གྲོགས་འབྲེལ་སྐོར།

images/stories/friend .jpg
གྲོགས་འབྲེལ་སྐོར།

About friendship

關於友誼

ངས་འཆར་ཅན་བཞིན་གཟའ་པ་སངས་ཉིན་རང་ལོ་དྲུག་ཅུ་བརྒལ་ཟིན་པའི་བུད་མེད་བགྲེས་མོ་འདིའི་ཁྱིམ་དུ་ཆོུད་གསུམ་ཙམ་ལས་ཀ་བྱེད་ཀྱི་ཡོད།

རྒྱུན་དུ་ངེད་གཉིས་ཁ་བརྡ་མང་པོ་བྱས་པའི་ནང་མོས་གྲོགས་འབྲེལ་སྐོར་བཤད་པ་དེ་དག་ནི་ངའི་ཡིད་ལ་ཅུང་འཐད་པ་བྱུང་བས་འདིར་ཅུང་ཙམ་འབྲི་སྙིང་འདོད།

དེའང་ངས་གཙོ་བོ་མོའི་མེ་ཏོག་ལྡུམ་རའི་ནང་རྩ་ལྡུམ་གཙང་བཟོ་དང་མེ་ཏོག་ལྗང་བུ་སོགས་ལ་ཆུ་བླུགས་རྒྱུ།

ཉལ་ཁང་གཉིས་དང་ནང་ཆས་གཙང་སྦྲ་བཟོ་རྒྱུ་བཅས་རེད། ངས་ཆུ་ཚོད་གསུམ་མ་ཟིན་ཙམ་ནས་ལས་ཀ་ཡོད་ཚད་ཚར་གྱི་འདུག་སྟབས་རྒྱུན་གཏན་དུ་ངེད་གཉིས་ཀས་ཕན་ཚུན་ཚིགས་ཇ་འཐུང་བཞིན་ཁ་བརྡ་འདྲ་བྱེད་རྒྱུར་དགའ་པོ་གྱུར།

མོ་ནི་ཨོ་གླིང་སཱིད་ཉི་ས་གནས་རང་དུ་སྐྱེས་ཤིང་འཚར་ལོང་བྱུང་བ་ཞིག་རེད་འདུག་ལ་རྒྱུན་གཏན་དུ་ཧ་ཅང་སྤྲོ་སྣང་ཆེ་ཞིང་ཧ་ཧ་ཧ་ཧ་ཟེར་ནས་དགོད་སྒྲ་ཆེན་པོ་སྒྲོག་རྒྱུར་དགའ་ལ་མཐོང་སྣང་ལ་ཧ་ཅང་གུ་ཡངས་ཀྱི་ཀུན་སྤྱོད་ལྡན་པའི་བུད་མེད་བགྲེས་མོ་ཞིག་རེད།

 

 

མོ་ནི་ཁྱིམ་གྱི་བུ་མོ་ཁོ་ན་དེ་ཡིན་ཞིང་རང་ལོ་བཅུ་གཅིག་སྐབས་སུ་མོའི་ཨ་ཕས་མོ་རང་དང་བུ་གཉིས་སམ་མོའི་གཅུང་པོ་གཉིས་སྐྱེས་རྗེས་ཐེངས་མང་བཟའ་འཁོན་ཆེ་རྐྱེན་ཁ་འཐོར་ཁ་ཁར་བཟོས་ནས་ཁྱིམ་འདི་ནས་གཞན་ལ་སོང་བ་རེད་འདུག གཞན་མང་པོའི་གནས་སྟངས་ལྟར་མོ་ལའང་ཕ་མ་བཟའ་འཐོར་སོང་རྐྱེན་ཁྱིམ་གྱི་ཆ་ཤས་མི་ཚང་བ་ལྟར་གྱི་ཚོར་སྣང་བྱུང་སོང་ཟེར།

