དྲང་པོ་དྲང་བཞག་ཨེ་རེད།

seek-truth-from-facts-quote-1.jpg

དྲང་པོ་དྲང་བཞག་ཨེ་རེད།

Is this realistic?

 是實事求是的嗎?

 

ང་ནི་དོན་དག་ག་རེ་ཡིན་ན་དྲང་པོ་དྲང་བཞག་ཏུ་བཤད་མཁས་པ་དང་། གཞན་ལ་གཡས་སྐོར་གཡོན་སྐོར་མིན་པར་སྒེར་གྱི་བསམ་ཚུལ་ངོ་མ་དེ་ཇི་བཞིན་དུ་སྲོང་པོར་ཁ་བརྡ་བྱེད་མཁན་ལ་ཧ་ཅང་དགའ་པོ་ཡོད།

 



 

འོན་ཀྱང་ང་ཚོའི་བོད་མི་ཚོར་མཚོན་ན་གཤིས་ཀ་དེ་འདྲ་ཧ་ཅང་དཀོན་པོ་ཡིན་པ་ང་རང་གིས་མཐོང་སོང་། གང་ཡིན་ཟེར་ན། ཚང་མས་ག་གེ་མོ་དེ་མི་དྲང་པོ་དྲང་བཞག་ཅིག་རེད་ཟེར་ཡོངས་གྲགས་ལྟ་བུ་ཡིན་ཡང་ཞིབ་ཏུ་དཔྱོད་ཡོང་དུས་དེ་འདྲ་ཞིག་མིན་པར་ཁོའི་ཁ་ནས་གང་ཐོན་ཡོད་ཚད་གཞན་ལ་གང་བྱུང་མང་བྱུང་བཤད་མཁན་ཞིག་དང་། ཡང་ན་རྩེད་མཚར་གྱི་ལུགས་ཙམ་ཡང་སྤྱོད་མི་ཤེས་པར་རང་གི་མི་འདོད་པའི་རྣམ་འགྱུར་དང་སེམས་ནང་གི་ཁོང་ཁྲོ་དང་ཕྲག་དོག་དེ་དག་གཞན་ལ་སྟོན་རྒྱུར་དགའ་མཁན་ནམ་གཞན་གྱི་མྱོང་ཚོར་ལ་འཛེམས་ཟོན་མི་ཤེས་མཁན། སྐད་ཆ་མི་སྡུག་པའམ་ངར་མའམ་གཡོ་སྒྱུ་སྨྲ་བ། ཡང་ན་སྐད་ཆ་རྫོབ་པོ་དེ་དག་མཚོན་ཆ་ཇི་བཞིན་ཕ་རོལ་པོའི་སེམས་ལ་རྨ་ཁ་བཟོ་མཁས་པ་ཙམ་གྱི་གླན་པ་ལུག་འདྲ་པོ་ཞིག་ལས་ངས་མི་དེ་འདྲ་ནི་དྲང་པོ་དྲང་བཞག་བྱེད་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། དེ་བས་ང་མི་འདི་འདྲའི་རིགས་ལ་དགའ་པོ་ཁྱོན་ནས་མེད།

 

 

འོན་ཀྱང་སྒེར་ལ་མཚོན་ན་དེ་ལས་རྦད་དེ་ལྡོག་པའི་གཤིས་ཀ་གཞན་ཞིག་ནི་གཡོ་གཏམ་ནར་ནུར་རེ་བཤད་རྒྱུ་དང་། ཁེངས་སྐྱུང་རྫུན་མས་ཁ་བརྡ་བྱེད་དུས་སྐད་ཆ་ཕྱེད་སྐུམ་ཕྱེད་མངོན་ལྟ་བུས་བཤད་ལ་མ་བཤད་པའི་ཟོལ་འདྲར་དགའ་མཁན། ཤེས་བཞིན་དུ་རྦ་གསང་བྱེད་མཁན། ཆེ་མདོག་དང་ཤེས་མདོག་སྟོན་མཁན། ཟུར་ཟ་ཆེན་པོས་སྐད་ཆ་གཡས་བསྐོར་གཡོན་བསྐོར་རྒྱག་མཁན། དེ་བས་སོ་སོ་ལས་སྤྱང་པོ་ཡོད་མ་རེད་ཅེས་པའི་ཚུལ་གྱིས་ཕ་རོལ་པོའི་བསམ་བློ་བརྔོག་པའམ་དམངས་ཚོ་མགོ་བསྐོར་འོག་ཏུ་འཁྲིད་ཐབས་ཀྱིས་ཚོད་ལྟའི་ཚུལ་གྱི་ཁ་བརྡ། ད་དུང་དྲང་པོ་དྲང་བཞག་ཅེས་པའི་གནས་སྟངས་དང་ཧ་ཅང་འགལ་བའི་གཤིས་སྤྱོད་མང་དག་ནི་ང་ལ་མཚོན་ན་མགོ་ན་བྱེད་ཅིག་དང་སྙོབས་སྣང་བསྲན་ཐབས་མེད་པར་ཕྱིར་དོན་ཡོང་བའི་གཞི་མ་ཞིག་ཡིན།

