མཚོ་མོ་དང་རྒྱ་ནག་གི་ནད་ཡམས།

images/stories/2268jpg.jpg

 

མཚོ་མོ་དང་རྒྱ་ནག་གི་ནད་ཡམས།

Tosmo and Chinese virus

措姆和中共病毒

( བརྩམས་སྒྲུང་། )

དེ་རིང་མཚོ་མོ་མལ་ནས་ལང་མ་ཐག་རྒྱུན་གཏན་བཞིན་མིག་གཉིས་ཕྱེད་ལྡང་ངང་ལག་གཉིས་མདུན་དུ་ཟུམ་བཞིན་སྐྱབས་འགྲོ་ཚར་གསུམ་དང་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ཞིང་སྡུག་ངལ་དང་བྲལ་བར་གྱུར་ཅིག སོགས་སྨོན་ལམ་སྐྱོར།

 

དེ་ནས་མོས་གློག་ཀླད་ཀྱི་མདུན་དུ་སྡོད་དེ་གསར་འགྱུར་ཆེ་ཁག་དང་སྤྱི་ཚོགས་གསར་འགྱུར་ཁག་ལ་མིག་བཤེར་རེ་བྱེད་ཞོར་ཞོགས་ཟས་ལ་རོལ་རྩིས་བྱས།

 

སྐབས་དེར་མོས་མོ་རང་སྔོན་མ་ལས་ཀ་བྱེད་སའི་རྨོ་བོ་དེས་ཁ་པར་གྱི་འཕྲིན་ཐུང་དུ་མོ་ལ་ཡི་གེ་གཅིག་བྲིས་ཡོད་པ་དེ་མཐོང་། མཚོ་མོ་ལགས། དེང་སང་བདེ་པོ་ཡིན་ནམ། ནད་ཡམས་དེས་ང་ཚོ་དུས་ཡུན་རིང་ཕན་ཚུན་ཐུག་མི་ཐུབ་པ་དང་། མི་ཚང་མའི་སེམས་ལ་འཚུབ་ཆ་ལོང་དགོས་པ་ཞིག་བཟོས་པ་ལྟར་ང་ཚོའང་སེམས་འཚབ་འདྲ་འདུག འོན་ཀྱང་ངའི་བུ་མོ་སློབ་གྲྭར་འགྲོ་མི་ཆོག་པ་བདུན་འགར་སོང་ཡང་ནང་དུ་སྐྱོན་མེད་པའི་ངང་བདེ་པོ་ཡིན། ང་དང་བཟའ་ཟླ་ངེད་གཉིས་ཀྱང་བདེ་མོ་འཚམ་པོ་ཡིན། དམིགས་བསལ་གྱི་དུས་ཚོད་འདིའི་ནང་ངའི་རེ་བ་ལ་ཁྱོད་ཀྱང་བདེ་མོ་འཚམ་པོ་ཡིན་པའི་རེ་བ་ཡོད། གཟུགས་པོར་བདག་གཅེས་ཡག་པོ་བཟོས། ཕྱི་ལ་འགྲོ་དུས་ཁ་རས་གྱོན་རྒྱུ་དང་ལག་པ་འཁྲུ་དགོས་པ་སོགས་ནད་ངན་དེ་སྔོན་འགོག་གི་ཐབས་ལ་ལྷོད་གཡེང་མེད་པ་ཞུ། བཅས་ཡིག་དུམ་དེ་བྲིས་པར་མཐོང་། མཚོ་མོས་དེ་མུར། ཨ་མ་ལགས་ཐུགས་རྗེ་ཆེ། ཁྱེད་ཀྱི་སྐོར་སླར་གོ་བ་ཧ་ཅང་དགའ་པོ་བྱུང་། དེ་བཞིན་ཁྱེད་ཚོ་ཁྱིམ་མི་ཡོངས་ཀྱང་བདེ་མོ་འཚམ་པོ་ཡིན་པ་གོ་དུས་ང་ཧ་ཅང་དགའ་པོ་བྱུང་། ང་དེང་སང་ལས་བྲེལ་ཅུང་ཡོད་པ་ལས་བདེ་མོ་འཚམ་པོ་སྔར་བཞིན་ཡིན། ཁྱེད་ཚོས་ནང་མི་ཡོངས་ཀྱིས་ཀྱང་གང་ས་ཅིའི་ཐད་ལ་ཐུགས་གཟབ་གནང་བའི་རེ་བ་དང་སྨོན་ལམ་ཡོད། ཅེས་བྲིས་རྗེས་ཁ་པར་མདུན་ཅོག་གི་ཟུར་ཞིག་ལ་བཞག

 

 

