མི་ཡག་པོ་ཞིག་བྱེད་ཀྱི་ཡིན།

images/216.jpg
མི་ཡག་པོ་ཞིག་བྱེད་ཀྱི་ཡིན།

Be a good human bing

做一個好人

མཆན་འགྲེལ།

དེང་རྒྱ་ནག་ནས་མཆེད་པའི་ནད་ངན་པ་དེས་ཚང་མ་ནང་ལ་འཛུལ་ནས་སྡོད་དགོས་ཤིང་། འཛམ་གླིང་གང་སར་ཤི་རྐྱེན་དང་ནད་པ་མང་དུ་འགྲོ་བཞིན་པ་ནི་ཧ་ཅང་ཡིད་སྐྱོ་དགོས་པ་ཞིག་ཅི་ལ་མིན། འོན་ཀྱང་རྐྱེན་ངན་གྲོགས་ཤར་ཞེས་པ་ལྟར་སྔོན་ལྟར་ལས་བྲེལ་འཚབ་འཚུབ་དེས་སུན་སྣང་རང་བཞིན་ཞིག་འོང་བ་ལས་ལྡོག་སྟེ་དེང་སང་ནང་ལ་སྡོད་རྒྱུ་རག་པ་ནི་ཆུང་དུས་དང་ཁྱོན་ནས་མི་འདྲ་བ་ཁུ་སིམ་མེར་དང་ལྷིང་འཇགས་ལ་དགའ་མཁན་དུ་གྱུར་སོང་བའི་གུས་མོར་མཚོན་ན་དགའ་སྣང་ཚོར་བའི་དུས་བཟང་པོ་ཞིག་ཡིན་ཨང་སྙམ་ནས་ཡོད།

ད་དེ་རིང་ཞོགས་པ་ཕྱི་ཙམ་ཡར་ལང་ནས་ཞོགས་ཟས་ཚར་རྗེས་ངའི་ཁྱོ་བོ་ཕྱི་གཅིག་ལ་འགྲོ་དགོས་ཟེར་ནས་སོང་། དེ་རྗེས་ང་དང་ངོ་ཤེས་བོ་ཆུང་མ་ཞིག་དྲ་ཐོག་ནས་ཅི་འགྲོས་མི་འགྲོས་འགའ་ཉུང་ཙམ་ཡང་བཤད་མཚམས་བཞག་སྟེ་བླ་མ་བྲག་གཡབ་རིན་པོ་ཆེའི་ལྗགས་རྩོམ་་་་

༄༅།།མི་ཡག་པོ་ཞིག་བྱེད་ཀྱི་ཡིན། ཞེས་པ་དེ་ལག་སོན་བྱུང་བར་སླར་ཡང་དེའི་སྐོར་བསམ་བློ་འདྲ་བསྐོར་ནས་བསྡད།

 མ་རྩོམ་དེ་སླར་ཐེངས་འགར་བཀླགས་རྗེས་ངའི་གཤིས་སྤྱོད་ཡོངས་ལ་རྣག་ཐོག་བཙག་འཁེལ་གྱི་དཔེ་ལྟར་འདུག་བསམ་ནས་མཚམས་རེ་སོ་སོའི་རྒྱུན་གཏན་གྱི་འཚོ་བའི་ནང་ལུས་ངག་ཡིད་གསུམ་གྱི་སྤྱོད་ངན་ཁག་ལ་ངོ་ཚ་ཁ་སྐྱེངས་པའི་ཚོར་བ་འགོག་མ་ཐུབ་པ་ཡང་ཡང་བྱུང་།

 

 

བླ་མའི་བཀའ་འདི་ནི་ཉིན་ཞག་དུས་དྲུག་གི་མིའི་འཚོ་བ་དངོས་ནང་ཁ་ཡོད་ལག་ཡོད་ཀྱི་ཉམས་ལེན་དང་། ཆོས་དང་མ་འབྲེལ་བའི་མིའི་རིགས་ཀྱི་ཡ་རབས་བཟང་སྤྱོད་སྤེལ་ཐབས་ལ་ཐད་ཀར་ཕན་པའི་བསླབ་བྱ་ཟབ་མོ་ཞིག་ཡིན་ཕྱིན་རིན་པོ་ཆེའི་བཀའ་འདི་ང་དང་འདྲ་བའི་ནང་པ་ཡིན་བསམ་པའམ་ནང་པ་བྱ་བསམ་མཁན་གྱི་རིགས། ནང་པ་ངོ་མ་ཡིན་མཁན་ནམ་དེ་མིན་ཡང་གང་ལྟར་མི་བཟང་པོ་ཞིག་བྱེད་ཀྱི་ཡིན་བསམ་མཁན་དཀྱུས་མ་ཡོངས་ཀྱི་བློ་སྦྱོང་ལ་ཕན་ཆེད་ངས་འདིར་བསྐྱར་བཀོད་ཅིག་བྱས་ཡོད་ལ་ངའི་གཤིས་ངན་ལའང་སྨན་པ་ནང་བཞིན་ཁྱོད་ཚོ་ལའང་ཕན་པའི་རེ་བ་ཆེན་པོ་བཅང་ནས་ཡོད་ལགས།

 

 

( བྲག་གཡབ་རིན་པོ་ཆེའི་མ་རྩོམ་ཡོངས་གཤམ་གསལ་ལྟར་ལགས།)

མི་ཡག་པོ་ཞིག་བྱེད་ཀྱི་ཡིན།

འགྲོ་བ་མིའི་འབྲེལ་ལམ་སྐོར་གྱི་རྨང་གཞིའི་བསམ་ཚུལ་འགའ་ཤས།

བྲག་གཡབ་བློ་ལྡན་ཤེས་རབ།

༢༠༡༨

 

སྔོན་གླེང་།

 

སྤྱི་ལོ་ ༢༠༠༥ ལོར་ང་རང་མཚམས་ཤིག་བསྡད་ནས། ལམ་རིམ་སྐོར་བསམ་བློ་གང་ཐུབ་གཏོང་ཁུལ་བྱས་དུས། བདག་གཞན་མཉམ་བརྗེའི་རིམ་པ་ལ་དམིགས་བསལ་བློ་སྦྱོང་སྟངས་དེ་ཚོར་རྩལ་འདོན་བྱ་རྒྱུ་བྱུང་། དེ་དུས་ བཀའ་གདམས་པའི་གསུང་གཅེས་བཏུས། དང་། གསུང་བགྲོས་ཐོར་བུ། ཟེར་བའི་ཕྱག་དཔེ་ཁག་གཉིས་ནན་ཏན་བྱས་ནས་ཀློག་སྟེ། སེམས་རྒྱུད་ལ་ཏོག་ཙམ་འཇགས་ཨེ་ཐུབ་བལྟས་ཙ། སྔོན་མ་ལས་ཕྲན་བུས་དྲགས་ཙམ་གྱི་གོ་བ་རྙེད་པར་ཕན་ཐོག་བྱུང་། དེ་དུས་ང་རང་རང་གི་བསམ་བློ་གཏོང་སྟངས་མུ་མཐུད་དྲན་གསོའི་ཆེད་དུ་དོན་ཚན་གང་འཚམས་ཤིག་བརྗེད་ཐོར་རྒྱབ་པ་ཡིན། སྐབས་དེར་རང་དང་གཞན་ཟེར་བའི་མིའི་སྤྱི་ཚོགས་ནང་གི་འབྲེལ་བ་དང་། ཆོས་སེམས་ཀྱི་འབྲེལ་བ་ཚང་མའི་འཇུག་སྒོ་དེ་ནི། ང་རང་རང་གིས་ཐོབ་པའི་མིའི་ལུས་རྟེན་འདིའི་རིན་ཐང་ཤེས་དགོས་པ་དང་། མི་དང་མིའི་བར་གྱི་འབྲེལ་བ་བྱེད་སྟངས་དེ་ཚོ་ལ་བརྟེན་ནས་མི་ཡག་པོ་ཞིག་འོང་ཐབས་གང་འདྲ་བྱ་དགོས་མིན་སྐོར་ལ་སོགས་པ་རྨང་གཞིའི་རིམ་པ་གཙོ་བོ་ཞིག་ཡིན་པར་མཐོང་ནས། དེ་ཚོ་ལ་དཔྱད་པ་ཕྲན་བུ་བྱས་པའི་ཁུལ་མ་གཏོགས། ནང་པའི་ཆོས་ཀྱི་སྒོམ་དང་། བྱང་ཆུབ་ཀྱི་སེམས། སྟོང་ཉིད། གསང་སྔགས། སངས་རྒྱས་ཀྱི་གོ་འཕང་ཟེར་བ་འདྲ་པོ་ཟབ་པོ་དང་། རྒྱ་ཆེན་པོའི་བརྗོད་བྱ་མཐོན་པོའི་རིགས་ཚོར་མྱོང་བ་འདོན་ཐབས་བྱས་མེད།