 

 

ངས་དྲང་པོ་དྲང་བཞག་ནི་འདི་འདྲ་ཞིག་དགོས་རེད་ཅེས་མིག་མཐོང་ལག་ཟིན་ལྟ་བུའི་སྣང་བརྙན་ལྟ་བུ་ཞིག་གཞན་ལ་ལམ་སྟོན་ཞུ་མི་ཕོད་དེ། ང་རང་གིས་བསམ་བློ་གཏོང་ན། མི་དྲང་པོ་དྲང་བཞག་ཅིག་དགོས་ན། ཐོག་མར་སྒེར་དོན་བཙེགས་ཆེ་འཛིན་ཞིང་། གཞན་ཕན་གྱི་བསམ་བློ་ཏིལ་འབྲུ་ཙམ་ཡང་མེད་མཁན་ནམ། དེ་འདྲ་བ་ཞིག་བྱེད་མི་འདོད་མཁན་གྱི་རིགས་ནི་དྲང་པོ་དྲང་བཞག་བྱེད་མི་འདོད་མཁན་ཞིག་ལ་ངོས་འཛིན་ཡོད། དེའི་སྟབས་ཀྱིས་སྤྱི་པའི་ལས་དོན་དོར་ནས་སྒེར་གྱི་ཁེ་ཕན་ཁོ་ནའི་ཆེད་དུ་སྐད་ཆ་ཅི་ཞིག་བཤད་ཀྱང་གོང་གསལ་ནར་ནུར་གྱི་གཡོ་འཁྱོལ་དང་ཐད་ཀར་འབྲེལ་མེད་ཅིག་ཡིན་སྲིད་མོད་ཀྱང་། ཁ་བརྡའི་རྨང་གཞིའི་བསམ་བློ་སྒེར་དོན་གཙོ་བཟུང་ཡིན་པར་བརྟེན། དེར་གཡོ་འཁྱོག་ཏུ་འགྲོ་སླ་བ་ཤེས་དགོས་པ་ལས། མི་དེ་དག་ནི་དྲང་པོ་དྲང་བཞག་བྱེད་མཁན་ཞིག་རྩ་བ་ནས་མིན་པ་རེད་སྙམ།

 

 

 

སྒེར་དོན་གཙོ་ཆེར་འཛིན་མཁན་ཞིག་གིས་གཞན་ལ་ངས་དྲང་པོ་དྲང་བཞག་ཐོག་ནས་བཤད་ཡོད་ཅེས་སྒྲོག་སྲིད་མོད། འོན་ཀྱང་ཁོས་བསམ་བློའི་རྨང་གཞིའམ་དམིགས་ཡུལ་ངན་པ་དེ་ནི་སྒེར་གྱི་ཁེ་ཕན་གཙོ་བཟུང་དང་སྒེར་སེམས་གཙེགས་འཛིན་གྱི་རྨང་གཞིར་བཞག་ནས་བགྱིས་པ་ཡིན་པས་ཁོས་དྲང་པོ་དྲང་བཞག་བྱས་ཡོད་ཟེར་བའི་སྐད་ཆ་དེ་ཁ་བཤད་ཀྱི་ཝུ་བ་ཙམ་ལས་གཞན་ལ་ཕན་རྒྱུ་ལས་གནོད་ཆེ་བ་ཡོང་གི་ཡོད་པ་ངས་མཐོང་གི་ཡོད་ལ། དེ་ལ་བྱུང་འབྲས་བཟང་པོ་ཞིག་ཡོང་རྒྱུ་ཡོད་པར་ངས་རྩ་བ་ནས་མཐོང་གི་མེད།

 

 

སྔོན་དེ་ལས་ལྡོག་སྟེ། ཐོག་མའི་བསམ་པའི་ཀུན་སློང་སྒེར་སེམས་གཙོ་བཟུང་མིན་པར་གཞན་ཕན་སེམས་ཀྱི་རྨང་གཞིར་འཛིན་མཁན་ཞིག་ཡིན་ན། མི་དེ་འདྲའི་རིགས་ཀྱིས་ལས་དོན་དངོས་སུ་སྒྲུབ་དུས་བྱུང་འབྲས་ཆེན་པོ་ཐོན་མིན་ལ་མ་ལྟོས་པར་དེའི་འབྲས་བུ་ནི་གཙང་མ་ཞིག་ཡིན་ངེས། གང་ཟག་འདི་འདྲའི་རིགས་ཀྱིས་ང་ནི་མི་དྲང་པོ་དྲང་བཞག་ཅིག་ཡིན་ཞེས་བསྒྲགས་མི་སྤོབས་ཀྱང་། ཁོ་ཚོས་སེམས་བསམ་པའི་གཏིང་ནས་གཞན་ཕན་གྱི་ཀུན་སློང་གཙང་མ་ཞིག་འཛིན་ཡོད་པའི་རྨང་གཞིའི་ཐོག་སོ་སོའི་བློ་གྲོས་བསྐྱེད་དེ་གནས་ལུགས་ཀྱི་བྱས་ཉེས་བགྲང་པའི་རྐྱེན་གྱིས་དེ་ཚོའི་སྐད་ཆ་ནི་གནས་ལུགས་དང་རྒྱུ་མཚན་དངོས་དང་འབྲེལ་བ་ཡོད་ངེས།