སྐབས་དེར་མོ་རང་སློབ་ཆུང་དང་སློབ་འབྲིང་སྐབས་སུ་ཁྱིམ་ནང་ཨ་མ་རྒྱུན་དུ་སེམས་སྐྱིད་པོ་མེད་པའི་རྐྱེན་གྱིས་མོ་རང་གཅེན་གཅུང་གསུམ་ལ་ཚོགས་གཏམ་རྙོགས་གླེང་འདྲ་མཚམས་རེར་བཤད་ཀྱི་ཡོད་ཀྱང་སོ་སོའི་དྲན་པ་ནང་དེ་ཙམ་སྡུག་བསྔལ་ཆེན་པོ་དང་མི་སྐྱིད་པ་ཧ་ལས་པ་བྱུང་མྱོང་མེད་ཟེར།

མོས་ང་དང་གཅུང་པོ་གཉིས་ཁྱིམ་འཚེས་ཀྱི་ཕྲུ་གུ་ཚོ་དང་འདྲ་བར་སློབ་གྲྭ་དང་ཁྱིམ་གཉིས་ཀྱི་ཁོར་ཡུག་གཉིས་གཙོ་བོ་ཡིན་པ་དང་།

མཚམས་རེེར་ལས་ཀ་བྱེད་བཞིན་པའི་ཨ་མས་གཅེན་གཅུང་གསུམ་ཕྱི་ལ་འཆམ་འཆམ་དང་ལྟད་མོ་ལྟ་སར་འཁྲིད་པའམ་ཟས་ཞིམ་པོ་ཟ་བ། མཚོ་འགྲམ་དུ་ཆུ་རྐྱལ་དང་གོམས་བགྲོད་སོགས་རྒྱུན་གཏན་ལྟར་ཡིན་ཕྱིན་ཨ་མ་ཁྱིམ་ནས་བྲལ་སོང་བའི་གནས་ཚུལ་དེ་ནི་བྱིས་པ་གཉིས་ལ་མཚོན་ན་སྡུག་ཆགས་ཅིག་ཡིན་སྲིད་ཀྱང་ད་ལྟའི་ཆར་ང་ལ་མཚོན་ན་དེ་ཙམ་དྲན་གསོ་འོས་པའི་གནས་ཚུལ་ཞིག་མིན་ཟེར་ནས་སྣང་མེད་འདྲ་བྱེད་ཀྱི་འདུག

 

 

 

མོ་རང་དེ་སྔོན་མཐོ་སློབ་འགྲིམས་རྗེས་ཧ་ཅང་བརྩེ་ཞེན་ཆེ་བའི་བུ་གཅིག་དང་དགའ་རོགས་བསྒྲིགས་ནས་མཉམ་དུ་ལང་ཚོའི་དགའ་སྣང་གི་དུས་ཚོད་རྫོགས་མྱོང་བའི་སྐོར་ཡང་ཡང་བཤད་རྒྱུར་དགའ་བ་མ་ཟད། སྐབས་དེར་མོས་ཤེལ་སྒྲོམ་ནང་གི་ཁོ་གཉིས་འཐམ་སྡོད་པའི་མཉམ་པར་དེར་མཛུབ་མོ་ཀེར་ནས་པར་འདི་ངའི་མི་ཚེའི་ནང་གི་རིན་ཐང་ཆེ་ཤོས་ཡིན་ཞེས་བཤད་ཀྱི་རེད།