དེ་ནས་མོས་གློག་ཀླད་མདུན་དུ་སྡོད་དེ་གྲོ་ཆག་དང་ཤིང་ཏོག་སྐམ་པོ་བསྲེས་པའི་ཟས་ནང་འོ་མ་བླུག་སྟེ་སྦངས་རྗེས་ཞོགས་ཟས་དངོས་སུ་ཟ་འགོ་བརྩམས།

སྐབས་དེར་མོས་གསར་འགྱུར་དུ་ཨོ་གླིང་སྲིད་གཞུང་ནང་སྲིད་བཀའ་བློན་མཆོག་གིས་རྒྱ་ནག་གི་ནད་དུག་སྐོར་འབྱུང་ཁུངས་ཐོག་རྟོག་དཔྱོད་དགོས་པའི་སྐོར་བསམ་འཆར་ལ་སྲིད་བློན་གྱིས་ཀྱང་མོས་མཐུན་གྱི་གཏམ་བཤད་སྤེལ་ཡོད་ཚུལ་དང་། དེར་ཨོ་གླིང་གནས་སྡོད་རྒྱ་ནག་གཞུང་ཚབ་ཀྱིས་དེ་ནི་ཨ་རིའི་ལོག་ལྟའི་ཤུགས་རྐྱེན་ཐེབས་ཚུལ་ལ་ཨོ་གླིང་ཕྱོགས་ཀྱི་མི་སྣ་རེ་འགས་ཎེ་ཙོས་ཆོས་འདོན་གྱིས་ལད་ཟློས་བྱས་ལུགས་སོགས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་སྟོན་པའི་སྐོར་དང་། ཨོ་གླིང་དུ་ཡོད་པའི་རྒྱ་ནག་གི་ཚོང་འབྲེལ་ཆེ་ཁག་བརྒྱད་ཡོད་པ་དེ་དག་གིས་ཀྱང་རྒྱལ་ཁབ་གཉིས་དབར་གྱི་ཚོང་འབྲེལ་དེས་ཨོ་གླིང་གི་དཔལ་འབྱོར་ལ་གནོད་འཚེ་ཡོང་ངེས་སྐོར། ཡང་སཱིད་ཉི་གྲོང་ཁྱེར་དུ་རྒྱ་མིའི་ཁྱིམ་ཚང་ཞིག་གི་སྒོ་ལ་( ཀོར་དབྱིབས་ནད་དུག རྒྱ་ནག་ཤི )དང་། རྒྱལ་སའི་ཤར་ལམ་གྱི་ལམ་ཟུར་གྱི་གྱང་ཐོག (རྒྱ་ནག་ངོ་ཚ། རྒྱ་ཁྱི་སེར་པོ་ཕྱིར་ནང་ལ་རྒྱུགས་ཤིག ) ཅེས་པའི་ཚོན་གྱིས་ཡིག་ཆེན་བྲིས་པ་དེ་མི་རིགས་དབར་མཐོང་ཆུང་དམའ་འབེབས་ཡིན་ཚུལ་བཤད་ཅིང་། དེ་མིན་དམངས་ཁྲོད་དྲ་ལམ་འགའི་ནང་གྲོང་ཁྱེར་གྱི་རྒྱ་ཟས་ཁང་འགའ་ལའང་གཏོར་བཅོམ་ཐེབས་ཡོད་ཚུལ་བཤད་པ་དེ་བདེན་མིན་མ་ཤེས།

 

 

སྐབས་དེར་མཚོ་མོའི་སེམས་སུ་ལས་ཀ་བྱེད་ཡུལ་གྱི་གནས་སྟངས་གཞན་ཞིག་ལ་བསམ་བློ་འཁོར་འགོ་བརྩམས། དེའང་མཚོ་མོ་ལས་ཀ་བྱེད་སའི་བུད་མེད་དེ་ནི་རང་འགུལ་ཅན་གྱི་གློག་འཕྲུལ་རྐང་འཁོར་བསྐོལ་ནས་འགྲོ་དགོས་མཁན་དབང་པོ་སྐྱོན་ཅན་ཞིག་ཡིན་པ་དང་། གཞན་ཡང་སོ་སོའི་གཟུགས་ཁམས་ཀྱི་གནས་སྟངས་ཀྱིས་ཡིན་མིན་གང་ལྟར་ཡང་གཞན་སྤྱི་མཚུངས་ལྟར་མོའང་རང་གཤིས་ཚ་པོ་དང་། བདག་འཛིན་ཆེ་བ། གཞན་ལ་འཁོན་སེམས་དང་ནན་ཏན་ཧ་ཅང་ཆེ་བ། གནད་དོན་ཆུང་ཚགས་ལ་དོ་ནན་ཧ་ཅང་ཆེ་བ་སོགས་ཀྱི་གཤིས་ཀ་ཡོད་མཁན་ཞིག་རེད།