 

 

མི་དེ་དག་གིས་བཤད་པའི་སྐད་ཆ་ལའང་དྲང་ཚུགས་ཀྱི་ཆ་ཡོད་པར་ཡིད་ཆེས་བྱེད་ཆོག་སྙམ། གང་ཟག་འདི་འདྲའི་རིགས་ཀྱིས་སྐད་ཆ་བཤད་དུས་བསམ་བློ་ཞིབ་མོར་གཏོང་མཁན་ཚོའི་སེམས་ལ་འཇུག་བདེ་མོ་དང་གཅིག་མཐུན་གྱི་བློ་བསྐྱེད་སླ་བའང་སྣང་།

 

ལོ་ལོན་གྱི་མི་ཞིག་ལ་མཚོན་ན་ལེགས་ཉེས་དབྱེ་ཞིབ་ནི་གང་ཟག་སུའི་ཁ་བདེ་པོ་ཡིན་མིན་དང་ལྕེ་སྲབ་མཐུག་ལ་ལྟ་རྒྱུ་གཙོར་བཟུང་མིན་པར་གང་ཟག་དེའི་འདས་སོང་གི་སྔ་རིགས་ཀྱི་བྱས་ཉེས་སམ། དེའི་བྱ་སྤྱོད་དངོས་ཁོ་ནར་དབྱེ་ཞིབ་ཀྱིས་བསྡོམས་ཚིག་བཞག་དགོས་པའམ་བྱས་རྗེས་དེ་དག་ལ་ངོས་འཛིན་རྒྱུ་ཡིན་པ་ལོས་ཤེས་དགོས།

 

 

 

འོན་ཀྱང་ད་དུང་ཡང་སྟག་གི་རི་མོ་ཕྱི་ལ་ཡོད་ཀྱང་མི་ཡི་རི་མོ་ནང་ལ་ཡོད་པ་མ་ཤེས་ནས་ལེགས་ཉེས་གོ་མཇུག་ལྡོག་ནས་རྨོངས་པ་ལས་སད་མེད་པའི་མི་དམངས་ཚོས་ང་མི་དྲང་པོ་དྲང་བཞག་ངོ་མ་ཡིན། ང་ལ་ནག་ཉེས་གཅིག་ཀྱང་མེད། ང་ལ་མ་ཉེས་ཁ་གཡོག་བྱས་སོང་ཟེར་ནས་ས་བསྒྲགས་གནམ་བསྒྲགས་བྱེད་མཁན་ནམ་རག་བཟི་གླན་པ་ལུག་ལྟ་བུ་དེས་ཐེངས་མང་གཞན་ལ་ང་དངོས་གནས་རག་བཟི་མེད་ཅེས་ཡང་ནས་བསྐྱར་དུ་ནན་བརྗོད་བྱེད་པ་དང་གཅིག་མཚུངས་ཡིན་རུང་། དེ་དག་གི་རྗེས་སུ་ངང་ངང་ཤུགས་ཀྱིས་འབྲང་ནས་ཡོད། མང་པོས་སྔ་རིགས་ཀྱི་དམ་ཉམས་དེ་ཚོས་ལས་རྒྱུ་འབྲས་ལས་ལྡོག་པའི་བྱ་ངན་བྱས་ཟིན་པ་དང་། དེའང་ཚབ་ཆེན་པོ་ལས་ཡོད་པ་ཧ་ཅང་གསལ་པོ་ཤེས་བཞིན་ཡང་། མང་པོས་མི་ངན་དེ་དག་གི་ཁ་ལ་གཙོ་བོར་བལྟས་ནས་དེ་དག་གི་ཁོག་པ་ངོ་མ་དེ་སྔོག་ཐབས་བྱ་བརྩིས་མེད།

 

 

 

ངས་འདིརངོ་མ་དཔྱད་ནའང་དེ་ནི་ངོ་མ་ལས་རྒྱུ་འབྲས་ལས་རྩ་འགལ་དུ་སོང་བའི་དཔེ་མཚོན་སྟབས་བདེ་ཞིང་ཡ་མཚན་ཏོག་ཙམ་ཡོད་པ་ཞིག་བཀོད་འདོད་བྱུང་།

 