 

ཐོག་མར་གཞི་རིམ་གྱི་ཁྱད་ཆོད་དེ་ཚོ་སེམས་ནང་མེད་ན། གཞན་ལ་མཛའ་མཐུན་དང་། ཞི་དུལ་གྱི་བློ་སྐྱེ་མི་ཐུབ་ཙ། སྤྱི་ཚོགས་ནང་ལའང་ཕན་འདོད་ཀྱི་བསམ་བློ་འཁོར་དཀའ་བ་ཤེས་སོང་ལ། འདི་ནི་ལེགས་ཆ་ཚང་མའི་རྩ་བ་ཡིན་དུས། དེ་དང་མི་མཐུན་པའི་བསམ་བློ་ཞིག་བྱུང་ན། ངའི་སེམས་ནང་སངས་རྒྱས་པའི་ཆོས་འདིའི་ཐབས་ལམ་གཞན་དག་གང་འདྲ་ཞིག་ལ་བརྟེན་ནའང་བསམ་བློ་ཡར་རྒྱས་འགྲོ་བའི་སྒོ་རྒྱབ་པ་རེད་ལ། ཆོས་དང་སྤྱི་ཚོགས་ཚང་མའི་ཕན་བདེའི་ལམ་བཟང་འགགས་འགྲོ་ས་རེད། གཞི་རིམ་གྱི་བསམ་བློ་གཏོང་སྟངས་འདི་ཚོ་ངའི་གྲོགས་པོ་དང་། སློབ་ཕྲུག་ལ་སོགས་པའི་མི་གཞན་ལའང་ཕན་ཐོག་སྲིད་པ་རེད། ཡིན་ནའང་དོན་ཚན་འདི་ཚོའི་བལྟ་སྟངས་གྲས་ནུབ་ཕྱོགས་པ་ཚོ་ལ་དེ་ཙམ་ཡོངས་གྲགས་མ་ཡིན་པའང་སྲིད་པ་རེད། ནུབ་ཕྱོགས་པ་ཚོས་ནི་ངའི་བསམ་ཚུལ་འདི་བཅས་ཡག་པོ་ཤེས་པའི་ཆེད་དུ་སྔོན་ལ་ནང་པའི་ཆོས་སྐོར་ཉམས་མྱོང་ཕྲན་བུ་དགོས་ཀྱིན་ཡོད་འགྲོ་གལ་ཆེ་ཤོས་ནི། ང་རང་རང་གིས་བལྟ་དུས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པ་དང་། ཕན་ཚུན་གཅིག་གིས་གཅིག་ལ་བལྟོས་ནས་གྲུབ་པ་གཞིར་བཞག་ཐོག་ནས་བལྟ་ཚུལ་དེ་ལ་སློབ་སྦྱོང་བྱེད་དགོས་པ་འདི་རེད། སྤྱིར་བཏང་ནུབ་ཕྱོགས་ལུང་པ་ཁག་གི་མི་ཚོར་ཕྱོགས་རེ་བའི་བལྟ་སྟངས་ཤུགས་ཆེ་བ་གཙོ་བོ་རེད་བཞག ཁོང་ཚོས་་་ཕྱིའི་འཇིག་རྟེན་་་ལའང་ལྟོས་གྲུབ་ཀྱི་བསམ་པའི་འཆར་སྣང་ལ་བརྟེན་ནས་གྲུབ་ཚུལ་དེ་གོ་རྟོགས་ཐུབ་དཀའ་བ་འདྲ།

 

ད་དུང་གལ་ཆེ་བ་གཤམ་གླ་གཞན་ནི། རང་དོན་ལ་འབད་བརྩོན་བྱེད་པ་དང་ཆབས་ཅིག གཞན་ཕན་བྱེད་པའི་སྤོབས་པ་དང་། སྙིང་སྟོབས། ནུས་པ་དེ་བཅས་དེ། རང་གཅེས་འཛིན་དང་འབྲེལ་བ་གང་ཡང་མེད་ནའང་། ནུབ་ཕྱོགས་པ་ཚོས་གོ་ནོར་ཡང་སེ་ཐེབས་ཀྱིན་ཡོད་པའི་ཚོད་འདུག འདིའི་བར་གྱི་ཁྱད་པར་དེ་གལ་ཆེན་པོ་རེད། དེ་མིན་ཉོན་མོངས་པའི་དྲྭ་བའི་ནང་དུ་མུ་མཐུད་ཚུད་ནས་ཁེངས་དྲེགས་དང་། ང་རྒྱལ་གྱི་རྒྱབ་ཏུ་གབ་སྟེ། ད་དུང་རང་དང་སྒེར་སེམས་མེད་མདོག་མདོག་གི་རྣམ་འགྱུར་ལྟར་སྣང་ཞིག་ཐོན་གྱི་རེད། གང་ལྟར་དེ་སྔ་རང་རང་གི་གོམས་གཤིས་ལ་འཇགས་པའི་འཛིན་སྟངས་དེ། ད་དུང་བསམ་བློའི་སྒྲོམ་གཞིར་དམ་འཛིན་མི་བྱེད་པར། ཕྱོགས་ལྷུང་མེད་པའི་སེམས་ཀྱི་འཁྱེར་སོ་གཟུ་བོར་གནས་པ་དང་། གསལ་པོ་ཞིག་དགོས་རྒྱུ་གནད་ཆེན་པོ་རེད་ལ། དེའི་དོན་ལ་བལྟ་སྟངས་མ་ནོར་བ་ཞིག་དགོས་པ་རེད། ངས་ཡི་གེ་འདི་ཀློག་མཁན་ཚང་མར་དོན་ཚན་འདི་ཚོར་ཡང་ཡང་བསམ་བློ་གཏོང་རྒྱུའི་སེམས་ཤུགས་སྤར་འོས་པའི་བསྐུལ་ལྕག་ཞུ་གི་ཡིན།

 

 