 

 

དེང་སང་གང་སར་རྒྱ་ནག་གི་ནད་ཡམས་དེའི་རྐྱེན་གྱིས་ཡིན་ནམ། ཡང་ན་གཞན་ཅི་ཡིན་ཆ་མི་འཚལ། མཚོ་མོའི་ནད་པ་འདིའི་གཤིས་ཀ་སྔར་ལས་ཧ་ཅང་སྡུག་ཏུ་འགྲོ་བཞིན་པ་ལྟར་སྣང་།

ནད་པ་མོ་རང་ལྟ་བུར་མཚོན་ན་ཉེ་སྔོན་ཙམ་ལ་བཟའ་ཚང་ཁ་འཐོར་སོང་བ་ཙམ་མ་ཟད།ཁང་པ་གསར་པར་སྤོས་ནས་ཁེར་རྐྱང་ངང་སྡོད་དགོས་པ་སོགས་ཀྱིས་བསམ་བློ་འཚབ་འཚུབ་འདྲ་ཆགས་བཞིན་པ་སྣང་། སྤྱིར་ན་ནད་པ་འདི་འདྲའི་རིགས་ནི་སེམས་ཁམས་ཞི་ལྷོད་སྡོད་ཐུབ་རྒྱུ་ཧ་ཅང་གལ་ཆེ་ཡང་དེ་ལས་ལྡོག་སྟེ་མོ་རང་ཚོར་བ་རྣོ་བའི་སྒང་གཞན་གྱི་སྐྱོན་ཆུང་ཙག་རིགས་མཐོང་རྗེས་སོ་སོའི་སེམས་པ་བདེ་པོ་མེད་པ་ཆག་པ་དང་། ཉིན་ལྟར་གསར་འགྱུར་དུ་མི་ཤི་རྟ་འགྱེལ་གྱི་གསར་འགྱུར་སྡུག་ཆག་དེ་དག་ལ་ལྟ་ཆེ་བའི་སྐྱོན་ཡིན་ཚོད་དམ་དེའི་ཉེ་ལེན་ལ་བརྟེན་མོའི་སེམས་ཁམས་འཁྲུག་ན་དེ་ནས་གཟུགས་པོར་འབུར་ཏོ་དོན་པ་དང་། དོན་མེད་ལྟ་བུར་ཟུར་ཞིག་ལ་ཤ་མདོག་དམར་པོའམ་སྨུག་པོ་ཆག་པ། ཡང་ན་རྨ་ཁ་ཆུང་ངུ་དེ་འདྲ་དོན་པ་བཅས་ཡོང་གི་ཡོད་པ་རེད། གལ་ཏེ་མོའི་ཚོར་བ་ཞི་ལྷོད་ཀྱིས་ཡུན་རིང་རྒྱུན་མཐུད་ཐུབ་ན་ནད་རྟགས་ལྟ་བུ་དེ་དག་ཡལ་ནས་མེད་པ་ཆག་གི་རེད་ཟེར་ནས་བཤད་སྲོལ་ཡོད་པ་དེའང་བདེན་ཁ་ཆེ་ལ་ཡོངས་རྫོགས་སེམས་ཀྱིས་བྱེད་ཀྱི་ཡོད་པ་དེ་རེད།

 

 

དེ་རིང་ཡང་མོས་མཚོ་མོར་མ་འགྲིག་མི་ལེགས་ཚུལ་མང་པོ་ཞིག་གི་འགོ་བརྩམས། མོས་ཟེར་ན་མོ་རང་ལ་རོགས་པ་བྱེད་མཁན་གཞན་ཞིག་གིས་མོའི་ཁྱིམ་དུ་ཆམ་ནད་འཁྱེར་ནས་མོ་རང་ལ་འགོས་ཡོད་པ་མ་ཟད། ད་ཆ་མོའི་སྲོག་ལ་ཉེན་ཁའང་བཟོས་ཡོད་ལུགས་བཤད། མོས་ཟེར་ན་ལས་ཀ་བྱེད་མཁན་དེས་སྤྱི་མཚུངས་ལྟར་ལག་གཉིས་ལ་འགྱིག་གི་ལག་ཤུགས་གྱོན་ཡོད་ཀྱང་། མོས་སླར་ལག་ཤུགས་གྱོན་པའི་ལག་པ་གཉིས་ནས་སོ་སོའི་ངོ་གདོང་དང་སྣ་ལ་ཐེངས་མང་ལ་རེག་ནས་ནད་འབུ་འཁྱེར་ཡོད་པའི་ལག་གཉིས་ནས་མོའི་གཟུགས་པོར་རེག་རྗེས་དེ་ནས་མོ་ལ་ཆམ་ནད་དེ་ཕོག་ཡོད་ལུགས་དང་། མོ་ལ་ད་ཆ་ཆམ་ནད་དེའི་ནད་དུག་འགོས་པའི་རྐྱེན་གྱིས་དཀའ་ངལ་འཕྲད་བཞིན་ཡོད་པ་སོགས་བཤད།