ཐེངས་ཤིག་གྲོགས་པོ་ཞིག་གིས་ང་ལ་ལོ་རྒྱུས་ངོ་མ་ཞིག་བཤད་བྱུང་། དེ་ནི་ག་གེ་མོས་ཐེངས་མང་བུ་མོ་མཛེས་མ་ཞིག་ལ་ཁ་ཡག་ངོ་དགའ་གང་ལེགས་ཀྱིས་དེ་བསླུས་རྗེས་རྒྱུན་རིང་མ་སོང་བར་མཛེས་མ་དེས་ཁོ་བོའི་འདོད་མོས་ཇི་མ་ཇི་བཞིན་དུ་སྒྲུབ་འདོད་མེད་པ་དང་། ཕན་ཚུན་དབར་ཁ་རྩོད་ཐེངས་འགར་ཤོར་རྗེས་བུ་མོ་དེར་ཁ་ངན་ཚིག་རྩུབ་སྣ་ཚོགས་བརྗོད་དེ་བུ་མོ་དེ་ཕལ་ཆེར་གཞང་བཙོང་མའི་ཚད་དུ་དམའ་འབེབས་བཏང་རྗེས་བུ་མོ་གཡུགས་བཞག་པ་དེ་ཚང་མས་ཤེས་ཀྱི་རེད་ཟེར། དེ་རྗེས་མང་པོས་སྐྱེས་པ་དེ་ནི་མི་སྟེར་བཟོ་དོད་ལ་གཞན་ལ་སྨྲ་མཁས་པ། ག་དུས་ཡིན་ཡང་ངོ་ལ་འཛུམ་ཤིག་ཤིག་མངོན་མཁན་གྱི་ཤེས་ཡོན་ཅན་ཟེར་བ་དེ་འདྲ་ཞིག་ལའང་ངོས་འཛིན་ཡོད་མཁན་རེད་འདུག་པ་བཤད་ཡོད།

 

 

 

དེ་རྗེས་ཁོ་གཉིས་དབར་གྱི་བརྩེ་ཞེན་དེ་ལ་ཡོངས་རྫོགས་བློས་གཏོང་མཁན་ནམ་སྐྱེས་པ་དེར་ཤི་འཐམ་རོ་འཐམ་བྱེད་མཁན་གྱི་བུ་མོ་དེའི་ལུས་སེམས་གཉིས་ལ་བརྗོད་དུ་མི་ལོང་བའི་རྨ་ཁ་བཟོས་པར་བརྟེན། བུ་མོ་དེའི་རྒྱུན་གཏན་གྱི་འཚོ་བར་ཧ་ཅང་མུན་ནག་ཚོར་བ་ལྟར་འགོག་མ་ཐུབ་ཅིང་། གཞན་གྲོགས་ཕོ་མོ་སོགས་ཉེ་འཁོར་གྱི་སེམས་ཉེ་དག་གི་སེམས་གསོའི་སྐད་ཆ་ལའང་མ་ཉན་པར་ཉིན་མཚན་མེད་པར་བག་མེད་ལོངས་སྤྱོད་ལ་རོལ་ཞིང་། གང་སར་ཉུལ་ནས་སེམས་སུ་ཧ་ཅང་སྐྱོ་ངལ་གྱིས་མནར་བའི་དགའ་རོགས་དང་ཁ་བྲལ་སོང་བའི་སྡུག་ཡུས་འོག་ལྷུང་འདུག

 

 

 

དེ་ནས་ཅུང་མ་འགོར་བར་ཐེངས་ཤིག་བུ་མོ་དེ་ཕྱི་མིའི་ལམ་དུ་སོང་བའི་སྐད་ཆ་སྡུག་ཆག་ཅིག་མི་ཚོས་གོ་དུས་ཕལ་ཆེར་ཧ་ལས་ཧོན་འཐོར་བ་ལས་གཞན་ཅི་བྱ་གཏོལ་མེད་དུ་གྱུར། འོན་ཀྱང་མི་ཚང་མས་དེར་དབྱེ་ཞིབ་ཡག་པོ་ཞིག་བྱེད་མཁན་མེད། དོན་དངོས་ཐོག་སྐྱེས་པ་དེ་ནི་བུ་མོ་དེ་དམར་གསོད་གཏོང་མཁན་གྱི་ལག་དམར་བ་གཏེ་ཕོ་དེ་ཡིན་པ་ཚང་མས་ཤེས་དགོས་པ་ཞིག་ཡིན་ཡང་དེ་འདྲ་ངོས་འཛིན་བྱེད་མཁན་ཧ་ལམ་བྱུང་མེད་པ་རེད།

 

 

 