མོས་ཟེར་ན་རྗེས་སུ་མོའི་དགའ་རོགས་བུ་དེ་འབྲིང་རིམ་སློབ་གྲྭ་ཐོན་ལ་ཉེ་སྐབས་གློ་བུར་བའི་ན་ཚའི་རྐྱེན་གྱིས་ཕྱི་མིའི་ལམ་དུ་བཏང་འདུག དེར་བརྟེན། སྐབས་དེར་མོའི་གཞོན་ནུ་མའི་དུས་དེར་ཧ་ཅང་སེམས་སྐྱོ་གདུང་གིས་ཁེངས། མོས་ཟེར་ན་དེ་སྔོན་ཕ་མ་ཁ་བྲལ་གྱིས་བཟའ་འཐོར་དེ་མོའི་སེམས་སུ་སྡུག་ངལ་ཆེན་པོ་དེ་ཙམ་མ་བྱུང་ཡང་། མོའི་དགའ་རོགས་དེ་ན་ཚས་ཕྱི་མིའི་ལམ་དུ་འཁྲིད་ཉིན་ནས་བཟུང་མོའི་མི་ཚེར་སྡུག་ངལ་ཟམ་མི་ཆད་པ་བྱུང་སོང་ཟེར་ལ་དུས་དེ་ནས་བཟུང་མོས་ཕ་མའི་ཁ་ལ་མ་ཉན་ནས་མཐོ་སློབ་ཚར་ཙམ་ནས་ཁྱིམ་ཚང་ནས་ཁ་བྲལ་ནས་ཁེར་རྐྱང་གི་སྒེར་གྱི་འཚོ་བ་རོལ་འགོ་བརྩམས་འདུག

 

 

 

སྐབས་དེར་མོས་ལས་ཀ་ཅིག་ལས་ནས་སོ་སོས་ཁང་གླ་སོད་ཐབས་བྱས་ཤིང་དེའི་རིང་ལུས་རྩལ་ཁང་དུ་ལས་ཀ་བྱེད་མཁན་གྱི་ཕོ་གཞོན་ཞིག་དང་འཆམ་པོར་ཆག་འདུག དེ་ནས་ཁོ་རང་གཉིས་དགའ་རོགས་སུ་རང་བཞིན་གྱིས་འགྲིག་ནས་མཉམ་དུ་བསྡད། འོན་ཀྱང་མོས་ཟེར་ན་དེ་ནི་གཞོན་ནུ་མ་ཞིག་གི་སོ་སོའི་གཟུགས་པོའི་འདོད་པའི་དགོས་མཁོའི་དབང་གིས་གཙོ་བཟུང་དང་ཅི་དགའ་གང་འདོད་བྱེད་འདོད་ཙམ་མམ་ཕོ་གསར་དེ་དང་དགའ་རོགས་བསྒྲིགས་ཏེ་མཉམ་དུ་བསྡད་པ་ཙམ་ལས་ཁོ་ལ་དེ་ཙམ་བརྩེ་དུང་མེད་པ་མ་ཟད། ཁོ་དང་མཉམ་མི་ཚེ་མཉམ་དུ་བསྐྱེལ་བསམ་པ་དེ་བས་མེད་ཟེར། ལོ་གཅིག་་རྗེས་སུ་ཁོ་གཉིས་ཀྱང་ཁ་བྲལ་སོང་འདུག འོན་ཀྱང་མོ་ལ་དེ་ཙམ་སེམས་སྡུག་ཆེན་པོ་མ་བྱུང་ཟེར།

 

 

 

