འཕགས་མོ་སྒྲོལ་མ་ལྷག་ཏུ་དྲན།

རྐྱེན་ངན་ཐོག་ཏུ་འབབ་དུས་འཕགས་མོ་སྒྲོལ་མ་ལྷག་ཏུ་དྲན།
Facing human disasters, miss Mother Tara more
類災難,更加思念佛法度母尊

Ta_68.jpeg
བརླན་པའི་བསིལ་མ་དུལ་ཡང་འར་འུར་རྒྱུགས་ལ་བྲེལ་ཞིང་སུན་སྣང་ཁེངས།།
ཆུ་འཛིན་འཐོར་ཡང་ཆར་དང་རླུང་ལ་ཕྲེལ་དགོད་ཁོག་ནས་ཤོར་དང་མཚུངས།
དྲེགས་པོ་ཐོག་དེ་ངར་སྒྲ་སྒྲོག་ཅིང་གློག་གི་ཞག་པ་ཕྱོགས་བཞིར་འཕེན།།

ཐིགས་པའི་མགོ་བོ་ཐུར་དུ་དུད་ཅིང་སྡུག་གི་མཆི་མས་ས་ཆེན་བརླན།།



ཨ་སྔོན་ལ་ཡང་མཚམས་རེར་སེམས་འདུན་བཅང་འདྲ་སྔོ་སངས་དྭངས་ཤིང་གཙང་།
ལན་རེར་ཆུ་འཛིན་དཀར་རྒྱན་ངོ་ལ་གཡོག་ཅིང་ཉམས་འགྱུར་སྔར་བས་ཆེ།།
ཟང་ཟིང་ལང་ལོང་མི་ཚོགས་ཁྲོམ་ལམ་སྐད་ཅིག་ཉིད་དུ་ལྷིང་འཇགས་གནས།

ཀྱེ་ཧུད་འཇིག་རྟེན་མི་ཚོ་འཇིགས་ལ་རྟེན་སེམས་ངོ་མ་འཇིགས་སུ་རུང་།།

 

 



ས་ཆེན་གཡོ་དུས་ལོ་མང་བརྩེགས་པའི་ཁང་ཆེན་རྨང་གི་རྩ་བ་ཞིག།།
ཆུ་ཡིས་འཇིགས་དུས་སྐྱལ་ནས་སྐམ་ས་ལ་ཡང་རེ་སྟོང་ཟད།།
མེ་ཡིས་བསྲེགས་པའི་སྲོག་ཆག་དུད་འགྲོའི་ངུ་སྐད་ཕྱོགས་བཞིར་ཁྱབ།།
རླུང་དམར་གཡོ་བཞིན་ལྷབ་ལྷུབ་འོག་ནས་ཕྱོགས་ཀུན་རྒྱབ་རྟེན་དབེན།།

 

 



འབྱུང་བ་བཞི་ཡིས་འཇིག་རྟེན་ཡོམ་ཡོམ་སྒུལ་བའི་དུས་ངན་ལ།།
མྱ་ངན་ཐང་འདྲའི་དུག་གསུམ་ཧམ་སེམས་རྒྱས་དུས་འདི་ལ་གཟིགས།

རེ་ས་སྐྱབས་གནས་ཁྱེད་ལས་མེད་ཀྱང་རེ་སྟོང་ཟད་པའི་འགྲོ་དྲུག་རྣམས།།
སུ་ལ་རེ་དགོས་གང་དུ་འགྲོ་དགོས་ཁ་ཕྱོགས་རབ་མ་རུབ་ཏུ་ལྷུང་།།

 

 



དབུ་སྐྲ་དུང་དཀར་སྐུ་ཚེ་རིང་ཡང་སྐད་ཅིག་ཉིད་དུ་རྡུལ་བཞིན་བརླགས།།
ལང་ཚོ་དར་བབ་སྤྲོ་སེམས་འཕར་ཞིང་ཤེད་ཤུགས་ཧ་ཅང་རྒྱས་ན་ཡང་།།
ནད་ངན་གཤེད་མས་ནག་ཕྱོགས་གླིང་དུ་ཤུགས་ཀྱིས་བརྫངས་ལ་སྙིང་རྗེ་བྲལ།
མདའ་དང་མདེའུ་མི་དགོས་ས་སྟིང་བན་རོ་སྐད་ཅིག་སྤུངས་དང་མཚུངས།།

 

 



སྡུག་ངལ་སེམས་ཀྱིས་མྱོང་དུས་ཨ་མ་འཕགས་མོ་སྒྲོལ་མར་སེམས་དུང་དུང་།།
རྐྱེན་ངན་ཐོག་ལ་བབ་དུས་ཨ་མ་འཕགས་མོ་སྒྲོལ་མ་དྲན་ལྷང་ལྷང་།
མི་ཤི་གོད་ཆག་འབྱུང་དུས་ཨ་མ་འཕགས་མོ་སྒྲོལ་མ་ལྷག་ཏུ་དྲན།།
སྐྱབས་གཅིག་ཁྱེད་ཀྱིས་སྡིག་ལས་ཡོངས་སུ་འཇོམས་པར་མཛད་རོགས་ཀྱེ།།