ཕོ་མོ་དེ་གཉིས་ལ་ཅུང་རྒྱུས་ཡོད་མཁན་ཚོས་སམ། དམིགས་བསལ་དུ་བུ་མོ་དེ་ལ་ཆ་རྒྱུས་ཧ་ཅང་ཆེ་བ་ཞིག་གིས་སྦ་གསང་མེད་པའི་སྒོ་ནས་གཞན་ལ་བུ་མོ་དེ་སྐྱེས་པ་དེས་གདུག་རྩུབ་ཀྱིི་སྤྱོད་ངན་འོག་ཏུ་ཤི་སོང་བའི་ལས་ངན་ཞིག་རེད། མོ་རང་མཛེས་མ་ཞིག་རེད་ལ། རྒྱུན་གཏན་དུ་རྨང་གཞིའི་གཟུགས་པོའི་འཕྲོད་བསྟེན་ཡང་ལེགས་པའི་གྲལ་ཡིན། བུ་མོ་དེ་གློ་བུར་བའི་རླངས་འཁོར་བརྡབས་སྐྱོན་དང་གཡང་ནས་ལྷུང་བ་ལྟ་བུའི་གོད་ཆག་གང་ཡང་བྱུང་མེད་པ་ཚང་མས་ཤེས། མོ་ནི་དགའ་རོགས་སྐྱེས་པ་དེས་གདུང་རྩུབ་ཀྱིས་བསད་སོང་ཞིང་། སྐྱེས་པ་དེར་བརྩེ་སེམས་རབ་ཏུ་འབར་བའི་ཉམས་ཆུང་ཞིང་ཡ་ང་བའི་བུ་མོ་གཞོན་ནུ་མ་ཞིག་རེད། སྐྱེས་པ་དེ་ནི་ཕྱི་ཚུལ་དུ་མི་བཟང་པོ་ཞིག་དང་ཡ་རབ་ཟེར་བ་ཞིག་དང་། དོན་ངོ་མ་ནི་ཁོའི་སྒེར་སེམས་ལ་དུག་གི་མེ་ཕུང་འབར་ཞིང་། ཕྱིར་མངོན་འགྱུར་གསལ་པོ་མིན་ཡང་བུ་མོ་དེ་ལྐོག་གསོད་བྱེད་མཁན་གྱི་ལག་དམར་བ་ངོ་མ་ཁོ་རེད་ཅེས་བཤད་མཁན་བྱུང་ལུགས་ཀྱང་གོ་སོང་།

 

 

 

འོན་ཀྱང་སྐྱེས་པ་དེའི་ཕྱོགས་གཏོགས་ཚོས་བུ་མོ་མོ་རང་ལ་ལས་ངན་དེ་འདྲ་འཕྲད་པ་རེད་མ་གཏོགས་སྐྱེས་པ་དེར་ནག་ཉེས་སྤུ་ཙམ་མེད། དེ་བས་ཁྲིམས་ཁང་དུ་སོང་ཡང་བུ་མོ་དེར་མོའི་དགའ་རོགས་ནི་མོའི་མི་ཚེ་བརླགས་མཁན་ཡིན་པའི་དཔང་རྟགས་རྟིལ་འབྲུ་ཙམ་ཡང་བཏོན་རྒྱུ་མེད་རྐྱེན་མོ་ཁྲིམས་ནས་ཕམ་རྒྱུ་ཉག་ཅིག་ཡིན་སོགས་བཤད་ཡོད་པའང་གོ་སོང་།

 

སྐྱེས་པ་དེའི་ཕྱོགས་གཏོགས་ཐ་ཤལ་བ་འགས་མོས་སྐྱེས་པ་དེའི་ཁ་ལ་མ་ཉན་པར་མོ་རང་ཞི་པོ་གཅིག་ཡིན་མདོག་སྟོན། ད་མཐའ་མར་ཡོང་རྒྱུ་དེ་ལས་མེད།

 

མོ་ཤི་ན་སྡུག་གྱོང་རེད་ཅེས་ལས་རྒྱུ་འབྲས་ལས་རྦད་དེ་ལྡོག་པའི་ཁྲེལ་མེད་ཀྱི་སྐད་ཆ་དེ་འདྲའང་བཤད་ཡོད་འདུག

 

གནས་སྟངས་དེ་ཤེས་མཁན་ཚོས་མིག་ཆེན་པོ་གཉིས་ཡོད་མཁན་གྱི་མཛེས་མ་དེའི་ངོ་གདོང་ཡིད་ལ་ཝ་ལེར་འཆར་བཞིན་ཡོད་སྲིད་མོད། འོན་ཀྱང་དུས་མཚུངས་སུ་མི་ཚང་མས་བུ་མོ་དེ་ཤི་རྗེས་ཀྱི་ཟླ་བ་ཁ་ཤས་རྗེས་སུ་སྐྱེས་པ་དེས་ཁྱིམ་རྒྱུད་ཀྱི་མིང་དང་རྒྱུ་ནོར་གྱི་རྒྱབ་རྩ་སྟུག་ཅིང་ཕོ་མོ་གཉིས་ཀྱི་དབར་ལ་བརྩེ་དུང་ཆགས་མྱོང་བའི་གོ་རིམ་ཞིབ་ཙམ་ཡང་བཤད་རྒྱུ་མེད་པའི་སྒོ་ནས་བུད་མེད་གཞན་ཞིག་དང་ཆང་ས་བརྒྱབས་པའི་གནས་སྟངས་ཐོས་ཤིང་།  དེ་ནས་ཁོའི་བཟའ་ཟླ་མོའམ་བུད་མེད་དེར་ཕྲུ་གུའང་སྐྱེས་ཚར་ཡོད་པ་ཤེས་ཡོད།