དེ་རྗེས་མོའི་ཨ་ཞང་གི་བཟའ་ཟླ་མོས་མོ་ལ་སྐྱེས་པ་གཞན་ཞིག་ངོ་སྤྲོད་བྱས་པ་དང་། སྐྱེས་པ་དེས་མོ་རང་ལ་དངུལ་དངོས་ཀྱི་རོགས་ཕན་རྒྱ་ཆེར་བྱས་པ་མ་ཟད། ཆང་ས་བརྒྱབས་ཚར་རྗེས་ཁོས་སོ་སོའི་ལས་ཀ་དང་ཡོངས་འབབ་ཡག་པོར་བརྟེན་ནས་ཁོ་གཉིས་ཀྱི་ཕྲུ་གུ་བུ་མོ་གཉིས་དང་ད་ཆ་མོ་རང་སྡོད་ས་སྒེར་ཁང་འདི་ཉོས་འདུག མོས་ཟེར་ན་བཟའ་ཟླ་དེས་ཐོག་མའི་སྐབས་སུ་མོ་ལ་ཧ་ཅང་དགའ་སྣང་གིས་ཆང་ས་ཚར་ནས་ཀྱང་རྒྱལ་ཁབ་ཁག་བརྒྱད་ཙམ་ལ་ཆང་སའི་སྤྲོ་འཆམ་ལ་འཁྲིད་པ་མ་ཟད། དེ་རྗེས་ཁོས་སོ་སོའི་བུ་མོ་གཉིས་ལའང་ཨ་ཕ་ཡིན་པའི་ངོས་ནས་ཧ་ཅང་ཡག་པོ་བྱེད་ཀྱི་རེད་ཟེར། མོའང་ཐོག་མའི་སྐབས་སུ་ཁྱོ་བོ་དེར་བརྩེ་དུང་ཟེར་བ་དེ་ཙམ་མེད་མོད། འོན་ཀྱང་མོ་རང་ལ་ཕྲུ་གུ་བུ་མོ་གཉིས་བྱུང་རྗེས་ཁྱོ་ག་ཚུད་ཁྱིམ་ཚང་ལ་སེམས་ཡོངས་རྫོགས་འཁོར་ནས་བསྡད་ཡིན་ཟེར། སྟབས་མ་ལེགས་པ་ཞིག་ལ། དེ་ནས་བཟའ་ཟླས་ཕྱི་ནས་བུད་མེད་གཞན་དང་ངན་འབྲེལ་བྱས་འདུག འོན་ཀྱང་མོ་ལའང་མོའི་དེ་སྔོན་གྱི་ཁྱིམ་ཚང་ལྟར་བཟའ་འཁོན་གྱི་གནད་དོན་སྡུག་པོ་དེ་བྱུང་ཡང་མོས་སླར་མོ་དེ་སྔོན་བཟའ་ཟླ་དེ་ཨ་ཞང་གི་བཟའ་ཟླ་མོས་ངོ་སྤྲོད་བྱས་པ་ཞིག་ལས་མོ་རང་དེ་ཙམ་དགའ་མ་མྱོང་བ་ཞིག་ཡིན་ལུགས། དེ་རྗེས་ཀྱང་ཁོས་ཕྱི་ནས་བུད་མེད་གཞན་ཉར་ཡོད་པའི་སྐོར་ཤེས་དུས་ཀྱང་སྔར་དང་གཅིག་མཚུངས་ཀྱིས་ཧ་ཅང་སྡུག་བསྔལ་ཆེན་པོ་མེད་ཟེར། གང་ཡིན་ཟེར་ན། མོ་རང་ཧ་ཅང་ཁོང་ཁྲོ་དང་སེམས་སྐྱོ་དགོས་དོན་གཙོ་བོའམ་མོའི་འདུག་རོགས་དེ་དང་ཁ་བྲལ་དགོས་པའི་རྒྱུ་མཚན་ནི་མོའི་སློབ་འབྲིང་ནས་མཐོ་སློབ་བར་མཉམ་དུ་འགྲིམས་མྱོང་ཞིང་། སེམས་སུ་མོའི་མི་ཚེའི་ནང་གི་དྭངས་གཙང་ལྷད་མེད་ཀྱི་གྲོགས་མོ་བཟང་ཤོས་དེ་ལ་ངོས་འཛིན་བྱས་པ་དེས་སྐབས་དེར་མོ་རང་གིས་ཀྱང་གསལ་པོ་ཧ་མ་གོ་བའི་སྒོ་ནས་མོའི་བཟའ་ཟླར་ལྐོགས་ནས་ངན་འབྲེལ་ལོ་གསུམ་ཙམ་བྱས་འདུག་པ་དེ་རེད།

 

 

 

 