 

 

 

སྐབས་དེར་མཚོ་མོས། འོ་ན་ཁྱེད་རང་གིས་སྐབས་དེར་ལས་ཀ་བྱེད་མཁན་དེར་དེ་འདྲ་བྱེད་མི་རུང་ཞེས་དང་། དེ་མུར་དེའི་ལག་ཤུབས་བརྗེ་ལེན་རྒྱག་དགོས་ཤིང་། དེ་འདྲ་བྱེད་ན་ཁྱེད་ལ་ནད་འབུ་འགོས་པའི་ཉེན་ཁ་ཆེ་ལུགས་མི་བཤད་པ་གང་ཡིན་ནམ། སྐད་ཆ་འདི་དག་ལས་བྱེད་དེའི་ངོ་མདུན་དུ་བཤད་དགོས་པ་ལས། ང་ལ་གནས་སྟངས་དེ་དག་བཤད་ན་ཅི་ཕན། ཞེས་པར་མོས་ངས་མོ་ལ་བཤད་སྙིད་འདོད་ཀྱི་མི་འདུག་ཟེར། དེ་ནས་མཚོ་མོས་མོ་རང་གི་ནད་པ་དེའི་རང་གཤིས་སོགས་ཧ་ཅང་གསལ་པོ་ཤེས་ཀྱི་ཡོད་སྟབས། མུ་མཐུད་བརྗོད་གཞི་དེའི་སྐོར་བཤད་དེ་མོ་ལ་བློ་འཚབ་བཟོ་འདོད་མེད་པར་བརྟེན། སྐད་ཆའི་བརྗོད་གཞི་གཞན་ཞིག་ལ་གཡོལ་ནས་སོང་།

 

 

 

འོན་ཀྱང་ཅུང་འགོར་རྗེས་མོས་སླར་ཡང་མོ་ལ་རོགས་པ་བྱེད་མཁན་གཞན་སུ་གཅིག་མུ་གཅིག་གིས་ཀྱང་མོའི་ཕྱི་སྒོ་ཕྱེས་ནས་བཞག་པར་མོས་མཐོང་མེད་པར་བརྟེན། རླུང་བུ་གྲང་མོ་ཁྱིམ་ནང་ལྡང་བར་བརྟེན་ནས་མོ་ལ་ཆམ་ནད་ཕོག་འདུག་ཟེར། མཚོ་མོས་ཀྱང་བཟོད་མ་ཐུབ་པར་འོ་ན་ད་རོགས་པ་བྱེད་མཁན་སྔོན་དེས་ཆམ་ནད་ལག་གཉིས་བརྒྱུད་དེ་ཁྱེད་ལ་འགོས་པ་རེད་དམ། ཡང་ན་གཞན་དེས་སྒོ་ཕྱེས་པར་བརྟེན་ནས་ཁྱེད་ཀྱི་གཟུགས་པོ་འཁྱག་ནས་ཆམ་ནད་ཕོག་པ་རེད་དམ། ཞེས་དྲིས་པར་མོས་དེ་གཉིས་ཀ་རེད་ཟེར། ཡང་མཚོ་མོས་མོའི་ནད་པ་དེས་སོ་སོའི་སུན་སྣང་ལྟ་བུའི་ཚོར་བ་འགོག་མ་ཐུབ་པར་ཕྱིར་བཏོན་འདོད་ཀྱི་གནས་སྟངས་གཞན་ཞིག་བཤད་སྙིང་འདོད་པ་ཙམ་ཡིན་པ་ཤེས་ཏེ་འོ་ཡ་ཡ། ད་འོ་ན་ང་ཚོ་མཉམ་དུ་མ་འོངས་པར་དེ་དག་སྔོན་འགོག་ཡག་པོ་བྱ། མ་རེད་པས། ཅེས་པར་མོས་མགོ་བོ་ལྡེམ་ཙམ་གྱིས་མོས་མཐུན་ཡོད་ཚུལ་ཞིག་བཏོན།

 

 

 