འདི་ཡན་ཆད་ནི་དེ་སྔ་ང་རང་ནས་རྗར་མན་ཡིག་ཐོག་བརྗེད་ཐོ་བཀོད་པ་དེ། ལེགས་བཅོས་བཏང་ནས་འགྲེམས་སྤེལ་བྱས་པའི་སྔོན་གླེང་དེ་རེད། དྲན་ཐོའི་དེབ་ཆུང་དེ་རིམ་པས་དབྱིན་ཡིག་དང་། རྒྱ་ཡིག་ནང་ལ་བསྒྱུར་དུ་བཅུག་ཙ། མི་མང་པོས་ཀློག་ནས་མོས་པ་བྱུང་བཞག བར་ལམ་ང་ཚོ་བོད་རིགས་འགའ་ཤས་ནས་དྲན་ཐོ་འདི་བོད་ཡིག་ཐོག་ལ་དགོས་གསུང་མཁན་བྱུང་སོང་། ལོ་ཤས་སྔོན་ལ་མཁྱེན་ལྡན་མ་སྤྱི་ཟུར་གངས་ལྷ་མོ་མཆོག་ནས་རྒྱ་ཡིག་ནང་བསྒྱུར་བའི་ངའི་དྲན་ཐོའི་དེབ་ཆུང་དེ་བོད་ཡིག་ཐོག་བསྒྱུར་གནང་མཛད་འདུག་པའི་ཟིན་བྲིས་ཤིག་རག་བྱུང་། ཁོང་ནས་ཐུགས་སྣང་ཆེན་པོས་ཡིག་སྒྱུར་གྱི་སྐུ་ངལ་བརྟེན་པ་དེ་ལ་ད་རེས་གོ་སྐབས་འདི་བརྒྱུད་ནས་ངས་དམིགས་བསལ་ཐུགས་རྗེ་རྗེས་དྲན་ཞུ་གི་ཡིན། ཡིན་ནའང་བར་ལམ་ཡི་གེ་དེ་ངའི་རྩར་མཐོང་སར་མི་འདུག བྱས་ཙ་ད་རེས་ང་རང་གིས་ལམ་སེང་གསར་དུ་བསྒྱུར་བ་ཡིན། ང་རང་གིས་བྲིས་པའི་རྗར་མན་ཡི་གེ་ནས་ཚུར་བོད་ཡིག་ཐོག་སྒྱུར་དུས་ངའི་བསམ་བློ་གང་ཡིན་པ་དེ་ཚོ་གཙོར་བཟུང་བྱས་པ་དང་གཅིག ཕྱི་རྒྱལ་གྱི་ཡི་གེ་ནས་བོད་ཡིག་ནང་བསྒྱུར་བའི་རྣམ་པ་ཐོན་ནས། བོད་ཡིག་རང་གི་འགྲོས་ཉམས་པའི་སྐྱོན་ཆ་དེ་འདྲ་མི་ལྷག་པའི་ཐབས་ཤེས་གང་ཡོང་བྱས་པའི་རྒྱུ་མཚན་གཉིས་ལ་བརྟེན་ནས། སྐད་ཡིག་གཉིས་ཀྱི་རྗོད་ཚིག་ཕན་ཚུན་དཔར་བཀབ་གཅིག་མཚུངས་བརྒྱ་ཆ་བརྒྱ་ཐམ་པ་རང་མེད་ནའང་། དེབ་ཆུང་འདི་མི་གང་མང་མང་ཞིག་གིས་ཀློག་པའི་རེ་བ་བྱེད་ཀྱིན་ཡོད་ཙ། སུས་ཀློག་ནའང་ཧ་གོ་བ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད་བསམ་བྱུང་།

 

བྱས་ཙ་ཁ་སྐད་ནང་བཞིན་འབྲི་གང་ཐུབ་བྲིས་བཞག་ཡོད། ཁ་སྐད་ནང་བཞིན་སུམ་རྟགས་ཀྱི་འགྲོ་སྟངས་དང་མི་འགལ་བའི་ཐོག་ནས་བརྒྱ་ཆ་དགུ་བཅུ་སྐོར་འབྲི་ཐུབ་པའི་ང་ལ་གདེང་ཚོད་ཡོད་པའི་དཔེར་མཚོན་ཡང་ཡིན། བོད་ཡིག་འབྲི་ཚད་ཚང་མ་གནས་ཚད་གང་མཐོ་མཐོ་བྱས་ནས་བྲིས་བཞག་ན། བོད་ཡིག་གི་གནས་ཚད་ཡག་པོ་མེད་མཁན་ཚོས་བོད་ཡིག་མཐོང་བ་ཙམ་གྱིས་ཀློག་ཨེ་ཐུབ་བལྟ་མཁན་ཁག་པོ་ཆགས་ཀྱིན་འདུག་ཨང་། འགའ་ཤས་ནས་རྒྱུན་དུ་ཡི་གེ་འབྲི་དུས་ཡིག་སྐད་རྐྱང་རྐྱང་བེད་སྤྱོད་མ་བཏང་ན། རྗེས་མ་བཀའ་བསྟན་འགྱུར་ལ་སོགས་པའི་ཡི་གེ་གལ་ཆེན་པོ་དེ་ཚོའི་དོན་དག་མི་ཤེས་མཁན་ཆགས་ཀྱི་རེད་ཟེར་གསུང་མཁན་ཡོད་རེད། ཡིན་ནའང་ད་ལྟ་བོད་ཡིག་ཟབ་པོ་དེ་ཚོ་ཕར་ཞོག དཀྱུས་མ་དེ་ཚོའང་ཀློག་རྒྱུར་གྲ་འགྲིགས་ཀྱིན་ཡོད་མ་རེད། བྱས་ཙ་སྔོན་ལ་བོད་ཡིག་སྟབས་བདེ་ཞིག་ཀློག་རྒྱུ་དེ་ལ་དཀའ་ངལ་མེད་པ་ཞིག་བྱུང་ན། དེའི་རྐང་ཀྱག་འདྲ་པོ་ཞིག་གི་ཐོག་ནས་རིམ་པ་གཉིས་པར་བོད་ཡིག་བརྗོད་བྱ་མཐོན་པོ་དང་། ཟབ་པོ་དེ་ཚོར་དོ་སྣང་བྱེད་ཐུབ་པ་འོང་གི་རེད།

 

གལ་ཏེ་བོད་ཡིག་འབྲི་ཀློག་གཉིས་ཀ་ལས་སླ་པོས་བྱེད་ཐུབ་པ་འདི་འདྲ་ཞིག་དར་སྤེལ་མ་བཏང་ན། བོད་ཡིག་འབྲི་ཀློག་དོན་དག་དེ་ཚོར་བལྟ་དུས། དེང་སང་ང་ཚོའི་སྤྱི་ཚོགས་ནང་ལ་་་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་་་་སྐོར་དོ་སྣང་འཕེལ་བཞིན་པའི་སྐབས་འདིར་བསམ་བློའི་རྨང་གཞིར་མཐུན་འགྱུར་འགྲོ་བའི་དགོས་མཁོ་ཆེན་པོ་ཡོད་པ་ཤ་སྟག་ཡིན་པ་འདྲ་པོ་ཞིག་མཐོང་བྱུང་། ཡིན་ནའང་ང་རང་རང་ཉིད་ཡིད་ཆེས་བྱེད་སའི་དོན་ཚན་དེ་ཚོ་ང་རང་ལ་དྲན་གསོ་གཏོང་ཆེན་ཕྱོགས་སྒྲིག་བྱས་པ་ཞིག་ཡིན་མ་གཏོགས། ངས་རང་མཐོང་བྱས་བྱེད་སུ་གང་ལའང་ལམ་སྟོན་དང་། བསླབ་བྱ་རྒྱབ་ཀྱིན་མེད། གལ་ཏེ་སུ་འདྲ་ཞིག་ནས་ནང་དོན་འདི་ཚོས་སོ་སོའི་ཉིན་ཞག་ཕྲུགས་གཅིག་གི་སྤྱོད་ལམ་ལ་ཕན་ཐོགས་ཡོད་པར་གཟིགས་ནས། དེ་རྩིས་ལག་ལེན་བསྟར་མཁན་བྱུང་ན་ནི་རྗེས་སུ་ཡིད་རང་ཡོད། ཐུགས་རྗེ་ཆེ།

 

བྲག་གཡབ་བློ་ལྡན་ཤེས་རབ་ནས།

༢༠༡༨ ཟླ་ ༣ ཚེས་ ༡༨ ལ་བྲིས།

 

 

མ་རྩོམ།

ང་རང་མི་ཡག་པོ་ཞིག་འོང་ཐབས་བྱེད་ཀྱི་ཡིན།

མི་སུ་འདྲ་ཞིག་ཡིན་ནའང་རང་ཉིད་མི་ཐེབས་ཆག་ཅིག་བྱེད་འདོད་ཡོད་མ་རེད། བྱས་ཙ་ངས་ཉིན་བསྟར་རེ་བཞིན་འོག་གི་དོན་ཚན་འདི་ཚོའི་ཐོག་ལ་གཟབ་གཟབ་བྱེད་ཀྱི་ཡིན།