མོས་དེའི་སྐོར་བཤད་ཡོང་དུས་ཁ་ནས་ཚིག་བཙོག་པ་ཡོངས་རྫོགས་བེད་སྤྱོད་དེ་མོའི་གྲོགས་མོ་ཟེར་བ་དེ་བདག་མེད་ཀྱི་ཁྱི་མོ་ཞིག་དང་། གཞང་བཙོང་མ་ལས་ཐབས་སྡུག་པ། མི་གསོད་ལག་དམར་བ་ལས་ཐ་ཤལ་བ་སོགས་རེད་ཟེར་ནས་ཁོང་ཁྲོ་འགོག་མ་ཐུབ་པ་ཞིག་གི་རྣམ་འགྱུར་ཧ་ཅང་གསལ་པོ་སྟོན་སྐབས་ངའང་ཅུང་མ་བདེ་བའི་ཚོར་བ་ཞིག་ཡོང་གི་ཡོད། མོས་དེ་རྗེས་བུ་མོ་གཉིས་དང་མོའི་ཨ་ཞང་གི་བཟའ་ཟླ་རྒན་འཁོག་གཅིག་བཅས་ལ་ལྟ་རྟོགས་དགོས་པ་རེད་མ་གཏོགས། མོས་གྲོགས་མོ་དེ་གསོད་དགོས་བསམ་པའི་བློའང་ཡོད་མྱོང་ཟེར། འོན་ཀྱང་མོས་ཟེར་ན་ཁྱོ་བོ་ནི་མོའི་གྲོགས་མོ་ལས་ཐབས་སྡུག་པ་ཞིག་ཡིན་ཕྱིན། ངས་ཁོ་ལ་ཚིག་བཙོག་གིས་གཤེ་བའི་ཐོབ་ཐང་ཙམ་ཡང་མི་སྤྲོད་་སོགས་ཟེར་གྱི་འདུག

 

 

 

མོས་གྲོགས་པོ་བསྒྲིག་སྟངས་སྐོར་བཤད་དོན། གྲོགས་པོ་སྒྲིག་དུས་ངེས་པར་དུ་ཕ་རོལ་པོས་ཁྱོད་ལ་ཡིད་ཆས་ཀྱི་ཆ་ཇི་ཙམ་འདུག་ལྟ་རྒྱུ་དེ་རེད། གལ་ཏེ་གནད་དོན་ཆུང་ཙག་རིགས་ཀྱིས་ཁྱོད་ལ་ཡིད་ཆེས་མེད་སོང་ན་དེ་དག་ལ་གྲོགས་ཀྱི་མིང་ཙམ་ཡང་མི་འོས། དེ་བས་ཁྱོད་ཀྱིས་ཕོ་རོལ་པོར་ཡིད་ཆེས་དང་བློ་འགེབས་བྱས་ཀྱང་ཕ་རོལ་པོས་ཁྱོད་ཕྱོགས་ཀྱི་ནོར་འཛོལ་ཆུང་ཙག་རིགས་ས་འཕྱར་གནམ་འཕྱར་བྱེད་ཅིང་ཁྱོད་ལ་སེམས་གཏིང་ནས་སྡང་གཟུགས་སྐྱེ་འགོ་བརྩམས་པ་མ་ཟད། དེ་བས་ཁྱོད་ལ་ཚིག་ཙམ་ལས་མིན་ཡང་གང་ས་ཅིའི་ཐད་ནས་གནོད་པའི་བྱ་བ་བྱེད་པའམ་དོན་དམ་པར་ངོ་ལོག་པ་ཤེས་ན་དུས་དེ་ནས་བཟུང་ཁྱོད་ཀྱིས་གྲོགས་པོ་ཟེར་བ་འདི་གང་འདྲ་ཞིག་ལ་བསྒྲིག་དགོས་མིན་ཤེས་ཡོང་གི་རེད་སོགས་ཟེར་བྱུང་།

 

 

 

 