ནད་ཡམས་ས་ཁུལ་རང་ལའང་ཁྱབ་དར་སོང་རྗེས་ནས་བཟུང་མོས་རྟག་ཏུ་གསར་འགྱུར་དུ་ས་གནས་ག་གེ་མོར་ནད་ཡམས་ཀྱི་གནས་སྟངས་ཚུད་མི་ཤི་རྐྱེན་ངན་བྱུང་ཚུལ་སོགས་ཀྱི་གསར་འགྱུར་མང་པོ་ཡིན་སྟབས་མོ་རང་རྔང་སྐྲག་དང་བཅས་མཚོ་མོ་མོའི་ནང་དུ་འབྱོར་མ་ཐག་དེའི་སྐོར་གྱི་གསར་འགྱུར་སྡུག་ཆག་དེ་དག་ཧ་ལས་ཧོན་འཐོར་མདོག་གིས་རེ་རེ་བཞིན་བཤད་སྲོལ་ཡོད་པ་དང་། ད་ལྟའི་ཆར་མོ་ལ་རོགས་པ་བྱེད་མཁན་ཚང་མས་ཁ་རས་དང་ལག་ཤུབས། དེ་བཞིན་རྐང་ཤུབས་བཅས་གྱོན་དགོས་ལུགས་སྟོན་པ་ལྟར་རོགས་པ་བྱེད་མཁན་ཚང་མས་དེ་ལྟར་བྱེད་ཀྱི་ཡོད།

 

 

འོན་ཀྱང་མོ་རང་ནི་བྱ་བ་ཚང་མར་ཤིན་ཏུ་ནས་ཞིབ་ཚགས་ལྡན་པ་ཞིག་ཡིན་ཕྱིན། མཚོ་མོས་ཀྱང་གང་ཐུབ་ཀྱིས་གང་ས་ཅིའི་ཐད་ནས་ཡིད་གཟབ་ནན་པོ་བྱེད་ཀྱི་ཡོད། དེ་ནས་མཚོ་མོས་མོའི་ནད་པའི་གཟུགས་པོ་འཁྲུས་ཚར་ནས་སྔར་གྱི་ལག་ཤུགས་དེ་གྱོན་ནས་ཞོགས་ཟས་བཟོ་དགོས་སྟབས་མོ་ལ་གལ་ཏེ་གཟུགས་པོ་འཁྲུས་རྗེས་དང་གཙང་སྦྲ་བཟོ་ཚར་རྗེས་ཞོགས་ཟས་སྐབས་སུའངགཅིག་མཚུངས་ཀྱི་ལག་ཤུབས་དེ་གྱོན་པའི་ཐོག་སླར་ལག་པར་འདག་རྫས་རྒྱག་ནས་ཆུ་བཤལ་གཏོང་ན་མ་གཏོགས་དེ་མིན་ལག་ཤུབས་བརྗེ་ལེན་མེད་པར་སྔར་ལྟར་བཙོག་པའི་ནད་འབུ་རིགས་རང་འཇགས་ལག་ཤུབས་ཐོག་སྡོད་སྲིད་པའི་སྐོར་བློ་འདྲ་སྟོན་ཁུལ་བྱས་པར་མོས་དེ་མུར་ཐབས་དེ་ཧ་ཅང་ཡག་པོ་འདུག ངས་སང་ཉིན་ནས་རོགས་པ་བྱེད་མཁན་གཞན་ནས་ཀྱང་དེ་འདྲ་དགོས་ལུགས་བཤད་ཀྱི་ཡིན་ཟེར།

 

 