 

དང་པོ། སྤྱི་བཏང་སྐོར།

༡། ཞོགས་བསྟར་རེ་བཞིན་ཉི་མ་དེའི་རིང་ལ་རང་དོན་དང་། གཞན་དོན་གཉིས་ཀ་ཡག་པོ་འོང་བ་ཞིག་བྱེད་སྙིང་འདོད་པའི་ཀུན་སློང་བཅོས་དགོས། དགོང་མཐའ་ཉི་མ་དེའི་རིང་ལ་བསམ་པ་ནང་བཞིན་ཡག་པོ་བྱུང་ཡོད་མེད་སྐོར་ལ་བརྟག་དཔྱད་ཅིག་བྱེད་ནས། ཡག་པོ་བྱས་པའི་རིགས་ལ་དགའ་བ་སྒོམ་པ་དང་། ནོར་འཁྲུལ་ཤོར་བའི་རིགས་ཚོ་ངོས་འཛིན་ཐུབ་དགོས། དེ་ལ་བློ་འགྱོད་སྐྱེས་ནས་སང་ཉིན་ཕན་ཆད་དེ་འདྲ་མི་བྱེད་བསམ་པའི་སེམས་ནང་དམ་བཅའ་ཞིག་བཟང་ན། སེམས་ཤུགས་སྐྱེ་བ་ལ་ཕན་ཐོག་འདུག

 

༢། གལ་ཏེ་དཀའ་རྙོག་ཅིག་འཕྲད་དུས་དེ་སེལ་ཐབས་ཡོད་མེད་བལྟས་ནས། སེལ་ཐབས་ཤིག་འདུག་ན་སེམས་མི་བདེ་བ་བྱ་དགོས་དོན་ཡོད་མ་རེད། གལ་ཏེ་སེལ་ཐབས་མི་འདུག་ན་སེམས་མི་བདེ་བ་བྱས་ནའང་ཕན་ཐོགས་ཡོད་མ་རེད། རྒྱ་གར་གྱི་སློབ་དཔོན་ཞི་བ་ལྷས། གལ་ཏེ་བཅོས་སུ་ཡོད་ན་ནི། དེ་ལ་མི་དགའ་བྱ་ཅི་དགོས། གལ་ཏེ་བཅོས་སུ་མེད་ན་ནི། དེ་ལ་མི་དགའ་བྱས་ཅི་ཕན། ཞེས་གསུངས་འདུག

 

༣། ངའི་རྒྱུད་ཀྱི་ཉོན་མོངས་པའི་རྣམ་རྟོག་འདིའི་རྐྱེན་གྱིས་ངའི་སེམས་འདི་འཁྲུགས་པ་ཡིན་ན། དེའི་ལན་པ་དེ་ང་རང་རང་ལ་ཡོད་རེད། གལ་ཏེ་རྣམ་རྟོག་ནང་ཤར་ཚད་དེ་ཚོའི་རྗེས་ལ་རྒྱུག་ན། སེམས་ཀྱི་ཚོར་སྣང་ཇེ་སྡུག་ཏུ་འགྲོ་གིན་འདུག་པས། རྣམ་རྟོག་གིས་སེམས་དཀྲུགས་ནའང་སྣང་མེད་རང་བབས་སུ་བཞག་ན། རིམ་པས་ཡལ་ནས། རང་གཞན་སུ་ལའང་རྙོག་དྲྭ་བཟོ་གི་མ་རེད།

 

 

༤། ་་་ནོར་འཁྲུལ་མེད་མཁན་མི་སུ་ཡང་ཡོད་མ་རེད།་་་

ཟེར་སྲོལ་ཡོད་པ་ཡོངས་གྲགས་རེད། གང་ལྟར་ནོར་འཁྲུལ་ཡོད་པའི་བསམ་བློ་དེ་ཚོ་སེམས་ཀྱི་རང་བཞིན་ལ་ཞུགས་ཡོད་མ་རེད། དེ་ནི་འཕྲལ་སེལ་གྱི་རྣམ་རྟོག་རང་རེད།

 

 

༥། སོ་སོའི་ནོར་འཁྲུལ་སོ་སོས་མཐོང་ན། དེའི་རྐྱེན་གྱིས་གཉའ་ཆག་རྒྱུ་ཡོད་མ་རེད། རང་ཉིན་ཉེས་ཅན་ཞིག་ཡིན་བསམ་ནས་བློ་ཞུམ་བྱེད་སྡོད་རྒྱུ་མེད་པར། སྙིང་སྟོབས་བསྐྱེད་ནས་སེམས་ཐག་ཆོད་པོས་ཡར་རྒྱས་གཏོང་ཐབས་བྱ་དགོས།

 

 

༦། རྣམ་རྟོག་གི་ཤུགས་རྐྱེན་འོག་ཚུད་ན། དངོས་ཡོད་ཀྱི་གནས་སྟངས་ངོ་མ་མཐོང་ཐུབ་ཀྱི་མ་རེད། རྣམ་རྟོག་ནི་ཉོན་མོངས་པས་ལག་པ་རིང་པོ་བརྐྱངས་པ་ནང་བཞིན་གྱི་འཆར་ཚུལ་ཙམ་ཞིག་ཡིན་པ་དེ། རང་ཉིད་ནས་ངོས་འཛིན་ཐུབ་དགོས།

༧། བདེ་སྐྱིད་ནི་ཕྱི་ལོགས་ལ་འཚོལ་ས་མེད་པར། རང་ཉིད་ཀྱི་སེམས་ནང་དུ་འཚོལ་དགོས།

 

 

༨། ང་རང་མི་གཞན་དང་མཉམ་དུ་རྙོག་དྲྭའི་ནང་ལ་ཚུད་ན། དངོས་ཡོད་གནས་ཚུལ་བལྟ་ཐུབ་མཁན་བར་གནས་ཀྱི་མི་གཞན་དག་ཅིག་ལ་དེའི་སྐོར་གྲོས་བསྡུར་བྱས་ན་ཡག་པོ་རེད། དེའི་སྐོར་སོ་སོ་རང་ཉིད་བློ་ལྷོད་པོ་བྱས་ནས་སེམས་ཀྱི་འཆར་ཚུལ་ལ་བརྟག་དཔྱད་བྱ་དགོས།

 

 

༩། ཕུགས་ཀྱི་དམིགས་ཡུལ་ལྟེ་བ་དེ་མ་འགྲུབ་པའི་བར་དེར་དམིགས་ཡུལ་ཆུང་ཚེགས་མང་པོ་འགྲུབ་རྒྱུ་ཡོད་རེད། ཕུགས་ཀྱི་དམིགས་ཡུལ་ལྟེ་བ་བརྒྱ་ཆ་བརྒྱ་ཐམ་པ་མགྱོགས་པོ་བྱས་ནས་འགྲུབ་ཐབས་ཡོད་མ་རེད།

 

 

(འདོད་ཐག་ཉེ་པོ་བྱ་རྒྱུ་ཡོད་མ་རེད། ་་་དོན་ཆེན་འདོད་ན་ངང་རིང་དགོས་་་ཟེར་སྲོལ་ཡོད་རེད། )

༡༠། གནས་སྟངས་གང་འདྲ་ཞིག་གི་འོག་ཡིན་ནའང་། ཡོད་ན་ཆ་ཚང་ཡོད་དགོས་པ་དང་། མེད་ན་གཅིག་ཀྱང་མེད་དགོས་པ་འདྲ་པོའི་བསམ་བློ་ཐལ་ཆ་ཅན་དེ་འདྲ་གཏོང་མི་ཉན།   ་་་དཀར་པོ་དཀར་རྐྱང་དང་། ནག་པོ་ནག་རྐྱང་གང་རུང་མ་ཡིན་པའི་ཚོས་བཞི་སྐྱ་ཤུག་ཤུག་མང་པོ་ཡོད་རེད་་་ཟེར་སྲོལ་ཡོད་པ་ནང་བཞིན། མཐའ་གཉིས་སུ་མ་ལྷུང་བར་ཕྱོགས་གང་ས་ནས་བལྟ་ཐུབ་དགོས།

