་གསུམ་ཙམ་ལ་ཉིན་མཚན་མགོ་འཁོར་ནས་ངལ་བས་རྒྱུགས་བཞིན་ཡོད།

 

 

 

མཚམས་རེར་ཁེར་རྐྱང་དུས་སུ་ངའི་མིག་ནང་མཆི་མིས་ཁེངས་ཤིང་། སེམས་གཏིང་གི་སྐྱོ་སྣང་དེ་འགོག་མི་ཐུབ་པར་མིག་གཉིས་བཙུམ་ནས་བསྡད་དུས་ངས་ཕ་སའི་གྲོང་གསེབ་ཞིང་ཁུལ་གྱི་ས་རྡོའི་དྲི་མ་ཞིམ་པོ་དེ་འདྲ་སྣར་བྲོ་ཡོང་གི་འདུག་ལ།  ལེན་རེར་གངས་དཀར་ལྷུན་པོའི་རྩེའི་གནམ་སྔོན་པོ་དང་སྤྲིན་དཀར་པོ་དེ་དག་མིག་སྣང་ལ་ཤར་འོང་།

 

 

 

 

ཡང་མགོ་སེར་ལུང་པར་སུ་རྒོད་སུ་སྤྱང་ལ་འགྲན་རྒྱུ་ལྟར་མིན་པར་ཕ་ཡུལ་གྱི་མི་རྣམས་བག་ལྷོད་ཅིང་དྲན་རྒྱུ་རྒོད་པོ་མེད་ཅིང་མི་གཤིས་ལ་བརྒྱ་ཆ་བརྒྱ་ཐམས་པ་ཡིད་ཆེས་འོས་ཤིང་། ཁྱོད་ཀྱིས་གསེར་ལུག་མགོ་ཙམ་ཞིག་དེ་དག་ལ་བཅོལ་བཞག་ནའང་དོགས་པ་ཙམ་ཡང་མི་དགོས་པའི་ཡ་རབས་སེམས་བཟང་ཅན་གྱི་ཡུལ་མི་ཁོང་ཚོའི་བག་ལྷོད་ཅིང་སོས་དལ་གྱི་རྒྱུན་གཏན་འཚོ་བ་དེ་དག་དྲན་ཡོང་དུས་ངའི་ཕ་སར་བཅང་བའི་དྲན་གདུང་དེ་ཇེ་ལྕིར་འགྲོ་བཞིན་ཡོད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།