 

 



སྐུ་ལ་མཚོན་མདོག་ཉེར་གཅིག་ཞི་མ་དགེ་མ་འཕགས་མཆོག་མ།།
གསུང་ལ་བརྩེ་ཆེན་འཆང་ནས་བྱམས་ཀྱིས་འགྲོ་དྲུག་སྐྱོང་མཁས་མ།།
ཐུགས་ལ་སེམས་ཅན་བདེ་འཁོད་དམིགས་རྩེ་ཁོ་ན་འཆང་མཁན་མ།།
ངན་པ་སྡུག་དགུ་ཐོག་དུ་བབ་དུས་འཕགས་མ་སྒྲོལ་མ་ལྷག་ཏུ་དྲན།།

 

 



ཉམས་ཆུང་ཐ་མལ་དམན་ལ་སྡུག་དགུ་མྱོང་བའི་ཤ་གཟུགས་འཛིན་ནས་ནི།།
འཕགས་མོ་མཇལ་དུས་ཐེ་ཚོམས་དྲི་ཡིས་ཡ་ཆུང་བཙོག་གིས་འབག་དགོས་མེད།།
ཨ་མ་འཕགས་མོའི་སྤང་ལ་ཉལ་ནས་གཞས་ཆུང་སྙན་མོ་ལེན་ན་འདོད།།
ཨ་མ་འཕགས་མོའི་ཕྱག་ནས་བཟུང་སྟེ་བདེ་བའི་ཞིང་ལ་འགྲིམ་སྙིང་འདོད།།

 

 



དབུ་རྩེའི་ཅོད་པན་རིན་ཆེན་སྣ་དགུས་རྒྱན་མཛད་མཆོག་གི་མཛེས་ཉམས་དེས།།
མི་ལུས་རྒྱུ་ནོར་ལོངས་སྤྱོད་འདོད་སྲེག་ཧམ་སེམས་ངར་མ་ཨེ་བསྲེག་ལགས།།
སྤྱན་གཉིས་ཁྲ་ཆིལ་སྣེ་ཤེན་སྒྲོན་མེས་གློག་ལྟར་འགྲོ་དྲུག་ཡང་ཡང་གཟིགས།།
བྲང་གི་འོ་འཛིན་མཛེས་རྒྱན་ཟེར་ཡང་ཐུགས་སུ་འཁུར་དུ་ལྕི་ལགས་སམ།།

 



མོ་ཡི་སྐུ་མངོན་ཡུམ་ཆེན་དམ་པའི་མཆོག་གྱུར་མཐུ་རྩལ་མྱུར་མོ་མཆོག།།
བྱམས་བརྩེ་སྙིང་རྗེའི་དྲག་ཆས་སྤྲས་བཞིན་རྒུད་པའི་དགྲ་ཆེན་བཅོམ་པར་གནོངས།
ཤེས་རབ་ལྷག་བསམ་མདུང་རྩེ་འཛིན་ཞིང་ཀླ་ཀློའི་དཔུང་གི་སྲོག་རྩ་ག
ཅོད།།

ཏཱ་རེ་ཏུཏྟཱ་རེ་ཡི་ཏུ་རེས་སྡུག་ངལ་ཡོངས་རྫོགས་ཕམ་པར་མཛོད།།

 

 



ཆོས་ལྡན་ཞིང་ཁམས་འདོད་ཧམ་ངར་མོས་ཤུལ་མེད་བཞོ་བའི་དུས་ངན་ཤར།།
ཁ་བ་གངས་ལྗོངས་འབག་བཙོག་དུག་གིས་ས་སྟེང་འདི་ནས་སྦས་ལ་ཁད།།
ཡ་རབ་བཟང་སྤྱོད་འཇུག་པ་དབེན་ཞིང་ཚང་མ་དུག་གསུམ་སྲེག་པ་རྒྱས།།
རྐྱེན་ངན་ཐོག་ཏུ་འབབ་དུས་མ་ཡུམ་འཕགས་མཆོག་སྒྲོལ་མ་ལྷག་ཏུ་དྲན།།

 

 



བྱེ་མའི་མྱ་ངན་ཐང་དབུས་དེ་ནས་མུན་པར་རྒྱང་ལྟ་བྱས་འདྲ་བའི།།
ཡུལ་འཁྱམ་ཡུ་མོས་ལྷ་ཆོས་མ་འཇོན་ལས་འབྲས་གོ་ལྡོག་སྐྱོ་གདུང་འཚུབ།།
མི་ཆོས་དག་ཀྱང་རབ་མ་རུབ་ཀྱིས་ཚེ་སྲོག་སྐམ་པོ་གཡེང་བར་ཤོར།།
རྐྱེན་ངན་ཐོག་ཏུ་འབབ་དུས་མ་ཡུམ་འཕགས་མཆོག་སྒྲོལ་མ་ལྷག་ཏུ་དྲན།།

 

 



ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ།
ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ།

ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།