 

༡༡། བཟང་ཕྱོགས་ཀྱི་རེ་བ་བྱེད་པ་ནི་ཡར་རྒྱས་གོང་སྤེལ་དང་། མཐུན་འགྱུར་འགྲོ་བའི་ཆ་རྐྱེན་ཡག་པོ་རེད། སྡུག་ས་དང་དཀའ་ངལ་གྱི་ཕྱོགས་ཤ་སྟག་ནས་བལྟས་ན་འགོག་རྐྱེན་འོང་བའི་རྩ་བ་རེད།

 

 

༡༢། སྐད་ཆ་བཤད་དུས་བསམ་བློ་མ་བཏང་ནས་གང་བྱུང་མང་བྱུང་བཤད་རྐྱང་བྱས་ན་ཉེན་ཁ་ཆེན་པོ་རེད། བྱས་ཙ་སྐད་ཆ་མ་བཤད་པའི་སྔོན་དང་། སྐད་ཆ་བཤད་པའི་རིང་དེ་ལའང་ངའི་བསམ་བློའི་ནང་ལ་ཀུན་སློང་གང་འདྲ་ཞིག་ཁྱེར་ནས་བཤད་ཀྱིན་ཡོད་མེད་དང་། ཐལ་ཆ་ཡོད་པའི་ཚིག་འདྲ་བེད་སྤྱོད་བཏང་གིན་ཡོད་མེད་བརྟག་དཔྱད་གཟབ་གཟབ་བྱ་གིན་བཤད་དགོས་ལ། སྐད་ཆ་མང་དྲགས་རྒྱུའང་མེད། ་་་སྐད་ཆ་བཤད་པ་དེ་དངུལ་རེད། ངག་བཅད་དེ་གསེར་རེད།་་་ཟེར་སྲོལ་ཡང་འདུག དེ་ནང་བཞིན་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཇོ་བོ་རྗེས། ་་་མང་པོའི་ནང་དུ་ངག་ལ་བརྟག གཅིག་པུར་འདུག་དུས་སེམས་ལ་བརྟག ཅེས་གསུངས་འདུག

 

༡༣། རང་ཉིད་ནས་གང་བཤད་པ་དེ་རྐྱང་རྐྱང་ཚད་འཛིན་བྱ་འོས་པའི་ཚད་གཞི་ཞིག་ཡིན་པ་ནང་བཞིན་ཆ་བཞག་རྒྱུ་མེད། མི་གཞན་པ་དེ་ལས་མང་བ་ཤེས་མཁན་དང་། ཡག་པོ་ཤེས་མཁན་ཡོད་ཤག་བྱ་དགོས།

 

༡༤། གལ་ཏེ་རང་ཉིད་ནས་ཐག་གཅོད་ཅིག་བྱ་དགོས་བྱུང་ན། རང་དོན་རྐྱང་རྐྱང་བསམ་བློ་གཏོང་མི་ཉན། སོ་སོ་ནི་མི་གཅིག་རང་རེད། མི་མང་པོའི་སྤྱིའི་བདེ་དོན་ལ་ཕན་པའི་ཀུན་སློང་བཟང་པོ་ཞིག་རྨང་གཞིར་བཟུང་དགོས།

 

༡༥། རང་ཉིད་ནས་མི་གཞན་དག་གི་སྐད་ཆ་བཤད་པ་དེ་ཚོ་ཉན་ཤེས་པ་ཞིག་དང་། མི་གཞན་དག་དེས་གང་བཤད་པའི་དོན་དག་དེ་ཚོ་ཧ་གོ་བའི་འབད་བརྩོན་བྱ་དགོས།

 

༡༦། སོ་སོའི་བསམ་བློ་གཏོང་སྟངས་དང་། སྐད་ཆ་བཤད་སྟངས། སྤྱོད་པ་ཁྱེར་སྟངས་གང་ཐད་ནས་རང་གི་བསམ་བློའི་ཚོད་དཔག་ལས་ལྷག་པའི་ལེགས་བཅོས་གཏོང་ཐུབ་ཀྱི་རེད། དེའི་ཆེད་དུ་སེམས་ཤུགས་བསྐྱེད་དགོས།

 

༡༧། རང་ཉིད་སྡུག་བསྔལ་གང་ཡོད་པ་དེ་རྐྱང་རྐྱང་རྒྱུན་དུ་དྲན་ནས་སྡོད་པ་དང་། དེ་ལ་ད་དུང་སྒྲོ་བཏགས་ན་སྡུག་བསྔལ་འཐོལ་པ་འོང་གི་རེད་ལ། སེམས་ཞུམ་ནས་གཉའ་ཆག་པའི་ཉེན་ཁ་ཡོད་རེད

 

 

གཉིས་པ། དགྲ་དང་གཉེན།

༡༨། བཀའ་གདམས་པའི་དགེ་བཤེས་ཁམ་ལུང་པས། ་་་བྱམས་བརྩེ་ནི་རང་གི་ཁ་གཏད་དང་། དགྲ་བོ་འདུལ་བའི་ཐབས་ལམ་ཡག་ཤོས་དེ་རེད། ་་་གསུངས་འདུག

 

༡༩། སོ་སོས་རང་ཉིད་ཀྱི་ཐོག་ལ་བསམ་བློ་ཡག་པོ་གཏོང་མི་ཤེས་ན། མི་གཞན་དག་གི་ཐོག་ལ་གང་འདྲ་བྱས་ནས་བསམ་ཐུབ་ཀྱི་རེད། བྱས་ཙ་སྔོན་ལ་རང་ཉིད་ལ་བདེ་སྐྱིད་འོང་བའི་ཆེད་དུ་ཕན་ཐོག་ཡོད་པའི་རིགས་གང་ཡིན་པ་དང་། འོས་པའི་རིགས་དེ་ག་རེ་ཡིན་མིན་དེ་ཚོ་ཤེས་ཐབས་བྱ་དགོས། རང་གཅེས་འཛིན་ལ་ནི་ཡིད་ཆེས་ཐབས་བརྟན་པོ་མེད་ཙ་གལ་ཏེ་དེ་ལ་བློས་བཀལ་ན་ནོར་འཁྲུལ་རེད།

 

 

༢༠། ངས་མི་གཞན་གྱི་ཐོག་ལ་བསམ་བློ་མང་པོ་དེ་འདྲ་གཏོང་དགོས་པའི་རྒྱུ་མཚན་ག་རེ་རེད། དེ་ནི་ཕུགས་ལ་རང་ཉིད་ལའང་ཁེ་ཕན་ཡོད་ཙ་རེད། རང་ལ་བདེ་སྐྱིད་དང་། གོ་སྐབས་བཟང་པོ་ཐོབ་དང་མི་ཐོབ་ཟེར་བ་ནི་མི་གཞན་ཤ་སྟག་ལ་བརྟེན་ནས་འོང་དགོས་པ་དེ་ཤེས་དགོས།

 