 

 

 

དེ་ནི་སྐྱེས་པ་དེ་གཞན་གྱི་མདུན་དུ་ང་ལ་ཉག་ཉེས་སྤུ་ཙམ་མེད། ངའི་མི་གཤིས་ཀྱི་སྤུས་ཀ་གཙང་མ་གཙང་རྐྱང་ཡིན། སུས་ང་ལྟ་བུར་ཁ་གཏད་གཅོག་ན་ཤི་རྒྱུ་ལས་གཞན་ལམ་ཁ་མེད་ཅེས་ངར་བཞིན་པ་དང་ཤིན་ཏུ་ནས་མཚུངས་ལ། དེ་མི་ཚོས་ཀྱང་དེ་ལྟ་བུའི་ཁེངས་དྲེགས་ཀྱི་ངོ་གདོང་ཁྲེལ་མེད་དེ་ལ་ཅི་བྱ་འདི་བྱ་མེད་པར་ལུས་ཡོད་པ་ནི་དངོས་ཡོད་ཀྱི་གནས་སྟངས་ཤིག་གྱུར་ཡོད།

 

སྐྱེས་པ་དེའི་བུ་མོ་དགའ་རོགས་དེ་ཤི་རྗེས་མང་པོས་ཡ་ང་བའི་ཡ་མཚན་དགོས་པའམ་དོན་དངོས་གནས་སྟངས་དེ་གང་འདྲ་བྱུང་མིན་རྩད་གཅོད་མཁན་མ་བྱུང་ལ། བུ་མོ་དེའི་ཉེ་འཁྲིས་ཀྱི་གྲོགས་ཕོ་མོ་འགའ་ཤས་ལས་མི་ཚང་མས་སྐྱེས་པ་དེ་ལ་ནག་ཉེས་ཡོད་པ་ངོས་འཛིན་ཡོད་མཁན་ཧ་ལམ་མེད། དེ་བས་དགོད་བྲོ་བ་ཞིག་ལ། མང་པོས་ཕྱིར་མི་མངོན་པའི་མི་གསོད་ལག་དམར་བའམ་སྐྱེས་པ་དེ་ནི་སྤྱི་བཏང་གི་ཆ་ནས་མི་དྲང་པོ་དྲང་བཞག་བྱེད་མཁན་གཅིག་རེད་ཅེས་བཤད་མཁན་བྱུང་སྐད།

 

 

 

ངོ་མ་སྙིང་རྗེ་སྐྱེ་འོས་པའི་བུ་མོ་གཞོན་ནུ་མ་དེ་འདི་ལྟར་ཕྱི་མིའི་ལམ་དུ་བཞུད་ཟིན་མོད། ཤུལ་ལུས་ཚོས་སྔ་ཕྱི་བར་གསུམ་གྱིས་བུ་མོ་དེ་ཤི་ལུགས་ཤི་སྟངས་སྐོར་དོ་སྣང་བྱེད་མཁན་ནམ་རྩད་གཅོད་བྱེད་མཁན་མེད་ལ་དེའི་སྐོར་བཤད་འདོད་ཀྱང་མེད་པ་རེད། གཅིག་བྱས་ན་མི་ཚོས་སྐྱོ་གར་དེ་འདྲ་མཐོང་མི་འདོད་པའི་རྐྱེན་གྱིས་ལ་ལས་སེམས་སུ་གནས་ཚུལ་གྱི་གོ་རིམ་མམ་དོན་དངོས་དག་ཧ་ཅང་གསལ་ཐེང་ངེར་ཡོད་རུང་སྐད་ཆ་དེ་དག་བཤད་འདོད་མེད་པའམ་གནད་དོན་དེ་ཕྱིར་བསྔོག་འདོད་མེད་པའང་ཡིན་སྲིད།

 

 

 

བཤད་མཚམས་འདིར་སླེབས་དུས་ངས་དེ་སྔོན་རྒྱ་གར་བའི་གློག་བརྙན་ཞིག་ཡིད་ལ་དྲན་བྱུང་བས་འདིར་མདོར་བསྡུས་ཙམ་བཤད་ན་འདི་ལྟར། རྒྱ་གར་གྱི་གྲོང་གསེབ་གཅིག་ཏུ་སློབ་དགེ་གཞོན་ནུ་མ་ཞིག་དང་དེ་སྔོན་ཡང་སློབ་དགེ་ཡིན་ཞིང་ད་ཆ་རྒན་ཡོལ་དུ་ཞུས་ཟིན་པའི་མོའི་རྨོ་མོ་གཉིས་ཧ་ཅང་དབུལ་ཕོངས་ཀྱི་འཚོ་བ་ཞིག་རོལ་ནས་ཡོད། རྨོ་བོའི་མི་ཚེ་གང་པོར་སློབ་དགེ་བྱས་པ་དང་། ད་ཆ་མོའི་ཚ་མོ་དེའང་ཕ་ཤུལ་བུ་འཛིན་གྱིས་སློབ་དགེའི་བྱ་བར་འཇུག་ཅིང་དོན་དངོས་ཐོག་སྤོབས་པ་བྱེད་འོས་པའི་ཤེས་ཡོན་ཅན་གྱི་གྲལ་དུ་ཡོད།