ངས་ཁྱེད་ཁོང་ཁྲོ་ངོ་མ་ཟ་དགོས་ས་གཙོ་བོ་དེ་ཁྱེད་ཀྱི་བཟའ་ཟླ་ཟེར་བ་དེ་རེད་སྙམ།

ཁྱོད་ཀྱི་བཟའ་ཟླ་ཡིན་ལུགས་ཚུལ་ལྡན་གྱི་ཁྱོ་ག་ཞིག་ཡིན་ཚེ་གནས་ཚུལ་དེ་དག་ལྷག་མི་སྲིད་ལ། ཟུར་ནས་ངན་སེམས་བཅང་མཁན་གྱི་བུད་མེད་ཅི་འདྲ་ཞིག་སླེབས་ཀྱང་ཁོས་དེ་དག་ལ་གོ་སྐབས་སྤྲོད་མི་སྲིད། ང་ཚོ་ནང་པས་དེ་ལ་ལོག་གཡེམ་ཟེར་གྱི་ཡོད། (ངས་ལོག་གཡེམ་ཨིན་ཡིག་ཏུ་ཚིག་ཚད་ལྡན་མི་ཤེས་པས་སོ་སོའི་བཟའ་ཚང་མིན་པ་དང་ལུས་འབྲེལ་བྱས་ན་ཞེས་བཤད་པ་ཡིན།) དེ་མིན་ཁྱེད་ཀྱི་གྲོགས་མོའང་ཁྱོད་ལ་གཅིག་མཚུངས་ཀྱི་ངོ་ལོག་པ་ནི་ཧ་ཅང་སྐྱོ་ཉམས་ཀྱི་གནས་ཚུལ་ཞིག་ཡིན་རྒྱུ་རེད་དེ་ཁོང་ཁྲོ་དང་ཞེ་སྡང་གིས་སོ་སོར་མི་སྐྱིད་པ་བཟོ་རྒྱུ་ལས་རང་གཞན་རོགས་གསུམ་ལ་ཕན་པ་ཅིའང་མེད། དེ་བས་ཁྱོད་ཀྱིས་ཁོང་ཁྲོ་ཙམ་ཡང་ཟ་རིན་མེད་པའི་དོན་མེད་ཀྱི་ངོ་ལོག་མཁན་དེ་གཉིས་ཀྱི་ཆེད་དུ་སྔར་བས་ཧུར་བརྩོན་གྱིས་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་ཐུབ་ན་ཡག་ཤོས་རེད་སོགས་ཁོང་མོར་སེམས་གསོ་དང་སོ་སོས་གང་དྲན་གྱིས་དེ་འདྲ་བཤད།

 

 

མོས་སླར་ང་ལ། མི་མང་ཆེར་གྱིས་གནས་ལུགས་དང་རྒྱུ་མཚན་དེ་དག་ཤེས་ཀྱི་ཡོད་པ་རེད། ང་ནི་ལོ་དྲུག་བཅུ་བརྒལ་ཟིན་པའི་རྒས་མོ་ཞིག་རེད། འོན་ཀྱང་དོན་དངོས་འཚོ་བའི་ནང་དེ་འདྲ་འབྱུང་དུས་དེར་ཁ་གཏད་པར་དཀའ་ངལ་ཆེན་པོ་ཡོད་པ་རེད། དེ་བས་ངའི་མི་ཚེའི་ཉམས་མྱོང་དེའི་ཐོག་ནས་ད་ལྟའི་ཆར་ངས་སོ་སོའི་བུ་མོ་འདི་གཉིས་ལ་དེའི་སྐོར་གྱི་བསླབ་བྱ་སློབ་གསོ་གང་ཤེས་རྒྱག་གི་ཡོད།

 

 