༢༡། ང་ལ་མི་གཞན་པས་མཐུན་པོ་དང་གྲོགས་པོའི་རྣམ་འགྱུར་སྟོན་ནས་མོས་པོ་བྱེད་མཁན་དང་། བརྩི་འཇོག་བྱེད་མཁན། ངའི་གནས་སྟངས་ལ་བསམ་ཤེས་བྱེད་མཁན། བྱམས་བརྩེའི་དྲོད་ཀྱི་ཚོར་སྣང་སྟེར་མཁན་བྱུང་ན་དགའ་པོ་འདུག ཡིན་ནའང་དེ་འདྲ་འོང་བ་ལ་ང་རང་གི་ངོས་ནས་ཀྱང་མི་གཞན་ལ་དེ་དང་ཕྱོགས་མཚུངས་པའི་ཚོར་བ་བཟང་པོ་ཞིག་ཕར་སྤྲོད་པ་ལ་བརྟེན་ནས་འོང་དགོས་རེད། དེ་ནི་གཞན་ལ་ཕྱིའི་རྣམ་འགྱུར་ཙམ་མིན་པར་དོན་དམག་པའི་མཛའ་མཐུན་གྱི་བསམ་བློ་དང་། ཀུན་སྤྱོད་ཐོག་ནས་ལག་ལེན་བཀའ་དགོས་རེད། དེ་ནི་་་་བྲག་ཆ་གང་འདྲ་ཞིག་ཚུར་འོང་དང་མི་འོང་དེ་་་ཕར་སྐད་རྒྱབ་སྟངས་ལ་རག་ལས་་་ཟེར་སྲོལ་ཡོད་པ་ནང་བཞིན་རེད།

 

 

༢༢། གལ་ཏེ་ང་ལ་དགྲ་ཞིག་ངེས་པར་དུ་དགོས་པ་དང་། དེས་སོ་སོས་རང་ཉིད་ལ་ཕན་ཐོགས་ཡོད་པ་མཐོང་གིན་འདུག་ན། གཞན་ལ་མི་དགའ་བ་བྱས་ན་འགྲིགས་པ་རེད། ཡིན་ནའང་དེ་འདྲས་སོ་སོ་ལ་དངོས་གནས་ཕན་ཐོགས་འདུག་གམ། ་་་གཟབ་གཟབ་བྱས་ནས་བལྟ་རྒྱུ་དེ་གལ་ཆེན་པོ་རེད། ་་

 

༢༣། གཅིག་བྱས་ན་ཐོག་མར་ངས་མི་གཞན་ལ་མཐུན་པོ་བྱེད་ཐུབ་པའི་ཆེད་དུ་ཨུ་ཚུགས་རྒྱབ་དགོས་པ་འོང་གི་རེད་དེ། དེ་དཀའ་ངལ་གང་ཡང་མ་རེད། ནམ་ཞིག་དེ་གོམས་ནས་དངོས་གནས་དྲང་གནས་མཐུན་པོ་བྱེད་སྟངས་དེ་སོ་སོའི་གཤིས་ཀ་ཆགས་འགྲོ་གིན་རེད།

 

 

༢༤། སེམས་ཀྱི་གཤིས་ཀ་ངོ་མ་དེ་་་་བརྩེ་བ་ཡིན་ཙ་་་་ཚང་མར་མཐུན་པོ་བྱེད་པ་དང་། མི་གཞན་པའི་བདེ་སྡུག་ལ་དོ་སྣང་བྱེད་པ་དེ་ཚོ་རེད། སོ་སོའི་བསམ་བློ་གུ་ཡངས་པོ་གཏོང་རྒྱུ་འདི་ནི་ཞི་བདེའི་རྩ་བ་རེད། དེ་དང་འགལ་བའི་སེམས་ཀྱི་ཁྱེར་སོ་དེ་བཅས་དེ་ཆགས་སྡང་གི་རྐྱེན་འཕྲལ་སེལ་ཙམ་ལས་བྱུང་བའི་བལྟ་སྟངས་དངོས་ཡོད་ཀྱི་གནས་ཚུལ་དང་མི་མཐུན་པའི་རྫུན་མ་ཞིག་དང་། གནོད་པའི་རང་བཞིན་ཞིག་རེད།

 

༢༥། ངས་གཞན་ལ་རོགས་ཤིག་བྱེད་དུས་དགའ་པོའི་ཐོག་ནས་བྱེད་ཀྱི་ཡིན། བྱས་ཙ་ང་ལ་མི་གཞན་པས་ཚུར་བཟང་པོའི་བཟང་ལན་མཇལ་བའི་རེ་བ་ཕར་ཞོག ཐུགས་རྗེ་ཆེ་ཟེར་རོགས་བྱས་ན་བསམ་པའི་རེ་བ་ཙམ་ཡང་རྒྱག་གི་མིན། ཕན་ཐོག་བྱེད་པ་དེ་ཁེ་གྱོང་གི་དོན་ལ་ཚོང་རྒྱབ་པ་ནང་བཞིན་མ་རེད། དེ་འདྲ་བསམ་མ་ཤེས་ན་སེམས་མི་དགའ་བ་འོང་རྒྱུའི་འཆར་གཞི་སྔོན་ནས་བཀོད་པ་ནང་བཞིན་ཆགས་ཀྱི་རེད།

 

 

༢༦། རེ་བ་དང་དོགས་པ་མང་པོ་བྱེད་པ་དེ་ཚོ་ནི་འགལ་རྐྱེན་འོང་བའི་གཞི་རྩ་རེད།

 

༢༧། གཞན་ལ་རོགས་བྱ་རྒྱུ་བློས་བཏང་ནས་མཚམས་བཞག་ན། དེ་མ་ཐག་ནས་སོ་སོ་རང་ཉིད་ལ་མི་གཞན་པས་དང་ལེན་བྱེད་མཁན་འོང་གིན་མ་རེད། བྱས་ཙ་ནོར་འཁྲུལ་རེད།

 

 

༢༨། ངས་མི་གཞན་པར་ཕན་ལ་རོགས་བྱེད་ན། མ་འོངས་པར་གཞན་ནས་ཚུར་རོགས་བྱེད་པའི་རྒྱུ་ལ་འགྲོ་གིན་རེད། ་་་ཡིན་ནའང་དེ་འདྲའི་རེ་བ་རྒྱབ་ན་དཀའ་ངལ་འོང་སྲིད་པ་རེད།

་་་

༢༩། ངས་མི་གཞན་ལ་སྐྱོན་ཤ་སྟག་གི་ངོས་ནས་བལྟས་ན་སོ་སོ་རང་ཉིད་མི་ཡག་པོ་མིན་པའི་རྟགས་བསྟན་པ་རེད།

 

༣༠། གལ་སྲིད་ངས་མི་གཞན་ལ་འབྲེལ་ཐག་གཅོད་དགོས་བྱུང་ན། དེའི་མཇུག་འབྲས་ཀྱི་འགན་དེ་རང་ཉིད་ལ་ཡོད་པ་ཤེས་པར་བྱས་ནས་ག་དུས་ཡིན་ནའང་གཞན་དག་ལ་སྡང་པོ་དང་། མིའི་སེམས་ལ་ཕོག་པའི་ཚིག་ངན་པ་ཁ་ནས་མ་ཤོར་བ་བྱ་རྒྱུ་གལ་ཆེ།

 

༣༡། གཞན་ལ་སྐྱོན་མ་བཙུགས་པའི་སྔོན་ལ་རང་ལ་སྐྱོན་ཡོད་མེད་བལྟ་དགོས།

 

 

༣༢། ང་ལ་གནས་སྟངས་གང་འདྲ་ཞིག་གི་འོག་དང་མི་སུ་འདྲ་ཞིག་ལ་བརྟེན་ནས་རྙོག་དྲྭ་ཞིག་བྱུང་སོང་ན། དེའི་རྐྱེན་རྩ་གཙོ་བོ་ཞིག་ནི་སོ་སོ་རང་ཉིད་ལ་ཐུག་པ་དེ་ཤེས་དགོས།

 

༣༣། ངས་རྒྱུན་དུ་སོ་སོ་རང་ཉིད་ཀྱི་སྐྱོན་ཆེན་པོ་ཡོད་པ་དེ་ཚོའང་མི་མཐོང་། གཞན་དག་གི་སྐྱོན་ཆུང་ཚེགས་ཡན་ཆད་མཐོང་གིན་ཡོད་རེད། ག་རེ་རེད་ཟེར་ན། ངས་རྟག་པར་མི་གཞན་དག་ལ་སྐྱོན་ངོས་ནས་བལྟ་གིན་བསྡད། ཁོང་ཚོའི་ཡོན་ཏན་གྱི་རིགས་དེ་ཚོར་སྣང་མེད་བཏང་ཙ། སྐྱོན་ཤ་སྟག་མཐོང་གིན་ཡོད་རེད། ངའི་དགའ་པོ་ཉེ་པོའི་སྐྱོན་དེ་ཚོ་སྣང་མེད་བཏང་ཙ། ཡོན་ཏན་ཤ་སྟག་མཐོང་གིན་ཡོད་རེད། བལྟ་སྟངས་དེ་འདྲ་ངོ་ཚ་ཡ་ཞིག་རེད།