 

 

 

དུས་ཡུན་རིང་པོར་བུ་མོ་དང་རྨོ་བོ་ལགས་གཉིས་ཀྱི་འཚོ་བའི་རྨང་གཞི་ཧ་ཅང་དབུལ་ཡང་། སེམས་སུ་ཞི་བདེ་དང་ལྷིང་འཇགས། ལུས་གཟུགས་བདེ་ཐང་དང་སྤོབས་པ་ལྡན་པའི་འཚོ་བ་བསྐྱེལ་ནས་བསྡད།

 

འོན་ཀྱང་ཐེངས་གཅིག་བུ་མོས་ཁྱིམ་འཚེས་ཕྱུག་བདག་གི་བུད་མེད་འགས་ལུས་ལ་གསེར་དངུལ་དང་དར་གོས་ཆེན་ཁྲ་ཆིལ་ལེར་གྱོན་ནས་རྒྱུ་ཟས་ལོངས་སྤྱོད་ཚད་ལས་བརྒལ་བ་ངོམས་བཟོ་བྱེད་བཞིན་པའི་གནས་ཚུལ་དེ་མཐོང་ཞིང་། ད་དུང་བུད་མེད་ཕྱུག་བདག་མ་ཚོས་བུ་མོ་དེ་མཐོང་མ་ཐག་དེར་མི་འདོད་པའམ་སྐྱུག་མེར་ཞིང་ཧ་ཅང་མཐོང་ཆུང་གི་རྣམ་འགྱུར་བཏོན་པ་དེརཧ་ལས་ཤིང་ཧོན་འཐོར་བར་གྱུར།

 

 

 

སེམས་སྐྱོ་བ་ཞིག་ལ་ཉིན་མོ་དེ་ནས་བཟུང་བུ་མོའི་སེམས་སུ་དེ་སྔོན་གྱི་རྨོ་བོས་བཤད་པ་ལྟར་དགེ་རྒན་ཞིག་ཡིན་པའི་སྤོབས་པ་ཟེར་བ་དེ་དག་རྨང་ནས་ཞིག་ཏེ་སེམས་པ་འཚབ་འཚུབ་དུ་ལུས། དེ་ནས་བུ་མོ་དེའི་སེམས་ནད་དེ་ཚབ་ཇེ་ལོད་དུ་སོང་ནས་མལ་སར་ལྷུང་བ་མ་ཟད། རྒྱུན་དུ་རྨི་ལམ་ལྟ་བུ་འཁྲུག་ནས་མཐར་སྙིང་ནད་ཚབ་ཆེན་གྱིས་ཟིན་པ་མ་ཚད། སྐབས་རེར་མོས་ངུ་སྐད་དང་སྨྲེ་ངག་ཅི་ཡིན་ཆ་མི་འཚལ་ཞིང་འཇིགས་སུ་རུང་བའི་སྐད་འབོད་དང་ཁྱིམ་འཚེས་ཀྱི་ཕྱུག་བདག་ཚང་གི་བུད་མེད་དེ་དག་གིས་མོ་ལ་མཐོང་ཆུང་དང་ཁྱད་བསད་སྦྲགས་མོའི་ལུས་པོ་ཡོངས་དུམ་བུར་གཏུབ་བཞིན་པའི་རྨི་ལམ་ངན་པ་དེ་དག་རྒྱུན་དུ་རྨིས་འགོ་བརྩམས་ཡོད།

 

 

རྨོ་བོ་ལགས་ཀྱིས་བུ་མོ་དེའི་ནད་གཞིའི་འབྱུང་ཁུངས་ནི་ཁྱིམ་འཚེས་ཕྱུག་བདག་ཚོས་བག་མེད་ལོངས་སྤྱོད་དེ་དག་གིས་ཚ་མོར་མཐོང་ཆུང་དང་དམའ་འབེབས་བགྱིས་པ་ནས་བྱུང་ལུགས་དེ་ཤེས་རྗེས། རྨོ་རྨོས་སོ་སོའི་ཚ་མོར་བསླབ་བྱ་སློབ་གསོ་གང་དྲག་བྱས་ཀྱང་མཇུག་ཏུ་ཕན་མེད་དམ་ཐབས་ཟད་ཅིང་། དྲག་ཆར་དང་རླུང་འཚུབ་རྒོད་པའི་མཚན་མོ་ཞིག་ལ་བུ་མོ་དེ་འཇིགས་སུ་རུང་བའི་རྨི་ལམ་དང་སེམས་ནད་ཚབ་ཆེན་གྱིས་ཟིན་ནས་རྔང་སྐྲག་འོག་དུ་སྐད་ངན་ཐེངས་ཤིག་ཤོར་རྗེས་གློ་བུར་དུ་འདས་གྲོངས་སུ་གྱུར།