(མོའི་བུ་མོ་ཆུང་བ་དེ་དབང་པོ་སྐྱོན་ཅན་ཡིན་སྟབས་དེའི་མིང་ཐོག་ནས་ང་མོའི་ཁྱིམ་ནང་ལས་ཀ་བྱེད་ཀྱི་ཡོད།) མ་འོངས་པར་ངའི་བུ་མོ་གཉིས་ཀྱིས་གཞན་དང་གྲོགས་འབྲེལ་སྐབས་སུ་ངེས་པར་གཟབ་དགོས་ལུགས་ཀྱང་བཤད་ཀྱི་ཡོད། འོན་ཀྱང་མི་ཟེར་བ་འདིར་བརྩེ་བ་ངོ་མ་འཕྲད་པའམ་སེམས་ཀྱི་ཚོར་བ་འབར་ཡོང་དུས་སྒེར་གྱི་ཚོར་འདུའི་རྗེས་སུ་འབྲང་ནས་ལོང་བ་ལྟ་བུར་གྱུར་གྱི་རེད། དམིགས་བསལ་དུ་ཕོ་མོའི་དབར་གྱི་བརྩེ་བ་ལྟ་བུར་མཚོན་ན་དེ་བས་དཀའ་མོ་རེད། དུས་དེར་སོ་སོའི་ཚོར་བ་གང་ཡོད་པ་དེའི་རྗེས་སུ་འབྲང་སྐབས་རྒྱུ་མཚན་དང་གནས་ལུགས་བློར་འཁོར་གྱི་མ་རེད། འོན་ཀྱང་མི་རྣམས་ཀྱིས་སོ་སོའི་ཉམས་མྱོང་དེ་དག་བསགས་ནས་རྗེས་སུ་གཞན་ལ་དེ་འདྲ་མི་ཡོང་བའི་གདམ་ངག་སྟོན་གྱི་ཡོད་པ་རེད་སོགས་ཟེར།

 

 

 

གོང་གསལ་ནི་བགྲེས་མོས་ང་ལ་སྔ་ཕྱི་ལྟར་བཤད་པའི་སྐད་ཆ་དག་ཡིན། དེ་བས་ང་རྒས་མོ་འདི་ལ་ཡིད་རང་སྐྱེ་ས་གཞན་ཞིག་ཡོད་པ་ནི། མོ་ནི་བུད་མེད་སེམས་བཟང་མ་ཞིག་དང་། སྲོག་ཆགས་ལའང་ཧ་ཅང་དགའ་མཁན་ཞིག་རེད། ཁོང་མོའི་ཁྱིམ་དུ་ཁྱི་གཉིས་དང་ཞི་མི་གཉིས།

ད་དུང་ཨ་མ་ནེ་ཙོ་གཅིག་བཅས་གསོས་ཡོད། ཐེངས་ཤིག་མོས་ཁྱིམ་མཚེས་བུས་རྐང་རྡོག་བཞུས་ནས་དབུགས་ཀྱང་གཏོང་མ་ཐུབ་པར་ཤི་ཚར་བའི་ཟོལ་གྱི་འབུ་ཆེན་ཞིག་ནང་དུ་འཁྱེར་ཡོང་ནས་གནས་ལུགས་དེ་དག་ང་ལ་འཆད་པ་མ་ཟད། མོ་རང་སྐད་ཀྱང་འགྱུར་ནས་ངུས་སོང་བ་དེ་ཡིན། སྐབས་དེར་ངའང་ཅུང་མི་བདེ་བ་ཡོང་དགོས་དོན་ཡང་མོ་རྒྱུན་གཏན་གྱི་སྤམས་ཚུགས་སོགས་དོར་ནས་ངའི་མདུན་དུ་ངུས་སོང་བ་དེ་རེད།

དེ་མིན་མོས་བུ་མོ་གཉིས་ལ་ཐ་གཅིག་ཏུ་སོ་སོའི་མ་འོངས་པའི་མི་ཚེ་གདམ་ཁ་རྒྱག་རྒྱུ་རང་དབང་ཆ་ཚང་སྤྲོད་ཀྱི་ཡོད་པ་དེ་ནི་ཨ་མ་ཞིག་གིས་ཡ་རབ་སྤྱོད་བཟང་གལ་ཆེན་ཞིག་ལ་ངས་མཐོང་གི་ཡོད།