 

 

 

 

གསུམ་པ། རང་ཉིད་གཅེས་འཛིན།

༣༤། རང་ཉིད་ལ་གདེང་ཚོད་དང་སྙིང་སྟོབས་བསྐྱེད་རྒྱུ་གལ་ཆེན་པོ་རེད། ཡིན་ནའང་སོ་སོ་ལ་རང་གཅེས་འཛིན་ཡོད་པའི་རིང་དེར་སེམས་ནང་གདེང་ཚོད་དང་སྙིང་སྟོབས་བརྟན་པོ་ནམ་ཡང་འོང་ཐུབ་ཀྱི་མ་རེད།

 

 

༣༥། བསམ་བློ་གུ་ཡངས་པོ་ཡོད་ན་ཞེད་སྣང་བརླགས་ནས་སེམས་ནང་སྙིང་སྟོབས་ཀྱི་ནུས་ཤུགས་མངོན་ཐུབ་པ་འོང་གི་རེད།

 

 

༣༦། ད་ལྟ་ནང་བཞིན་རང་གཅེས་འཛིན་གྱིས་རང་ཉིད་ཁ་ལོ་སྒྱུར་བའི་རིང་དེར་སོ་སོ་ལ་ཕན་པའི་བསམ་བློ་ངོ་མ་ནམ་ཡང་གཏོང་ཐུབ་ཀྱི་མ་རེད།

 

༣༧། རང་གཅེས་འཛིན་འདི་རང་ཉིད་སྲུང་སྐྱོབ་བྱེད་མཁན་ཡིན་པར་ཆ་འཇོག་བྱས་ནའང་། དེས་སྲུང་སྐྱོབ་མི་འོང་པ་མ་ཟད། རྙོག་དྲྭ་ཐམས་ཅད་འོང་སའི་སྒོ་རང་རེད་འདུག

 

 

༣༨། ང་ལ་སྲུང་སྐྱོབ་བྱེད་མཁན་ནི་རང་གཅེས་འཛིན་དེ་རེད་མི་འདུག ངའི་གུ་ཡངས་པོའི་བསམ་བློ་འདི་རེད་བཞག འདི་ལ་བརྟེན་ནས་ངས་རྐང་པ་གཉིས་ཀ་ས་ལ་བཙུགས་ཐུབ་པའི་བརྟན་པོ་ཆགས་ནས་གཞན་ལའང་དངོས་གནས་རོགས་བྱེད་ཐུབ་ཀྱི་འདུག

 

 

༣༩། ད་ལྟ་བར་དུ་ང་ནི་རང་གཅེས་འཛིན་གྱིས་ང་ལ་དབང་བསྒྱུར་བ་དེའི་འོག་ཏུ་ཕྱིན་བཞག བྱས་ཙ་བར་དབྲག་མེད་པར་རང་གཅེས་འཛིན་དེའི་འཁྲུལ་གྱིས་རང་ཉིད་སྲུང་སྐྱོབ་ཡིན་པའི་ཁུལ་ལ་མགོ་འཁོར་ནས་ལུས་སོང་། རྣམ་རྟོག་བརྒྱ་སྟོང་མང་པོ་དང་། ཞེད་སྣང་སྐྱེས་ནས་དངོས་གནས་དྲང་གནས་ང་རང་གི་སྙིང་སྟོབས་ལ་བསམ་བློ་གཏོང་རྒྱུ་དང་། སེམས་བག་ལྷོད་པོ་བྱ་རྒྱུ། བསམ་བློ་གྲུང་པོ་གཏོང་རྒྱུའི་དུས་ཚོད་རག་མ་སོང་། ངའི་རྙོག་དྲྭ་ཚང་མ་རང་གཅེས་འཛིན་འདིས་བཟོས་བཞག ད་ནས་བཟུང་སྟེ་་་རང་གཅེས་འཛིན་འདི་ལ་མགོ་མི་སྒུར་བར་་་་ང་རང་གིས་དེ་སྔ་རང་འདོད་དང་། རང་གཅེས་འཛིན་འདི་གལ་ཆེན་པོ་མ་བརྩིས་པར་བྱེད། སྤྱི་ཡོངས་ཀྱི་གནས་སྟངས་ལ་གཙོ་བོར་བལྟས་ནས་བསམ་ཤེས་ཐུབ་ཡོད་ན། ང་རང་ཞེ་དྲགས་སྐྱིད་པོ་བྱུང་ཡོད་རེད།

 

 

༤༡། གལ་སྲིད་ངས་རྒྱུན་དུ་ང་རང་གི་སྐོར་ཤ་སྟག་བཤད་བསྡད་ན། རང་གཅེས་འཛིན་ཤུགས་ཆེན་པོ་དང་། རང་འདོད་ཚ་པོ་ཡོད་པའི་རྟགས་རེད། ང་དང་ང་ཟེར་རྒྱུའི་ཚབ་ལ་ང་ཚོ་དང་། ང་ཚོ་ཟེར་ཐུབ་ན་ཡག་ཤོས་རེད་བཞག

 

༤༢། གལ་རེ་ངས་་་ང་རང་རང་ལ་གང་ལྟར་རང་མཐོང་གི་གདེང་སྤོབས་ཤིག་ཡོད་་་་བསམ་ན། དེ་ནི་ངའི་རང་གཅེས་འཛིན་ལ་རྒྱབ་སྐྱོར་བྱས་པར་འགྲོ་གིན་ཡོད་ཙ་རྙོ་དྲྭ་ད་དུང་ཆེ་རུ་འགྲོ་གི་རེད།

 

 

༤༣། སེམས་ལ་ཕོག་ཆོག་ཆོག་དེ་ནི་སོ་སོ་རང་ལ་གྱོང་ཞིག་རག་དོགས་ཀྱི་ཚོར་སྣང་ཞིག་འོག་གིན་ཡོད་ཙ། རང་གཅེས་འཛིན་གྱི་འཕྲུལ་ལས་བྱུང་བ་རེད། ཚོར་སྣང་སྐྱེན་པོ་དང་། དོན་དམ་པའི་དངོས་ཡོད་གནས་ཚུལ་དང་མཐུན་པ་བྱས་ན་ཡག་ཤོས་རེད།

 

 

༤༤། རང་གཅེས་འཛིན་འདི་རྒྱུན་དུ་དྭོགས་པའམ། དངངས་སྐྲག་ཅིག་དང་འབྲེལ་བསྡད་ཡོད་རེད། བྱས་ཙ་སེམས་ཚོད་མི་ཐེགས་པའི་ཐེ་ཚོམ་སྐྱེས་ནས་བསམ་བློ་གུ་ཡངས་པོ་གཏོང་རྒྱུར་འགོག་རྐྱེན་བྱེད་ཀྱིན་ཡོད་རེད། རྐྱེན་རྩ་དེ་འདྲ་ཡིན་པའི་ཆ་ནས་ངེས་པར་དུ་མི་གཞན་ལ་འབྲེལ་བ་བར་མཚམས་གཅོད་པ་དང་། འགྱངས་ཐག་རིང་རུ་གཏོང་བ། གང་བྱུང་མང་བྱུང་ཚོད་དཔག་བྱས་ནས་སྐྱོན་དུ་བལྟ་བ་དེ་ཚོ་མེད་པར་བཟོ་དགོས་རེད།

 

 

བཞི་པ། སྡང་སེམས།

 