ལས་ཀ་བྱེད་ཡུལ་དུ་ལག་ཤུབས་དང་རྐང་ཤུབས། ཁ་རས་བཅས་གྱོན་ནས་ཆུ་ཚོད་འགའི་རིང་དེ་འདྲ་དགོས་པ་ཕུད། ཕྱིར་སྤྱོད་དུས་ཀྱང་མཚོ་མོས་གང་ཐུབ་ཡིད་གཟབ་ཀྱིས་སོ་སོར་དོ་དམ་བྱེད་པའི་ཁུལ་རེད། འོན་ཀྱང་སྤྱིར་ན་མོ་རང་ཁ་ཤུབས་གྱོན་རྒྱུར་མི་དགའ་བ་མ་ཟད། སྤྱི་སྤྱོད་རླངས་འཁོར་དུའང་དེ་གྱོན་སྙིང་མི་འདོད་པ་ལྟ་བུ་ཚོར་བཞིན་ཡོད། གང་ཡིན་ཟེར་ན། ས་གནས་རང་གི་མི་རྣམས་ཀྱིས་ད་དུང་ཡང་ཁ་ཤུབས་གྱོན་མཁན་ཉུང་བ་མ་ཟད། གལ་ཏེ་ག་གེ་མོས་ཁ་ཤུབས་ལག་ཤུབས་གྱོན་མཁན་མཐོང་ཚེ་དེ་ནི་ནད་ངན་ན་མཁན་དེ་ཡིན་པའི་ཟོལ་འདྲ་མཐོང་སྣང་དུ་མེད་འགྲོ་སྙམ་པས་ཡིན། སྤྱིར་ན་རང་གཞན་སུ་ཡིན་ཡང་ཚེ་སྲོག་རྩ་ཆེ་བ་ནི་གཅིག་མཚུངས་ཡིན་པ་ལས་ལ་ལེའི་ཚེ་སྲོག་རྩ་ཆེ་ནའང་གཞན་གྱི་ཚེ་སྲོག་རྩ་མི་ཆེ་བ་ག་ལ་ཡིན། དེ་མིན་མཚོ་མོ་ནི་ནང་པ་ཐབས་ཆགས་ཅིག་ཡིན་སྟབས་སེམས་སུ་རྒྱུན་དུ་ནས། སྐྱེ་རྒ་ན་འཆི་སྲོག་གི་འགྲོ་ལུགས་ཡིན། ནམ་མཆི་ནམ་ན་ངེས་བརྟེན་མེད་པ་ཡིན། སྔོན་ལས་བསགས་པའི་འབྲས་བུ་ཚེ་འདིར་འབྱུང་། དེ་ལ་ཐེ་ཚོམས་སོམ་ཉི་དགོས་དོན་མེད། ཅེས་པའི་ཚུལ་དེར་ཡིད་ཆེས་ཏན་ཏན་ཡོད་པའི་རྐྱེན་གྱིས་མཚོ་མོས་གཞན་ལ་མི་དགའ་བའི་རྣམ་འགྱུར་དང་རྣམ་རྟོགས་བསློང་བར་མི་དགའ་བར་གྱུར་ནས་ཡོད། མི་ལུས་ལེན་ཚད་ཀྱི་ཚེ་སྲོག་འདྲ་མཉམ་ཡིན་པའི་འདུ་ཤེས་སམ་ཚེ་སྲོག་དོར་རྒྱུར་སྐྲག་སྣང་གཅིག་མཚུངས་ཡིན་ཡང་གཞན་ལ་ལྟ་ཤེས་བསྟུན་མཁས་དང་། ནད་ངན་དེ་ཤིན་ཏུ་ནས་ཚབ་ཆེ་ཡང་ང་ཚོས་དེར་ཁ་གཏད་ཐུབ་པའི་ནུས་པ་ཡོད་མདོག་སྟོན་ཕྱིར་ཡིན་བསམ་པའི་ལོག་ལྟ་ལྟ་བུ་ཞིག་མཚོ་མོའི་སེམས་ནས་འཆར་ནས་ཡོད། དེར་བརྟེན། གཞན་དང་སེམས་ཐག་ཉེ་ཉེའི་ཚུལ་དུ་གྱོད་དང་གོད་ཆགས་དེ་དག་ལ་སྣང་མེད་ལྟ་བུའི་རྣམ་པ་སྟོན་ཐབས་དེས་མཚམས་རེར་མིའི་སེམས་ལ་བག་ལྷོད་དུ་འབབ་པའི་རྣམ་པ་ཞིག་མོས་མཐོང་གི་ཡོད་སྟབས་གང་ཐུབ་ཀྱིས་གཞན་ལ་ལྟ་ཤེས་བསྟུན་མཁས་བྱེད་ཀྱི་ཡོད།

 

 

 

 

དེ་བས་མོས་མཚམས་རེར་ལག་ཤུབས་ཡ་གཅིག་གྱོན་ནས་སྤྱི་སྤྱོད་རླངས་འཁོར་གྱི་བྱང་བུ་བརྡར་བ་དང་། དེའང་བྱང་བུ་བརྡར་དུས་ཀྱང་ངེས་པར་དུ་འཕྲུལ་ཆར་རེག་དགོས་པའང་ཁྱབ་པ་མེད་པ་ཤེས་ཀྱི་ཡོད། གལ་ཏེ་ཁྱོད་ཀྱིས་བྱང་བུ་དེ་འཕྲུལ་ཆའི་གོར་ཐིགས་དེར་ཁ་གཏད་དེ་བར་མཚམས་ཉེ་ས་ནས་མིག་སྟོན་ལྟ་བུ་བྱེད་ན་འཕྲུལ་ཆས་ཀྱིས་དུས་མཚུངས་དེར་ངོས་ལེན་བྱེད་པ་ལས་ངེས་པར་དུ་བྱང་བུ་འཕྲུལ་ཆར་མ་རེག་ན་མི་འགྲིག་པ་རྩ་བ་ནས་མིན་པའང་ཤེས། དེ་འདྲ་བྱེད་ན་བྱང་བུ་གཞན་ལ་རེག་མི་དགོས་པར་གཙང་མ་ཉར་ཐུབ་ལ། དངུལ་ཡང་བརྡར་ཐུབ་པ་སྨྲོས་ག་ལ་དགོས། མིག་སྣང་དུ་དེ་ཙམ་ཡང་མི་འགྲོ་བའི་བྱེད་སྟངས་དེས་མཚོ་མོའི་སྤྱང་གྲུང་འཛོམས་སྟངས་ཆུང་ངུ་ཞིག་ཀྱང་མཚོན་ཡོད་པའི་ཁུལ་ཡིན་པ་མ་ཟད། མོས་དེ་འདྲ་དགོས་ལུགས་ཀྱི་བསམ་ཚུལ་ཆུང་ངུ་དེ་གཞན་རིགས་མཐུན་འགའ་ལའང་བཤད་ཡོད་སྟབས་མོས་སེམས་ནང་དགའ་ལྷང་ལྷང་ལྟ་བུ་ཞིག་ཚོར།