 

 

མོས་སྐྱོ་སྣང་དང་བཅས་ང་ལ་སོ་སོས་གདམ་པའི་འཚོ་བ་རོལ་སྟངས་འཐུས་ཚང་བ་ཞིག་མ་བྱུང་བའམ་ངས་གློ་སྙིང་མཆིན་གསུམ་གྱིས་དགའ་མྱོང་བའི་དགའ་རོགས་དེ་འཇིག་རྟེན་འདི་ནས་བྲལ་སྔ་བས་ཡིན། འོན་ཀྱང་དེ་རྗེས་ང་ཆང་ས་རྒྱག་ནས་འཚོ་བ་བསྐྱེལ་གྱི་ཡོད་ནའང་སོ་སོས་དོན་ངོ་མའི་འདོད་མོས་ཡོད་པ་ཞིག་མིན། དེར་བརྟེན། ངས་སོ་སོའི་བུ་མོ་གཉིས་ལ་སྒེར་ངོས་ཀྱི་ཉམས་མྱོང་གསོན་པོ་དེ་དག་ར་སྤྲོད་བྱེད་པ་ཕུད། མ་འོངས་པའི་མདུན་ལམ་གདམ་ཁ་ཅི་འདྲ་རྒྱག་ཀྱང་དེར་ངེས་པར་དུ་ངོས་ལེན་དང་རྒྱབ་སྐྱོར་བྱེད་ཀྱི་ཡིན། ང་ཚོས་ཕྲུ་གུ་ཚོར་གཅིག་གཅིག་གཉིས་གཉིས་ཀྱིས་མི་རྒན་པའི་འདོད་མོས་བཞིན་མ་འོངས་པའི་མི་ཚེའི་ལམ་ཁ་མི་འདྲ་བ་མང་པོ་ཞིག་བཟོས་པ་དེ་ནི་ཕྲུ་གུའི་སེམས་ལ་ཧ་ཅང་སྡུག་ངལ་བའི་རྒྱུ་ཁོ་ནར་ཟད་ཡོད། དེ་བས་ཕྲུ་གུ་ཚོ་རང་ལོ་བཅོ་བརྒྱད་ཟིན་རྗེས་དབུལ་ཕྱུག་དང་རྒྱུ་ནོར་གོ་ས་ཡོད་མེད་ཀྱི་དགའ་རོགས་དང་ཚེ་རོགས་ཅི་འདྲ་ཞིག་གདམ་ཡང་དེ་དག་ལ་ཐོབ་ཐང་དང་རང་དབང་ཆ་ཚང་ཡོད་པ་རེད། ཕ་མ་སྤུན་མཆེད་ཚོས་སོ་སོའི་བསམ་འཆར་བཤད་པའི་དབང་ཆ་ཡོད་པ་དང་། ཕྲུ་གུ་ཚོར་དཀའ་ངལ་འཕྲད་དུས་རོགས་རམ་གཞོགས་འདེད་ཙམ་ལས་དེ་དག་ལ་སུན་པོ་བཟོ་རྒྱུ་གཅིག་ཀྱང་ཡོད་མ་རེད་ཟེར།

 

 

ངས་རྒས་མོ་འདི་རྒྱུན་གཏན་དུ་ཧ་ཅང་སྤྲོ་སྣང་ཅན་ཞིག་རེད་འདུག་པ་ལྟར་མཐོང་སྣང་བྱུང་བ་བཞིན། ངོ་མ་མོས་སོ་སོའི་ཕྲུ་གུའི་མི་ཚེ་གདམ་ཁའི་དོན་དག་སྐོར་ཡང་འདི་འདྲ་གུ་ཡངས་དང་རང་དབང་ལྡན་པ་ཞིག་རེད་འདུག་ཨང་བསམ་ནས་སེམས་འགུལ་ཡང་ཅུང་ཐེབས་སོངོ་། 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།