༤༥། ངའི་སེམས་ནང་གཞན་ལ་རྒོལ་འཛིངས་ཁ་གཏད་ཀྱག་རྒྱུའི་འདུན་པ་དང་། སྡང་པོ་བྱེད་པའི་སེམས་འདི་ཚོས་རང་ལ་བདེ་སྐྱིད་འོང་བར་ཕན་ཐོག་ནམ་ཡང་བྱེད་ཀྱི་མ་རེད། དེ་ཚོས་ང་རང་རང་དང་མི་གཞན་དག སྤྱི་ཚོགས་དང་བཅས་པར་མཛའ་མཐུན་དང་། བསམ་ཤེས་ཐུབ་པའི་བློ་ལ་གནོད་སྐྱོན་གཏོང་གི་རེད།

 

 

༤༦། ངས་གཞན་དག་ལ་ཚིག་རྩུབ་པོས་སྐད་ཆ་བཤད་ན། མཐའ་མར་ང་རང་རང་ལ་གནོད་ནས། རང་གི་མཚོན་ཆ་རང་ལ་ཚུར་འཁོར་བ་ནང་བཞིན་རེད། ཚིག་རྩུབ་འདིས་རང་གཞན་གཉིས་ཀའི་སེམས་དཀྲུགས་ནས་མི་བདེ་བ་བཟོ་རྒྱུ་མ་གཏོགས་གཞན་ཕན་ཐོག་གང་ཡང་ཡོད་མ་རེད།

 

 

༤༧། ཚིག་རྩུབ་མེད་པར་ངག་འཇམ་པོ་དང་། གསལ་པོ། དྲང་བདེན། དོན་ཕན་ལྡན་པར་བཤད་ན། འདོད་དོན་འགྲུབ་མི་ཐུབ་པ་ཕལ་ཆེར་ཡོད་མ་རེད།

 

༤༨། མི་གཅིག་གིས་ང་ལ་ཚུར་་་གཅིག་་་ལབ་ན། ངས་དེ་ལ་ཕར་ ་གཉིས་་་ལབ་དགོས་དོན་ཡོད་མ་རེད།

 

 

 

ལྔ་པ། ང་རྒྱལ།

༤༩། སྤྱི་ཚོགས་ནང་དུ་རང་ཉིད་ལ་བརྩི་འཇོག་ཆེན་པོ་ཡོད་ན། དངོས་གནས་བྱས་ན་དེ་ནི་ཕྱི་ཚུལ་ཙམ་རེད། དོན་དངོས་ཐོག་ལ་སོ་སོ་རང་ཉིད་་་་གཞན་གྱི་དྲིན་ཁོ་ན་ལ་བརྟེན་ནས་འཚོ་དགོས་པའི་་་་མགོན་མེད་ཉམ་ཆུང་ཞིག་ཡིན་ཙ་ང་རྒྱལ་བྱས་ན་རྫུན་རང་རེད།

 

 

༥༠། ང་རྒྱལ་ཡོད་ན་ཡོན་ཏན་བཟང་པོ་གསར་པ་སྐྱེ་རྒྱུ་ཐམས་ཅད་ལ་འགོག་རྐྱེན་བྱེད་ཀྱིན་རེད། རང་ལ་ཡོན་ཏན་གང་ཡང་རུང་བའི་ཆ་ཤས་ཕྲན་བུ་ཞིག་ཤེས་པ་དེ་ཀར་ཡོན་ཏན་ཆེན་པོ་ཡོད་པའི་མཁས་པ་ཞིག་ཡིན་པའི་ཚོར་སྣང་བྱུང་ན། དེ་ནི་ང་རྒྱལ་གྱི་རློམ་སེམས་ཡིན་ཙ་ཉེན་ཁ་ཧ་ཅང་ཆེན་པོ་རེད།

 

 

  ་་་ཡོན་ཏན་ཆུང་ཆུང་དེ་ཉེན་ཁ་རེད་་་་ཟེར་བཤད་སྲོལ་ཡང་འདུག་ཨང་།

 

༥༡། ་་་ང་རྒྱལ་གྱི་སྐྱོན་དེ་ཚོ་མཐོང་བཞིན་དུ་་་་ངས་ད་དུང་ང་རྒྱལ་དང་། རང་འདོད་ཚ་པོ་བྱེད་ན་ངོ་ཚ་བའི་གནས་རེད། དེ་འདྲ་སོ་སོས་མྱོང་བས་གྲུབ་ནས་ཤེས་བཞིན་དུ་ང་རྒྱལ་བྱས་ན། མི་ཡག་པོ་ཞིག་བྱ་རྒྱུའི་སྤུས་ཀ་དང་། རིན་ཐང་ཐོག་ལ་མིག་དཔེ་ངན་པ་ཞིག་ཆགས་པ་རེད།

 

 

༥༢། སེམས་ནང་གི་སྤུས་ཀའམ། བསམ་བློའི་ཁྱད་ཆོས་ག་ཚོད་མང་བ་ཧ་གོ་ཐུབ་ན། དེའི་ཚོད་ཙམ་གྱིས་སོ་སོའི་ཤེས་བྱའི་ཆུ་ཚད་དམའ་པོ་ཡིན་པའི་ཚོར་བ་ཤུགས་ཆེ་རུ་ཕྱིན་བྱས། ་་་ད་དུང་ཤེས་ཡོན་ལ་དོ་སྣང་འོང་བས་་་ཡག་རྟགས་རེད།

 

 

མདོར་ན།

ང་ད་ལྟ་བར་དུ་ནང་བཞིན་ལྐུག་རྟགས་བསྟན་ནས་བསྡད་ཀྱི་མིན།

མཇུག་གི་དྲན་ཐོ།

 

 

ངའི་ད་ལྟའི་བསམ་བློའི་གནས་སྟངས་ཞན་པོ་འདིས་ངའི་ལས་འགན་ཚང་མ་སྒྲུབ་ཐུབ་ཀྱི་རེད་པས། ཡིན་ཡང་དེ་ནི་ངའི་ཐིན་ཐང་བརྩི་སྟངས་ལ་རག་ལས་པས་མ་ཚད། བསམ་བློ་གཏོང་སྟངས་སྐྱོན་མེད་པ་ཞིག་ཡོད་དགོས་པའང་རེད། གལ་ཏེ་རང་ཉིད་རྒྱུན་དུ་བསམ་བློའི་འཁྱེར་ཕྱོགས་རྙོག་དྲྭ་ཚ་པོ་དང་། ཅ་ཟིང་པོ་འདི་ནས་མ་ཐར་ན། སྔོན་ལ་སེམས་ཁམས་རིག་པའི་སྨན་པ་བསྟེན་དགོས། དེ་ནི་ངོ་ཚ་དགོས་པ་གང་ཡང་མ་རེད། ཆོས་པའི་གཟུགས་བརྙན་ཙམ་དུ་བསྡད་པ་ལས། ཐོག་མར་གོང་དུ་བཀོད་པའི་རྨང་གཞིའི་དོན་ཚདན་དེ་ཚོ་ལག་ལེན་བཀལ་ནས་སེམས་ལ་བཟོ་བཅོས་རྒྱབ་་་དགོས་པ་དེ་ནི་རྩ་བ་ཆེ་བ་རེད།

 

 

་་་གདམས་ངག་མཚང་ཐོག་ཏུ་ཁེལ་་་་ཟེར་བ་ཞིག་གསུངས་སྲོལ་ཡོད་པ་ནང་བཞིན། གོང་གི་དོན་ཚན་དེ་ཚོའི་སྐོར་ཀློག་ནས། གོ་བ་དེ་ཀ་སོ་སོའི་སེམས་ལ་ཕོག་པ་འདྲ་པོའི་ཚོར་བ་བྱུང་ན་གནོད་སྣང་བྱེད་རྒྱུ་ཡོད་མ་རེད། བསླབ་བྱ་དེ་ཚོ་སོ་སོའི་སྒང་་་་གི་ནང་ཐིག་་་ལ་ཕོག་པ་རེད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།