 

 

མཚམས་རེར་མཚོ་མོ་རང་ཤག་ཏུ་བསྡད་དེ་བསམ་བློ་འདི་འདྲའང་འཁོར་གྱི་ཡོད། སོ་སོ་བོད་མི་ཞིག་ཡིན་པའི་ངོས་ནས་བཟང་པོ་དང་གཞན་ཕན་གྱི་སེམས་རྩ་ཉམས་མི་ཉེན་པའི་རྒྱུ་མཚན་ཤེས་པའི་ཁུལ་རེད་དེ་ད་ཆ་དབང་པོ་སྐྱོན་ཅན་ཚོར་རོགས་སྐྱོོར་བྱེད་དུས་མང་ཆེར་སེམས་ཁམས་མི་བདེ་བ་ཡིན་སྟབས། ལྟ་སྐྱོང་བྱེད་མཁན་གྱི་ལས་བྱེད་ཚོས་གང་ཐུབ་ཅི་ནུས་བྱེད་ཀྱི་ཡོད་ཀྱང་དེ་དག་གིས་རོགས་པ་བྱེད་མཁན་ཕྱོགས་ཀྱི་སྐྱོན་ཆུང་ཙག་ཡིན་ཡང་གནད་ཆེན་ཡིན་མདོག་གིས་སྐྱོན་བརྗོད་བྱེད་རྒྱུར་དགའ་བའི་གཤིས་ཀ་དེ་མང་ཆེར་ལ་གཅིག་མཚུངས་ཀྱི་ཡོད་པ་ཤེས། དེར་བརྟེན་མོས་སོ་སོས་གཞན་ལ་ཞབས་འདེགས་ཞུ་དགོས་ཀྱང་བོད་རང་ལ་མཚོན་ན་རྒན་རབས་ཕལ་ཆེར་ངོ་ལ་འཛུམ་ལྡན་སེམས་ལ་ཞི་ལྷོད། ངག་ལ་ཡ་རབས་ཀྱི་ཚིག་བརྗོད་མཁན། དེའི་ནང་ནས་ལ་ལ་ནི་དགོད་བྲོ་ཞིང་རྩེད་མཚར་ལ་དགའ་མཁན་ཡིན་པའང་ཤེས། མོས་བསམ་ན་མགོ་སེར་འདི་དག་གི་རིགས་ནི་སྨྱོ་ཤེད་ཆེ་བའི་རིགས་འདྲ་རེད་ཨང་།

 