 

 

མི་སུ་འདྲ་ཞིག་ཡིན་ཡང་སློབ་དགེ་བུ་མོ་དེ་གསོད་མཁན་ལག་དམར་བ་ངོ་མ་དེ་དག་ནི་ཁྱིམ་འཚེས་ཀྱི་ཕྱུག་བདག་མོ་དེ་དག་གིས་བགྱིས་པའི་གནས་སྟངས་དེ་ཤེས་རྟོགས་མེད། དེ་བས་མི་ཚོས་བུ་མོ་ལོ་ཆུང་ཆུང་དེ་འདྲ་ལས་ངན་པ་ལ། གཞོན་ནུ་མའི་དུས་ནས་ཕྱི་མིའི་ལམ་དུ་སོང་འདུག་ཅེས་བཤད་པ་ཙམ་གྱིས་འཐུས་པར་བྱས།

 

 

 

འོན་ཀྱང་མི་ཚེའི་སྐྱིད་གསུམ་སྡུག་གསུམ་མམ། འཚོ་བའི་ངོ་གདོང་ཡོངས་ཀྱི་བྲོ་བ་ཆ་ཚང་མྱངས་མྱོང་མཁན་གྱི་རྨོ་བོའི་སེམས་སུ་ཁོང་མོའི་ཚ་མོ་གསོད་མཁན་གྱི་མི་གསོད་ལག་དམར་བ་དེ་དག་ཧ་ཅང་གསལ་པོའི་སྒོ་ནས་ཤེས་ཀྱི་ཡོད། མོས་མཐར་སེམས་ཐག་གཙང་བཅད་ཀྱིས་ཁྱིམ་འཚེས་ཀྱི་ཕྱུག་བདག་མ་ངོ་ཚ་བྲལ་བ་དེ་དག་ཁྲིམས་ཁང་དུ་བསྐྱེལ། ཁྲིམས་ར་ནས་དེར་གཅིག་རྗེས་གཉིས་མཐུད་ཀྱིས་རྩད་གཅོད་དང་ཞིབ་བཤེར་བརྒྱུད། མཇུག་ཏུ་ཕྱུག་བདག་བག་མེད་ལོངས་སྤྱོད་མཁན་གྱིས་བསམ་བཟས་ངན་པས་དབུལ་ཕོངས་ཀྱི་དམངས་ཀྱི་མདུན་ནས་གསེར་དངུལ་རིན་ཆེན་རྒྱན་ཆས་ངོམས་ངོམས་བཟོ་མི་ཆོག་པའི་ཁྱད་མཚར་བའི་ཁྲིམས་དེ་འདྲ་ཞིག་ཀྱང་བཅས་པ་རེད་འདུག

 

 

 

བསམ་བཟས་ངན་པས་ལས་བྱེད་མཁན་ཚོས་ངོ་ལ་ཁེངས་དྲེགས་ཀྱི་གཡོ་འཛུམ་ཤིག་ཤིག་ཤོར་རྒྱུ་དེ་མཚམས་བཞག་མི་སྲོད་མོད། འོན་ཀྱང་བཟང་པོར་བཟང་ལན་དང་ངན་པར་ངན་ལན་ཞིག་ཡོང་ངེས། བཟང་ངན་ལ་འབྲས་བུ་མི་འདྲ་བ་ཞིག་ནི་ཡོད་གཏན་འཁེལ་རེད། གང་ཡིན་ཟེར་ན། ཁྱོད་ཀྱིས་བསམ་བཞིན་དུ་ཕ་རོལ་པོ་དེའི་སེམས་དམར་པོ་བསད་པ་རེད་ལ། དམིགས་བསལ་དུ་བོད་མི་ཚོར་མཚོན་ན། ཁྱོད་ཀྱིས་ཤེས་བཞིན་དུ་ཁ་ནས་ནང་པ་ཡིན་མདོག་དང་ཆོས་ལ་དད་པ་ཡོད་ལུགས་ས་བསྒྲགས་གནམ་བསྒྲགས་གང་མང་བྱེད་ཅིང་མིའི་མདུན་དུ་ཁེངས་དྲེགས་ཀྱི་གཡོ་འཛུམ་ཇི་ཙམ་སྟོན་ཡང་། དོན་དངོས་ཐོག ནང་པ་ངོ་མ་ཞིག་ཡིན་ན་ནམ་ཞིག་ལ་མི་ཚང་མ་ལས་རྒྱུ་འབྲས་ཀྱི་ཞག་པ་དེ་ནས་ངན་སྤྱོད་དག་ས་རིས་ཐང་གསལ་དུ་ཕྱིར་ལས་འབྲས་ཀྱི་ལམ་ནས་མངོན་སྲིད་པར་ཡིད་ཆས་སམ་དེ་ལ་ཐེ་ཚོམ་ཙམ་ཡང་མི་དགོས་པ་ཞིག་རེད་བསམ་གྱི་ཡོད་དོ། 

 

 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།