ཁོ་ཚོས་ཞི་ལྷོད་བགས་འཕེལ་བ་ཟེར་བ་དེའི་གོ་དོན་ཙམ་ཡང་ཤེས་ཀྱི་མེད་པ་འདྲ། དེ་བས་གཞན་ལ་གཡོག་རྒྱུགས་དགོས་པའི་ལས་འདི་བསྐོས་པ་བདེན་ཡང་། སོ་སོའི་རྒན་རབས་ཏེ་དཔེར་ན་དགོན་པའི་ནང་བཞུགས་ཅིང་སེམས་སུ་བྱམས་ཆུབ་སེམས་བསྐྱེད་ཀྱི་ཉམས་ལེན་ལྡན་པ། ངག་ནས་བཟང་པོའམ་སྙན་པོའི་ངག་འཇམ་པའི་ཡ་རབས་ཀྱི་བླ་བཙུན་ལྟ་བུ་ཞིག་གཡོག་རྒྱུ་མ་རག་པ་དེ་ངོ་མ་སོ་སོ་བསོད་བདེ་དམན་པའི་རྟགས་མཚན་མངོན་གསལ་བ་ཞིག་རེད་ཨང་བསམ་ནས་མཚམས་རེར་སྐྱོ་སྣང་ཡང་ཏོག་ཙམ་ཡོང་གི་ཡོད་པ་རེད། འོན་ཀྱང་དེ་ནི་ལས་ཀྱི་བཀོད་པ་ལྟ་བུ་ཡིན་སྟབས་མཚོ་མོས་གང་ཐུབ་ཀྱིས་དགེ་ལས་སུ་བསྒྱུར་ཐབས་ལ་འབད་བརྩོན་བྱེད་མུས་ཡིན་ཡང་མོས་གཡོག་བྱའི་ཡུལ་དང་སོ་སོའི་ཁམས་དང་མོས་པ་ལའང་བསྟུན་ནས་ལས་ཀ་བརྗེ་བསྒྱུར་ཡང་གང་མཚམས་བྱེད་སྲོལ་ཡོད་པ་རེད། དེ་འདྲ་བྱེད་ན་གཅིག་ནི་གཞན་ལ་ཕན་པའི་བྱ་བའི་རྨང་གཞིའི་ཐོག་སྒེར་ལའང་མི་སྣའི་རྒྱབ་ལྗོངས་དང་ཉམས་མྱོང་མི་འདྲ་བའི་ཕྱོགས་ཤེས་ཐབས་ཀྱི་གོ་སྐབས་ལྡན་པས་ཡིན་ལ། མཚོ་མོས་སོ་སོའི་གཤིས་ཀའི་ནང་གལ་ཏེ་འགྲོག་འབྲེལ་དམ་ཟབ་སོང་རྗེས་སུ་གང་ཟག་དེའི་དབར་ཤི་འཐམ་རོ་འཐམ་ལྟ་བུར་མཐའ་སྐྱོང་མཁན་ཡིན་པ་དང་། དེའང་ལེགས་ཉེས་གང་ཡིན་ཆ་མི་འཚལ་ཡང་བོད་མི་མནལ་མ་ཞིག་གི་སྲོལ་རྒྱུན་གྱི་གཤིས་སྤྱོད་ཅིག་ཡིན་པ་འདྲ། འོན་ཀྱང་ཕྱི་མི་འདི་ཚོ་ནི་ཨ་གསར་རྟ་ལས་མགྱོགས་པའམ་འགྱུར་ལྡོག་ལ་ཧ་ཅང་དགའ་མཁན་ཡིན་ཕྱིན་མཚོ་མོས་གཤིས་ཀ་དེ་གཉིས་མཉམ་གནས་ལ་དཀའ་ངལ་གང་མཚམས་ཡོད་པ་ཤེས་ཀྱང་ཐབས་ཤེས་མེད་པ་ལྟ་བུ་རེད།

 

 

 

དེ་མིན་ད་ལྟ་ནད་ཡམས་ཚབ་ཆེ་བའི་དུས་འདིར་རྒྱལ་ཡོངས་སུ་གྲགས་ཆེ་བའི་གསར་ཁང་ ABC ནས་སྤྱི་ལོ་ ༢༠༢༠ ལོའི་ཟླ་ ༤ པའི་ཚེས་ ༡༡ བར་རྒྱལ་ཡོངས་སུ་ནད་པ་གྲངས་ ༦༧༤༥ བྱུང་ཞིང་། ༩༠ རྐྱེན་ལམ་དུ་སོང་ལུགས་བསྒྲགས་ཡོད། དེ་བཞིན་མཚོ་མོ་སྡོད་སའི་ས་གནས་ཉེ་འཁོར་ལ་མི་གྲངས་ལྔ་བཅུ་མ་ཟིན་ཙམ་ལ་ན་ཚ་འགོས་ཡོད་ལུགས་བཤད། འོན་ཀྱང་མོས་ད་བར་སོ་སོའི་རིགས་མཐུན་གཅིག་ལའང་ནད་དེ་འགོས་མེད་པར་ཤེས་རྗེས་སེམས་ཀྱི་གཏིང་རུམ་ཞིག་ཏུ་དགའ་ལྷང་ལྷང་གི་ཚོར་བ་ཞིག་ཀྱང་སྐྱེས་པར་བརྟེན། ཕྱོགས་གཞན་ནས་མོས་སོ་སོའི་སྒེར་སེམས་སམ་བདག་འཛིན་གྱི་བློ་དེར་ཡ་མ་ཟུང་གི་ངོ་ཚ་ཏོག་ཙམ་ཡང་སྐྱེ་བཞིན་ལུས་སོ།

 

 

 

 

 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།