རྒྱན་བཙུགས།

mages/stories/45/wwww.jpgརྒྱན་བཙུགས།

gambling

赌博

དེང་ཕྱིའི་རྒྱལ་ཁབ་ནས་ཝ་མི་གྲགས་ཁག་མེད་འདྲེ་ཡིས་འགྲམ་བཅག་བཞུ་བའི་དཔེ་ལྟར་ལས་ཀ་ཁོ་ནར་གཞོར་དགོས་པ་དུས་མཚུངས་སུ་མགོ་སེར་འདི་ཚོས་ཉིན་ཞག་དུས་དྲུག་ཏུ་འཚོ་བ་དངོས་ཀྱི་དུས་རིམ་ནང་བྱེད་སྟངས་ལས་སྟངས་སྣ་ཚོགས་ནས་སོ་སོར་ཁ་ཡོད་ལག་ཡོད་ཀྱི་བསླབ་བྱ་སློབ་གསོ་རེ་འགའང་རག་ཐུབ་པའི་ཆ་མང་ཙམ་འདུག་བསམ་པ་དེའི་རིགས་སུ་རྟོགས་པའི་ངས་འདིར་འཕྲུལ་ཆའི་རྒྱན་བཙུགས་དང་འབྲེལ་ནས་ཏོག་ཙམ་བཤད་སྙིང་འདོད།

 

སྤྱིར་ན་སྐུག་བཞག་ཅེས་བཤད་པ་ཙམ་གྱིས་རང་རིགས་སྐྱ་སེར་རྒན་གཞོན་ལ་མ་ལྟོས་པར་མང་ཆེར་གྱིས་རྒྱན་སྐུག་བཞག་མཁན་དེ་ཚོ་མཐའ་གཅིག་ཏུ་ངན་ལས་སྡུག་ཆགས་ཅིག་ཏུ་ངོས་འཛིན་གསལ་པོ་ཡོད། དེར་བརྟེན། ཁྱེད་ཚོས་ང་ལ་ཁྱོས་རྒྱན་བཙུགས་སྟངས་ནས་མགོ་སེར་ས་ནས་བསླབ་བྱ་སློབ་གསོ་རག་གི་འདུག་ཟེར་བ་རྫུན་བཤད་འདོད་པ་རེད་ཅེས་ང་ལ་ཁྲེལ་དགོད་ཀྱང་བྱེད་སྲིད། འོན་ཀྱང་ངས་དེ་རིང་ངས་དེ་རང་ལ་གཅིག་བཤད་འདོད་འདུག

 

 

བོད་དུ་ཡིན་ན། སྤྱི་བཏང་དབུས་ཕྱོགས་སུ་བག་ཆེན་དང་ཤོ་སྦག་ཟེར་ནས་རྩེད་མོའི་རིགས་གཉིས་ཡོད་པ་དེ་ལ་སྐྱ་སེར་གཉིས་ཀྱི་སྐྱེས་པ་མང་པོས་རྩེད་སྲོལ་ཡོད། མང་པོས་རྩེད་མོ་དེའི་རིགས་རྩེད་དུས་དངུལ་དངོས་ཀྱི་རྒྱན་དང་སྐུག་བཙུགས་ཏེ་བཞག་གི་ཡོད་པརེད། ཁོ་ཚོས་རྒྱན་སྐུག་དེ་དག་རྩེད་དུས་བསམ་བློ་གུ་ཡངས་པོ་གཏོང་ཐུབ་མཁན་ཉུང་བ་མིན་འགྲོ དེ་བས་མང་ཆེར་རྩེད་མཁན་ཕྱོགས་གཉིས་ཀས་ཁོག་རྩིས་ངར་མོ་དང་། ཐོབ་ཤོར་ལ་གཙེགས་འཛིན་ཆེ་བ་ནི་བཤད་ག་ལ་དགོས། དེ་བས་ཚབ་ཆེན་རིགས་ཀྱིས་སྐུག་ཆེན་པོ་ཤོར་རྗེས་ཕན་ཚུན་གསོད་རས་རྡུང་རས་ཚབ་ཆེན་བྱས་པའི་ལོ་རྒྱུས་ཀྱང་ཉུང་ཙམ་ཡོད། དམངས་ཁྲོད་དུ་དབུས་ཉི་མ་ལྷ་སའི་ཕྱོགས་ཀྱི་ང་ཚོའི་སྐུ་དྲག་ཚོས་དེ་སྔོན་ཤོ་བག་བརྩེས་ནས་བོད་དེ་རྒྱ་དམར་ལ་ཤོར་སོང་བ་རེད་ཟེར་སྲོལ་དེ་བདེན་ཆ་ཅི་ཙམ་ཡོད་མེད་གང་ལྟར་ཡང་དམངས་ཁྲོད་དུ་ཚང་མའི་ཁ་ནས་བཤད་རྒྱུན་ལྟ་བུ་ཞིག་ཏུ་གྱུར་ཚར་ཡོད།

 

 

 

རྒྱན་བཙུགས་བྱེད་དུས་དངུལ་དངོས་གཙོས། གཞན་ཡང་འུ་ཐུག་ཐབས་ཟད་ཀྱི་མཐོ་སྒང་བོད་ཀྱི་སྐྱེས་པ་ཚོས་མ་ཁྱིམ་གྱི་གཞིས་ས་ཚུན་ཆད་སྐུག་ཏུའམ་གཏའ་མར་བཞག་པ་མ་ཟད། ལ་ལས་སོ་སོའི་བཟའ་ཟླ་མོའང་སྐུག་གི་གཏའ་མར་བཞག་མཐར་བཟའ་ཟླ་གཞན་ལ་ཤོར་བའི་ངོ་ཚའི་ལས་དང་ཁྱིམ་ཕུག་སྟོང་པ་བཟོས་ཏེ་ཡ་ང་བའི་གནས་སྟངས་སུ་བསྐྱེལ་བའི་ཐབས་སྡུག་གི་དཔེ་མཚོན་ཡང་རེ་འགའ་ཡོད།

དེ་ལས་ཚབ་ཆེ་བ་ནི་ཕན་ཚུན་གསོད་རས་རྡུང་རས་བྱས་ཉེས་དེས་མི་རབས་ཚ་རྒྱུད་ཀྱི་ནང་ལའང་ལུས་སེམས་ཀྱི་འཁོན་འཛིན་གྱི་ས་བོན་རྒྱས་བཞིན་ཡོད་པ་རེད། 

 

 

 

འོན་ཀྱང་གང་ལྟར་ཡང་ངས་བསམ་ན་དེ་གཙོ་བོ་ནི་རྒྱན་དང་སྐུག་བཞག་མཁན་གྱི་གང་ཟག་དེའི་སེམས་ཁམས་ལ་གཙོ་བོ་རག་ལོས་ཡོད་པ་གདོན་མི་ཟ་སྙམ་པ་དུས་མཚུངས་མཇུག་འབྲས་སུ་གསོད་རས་རྡུང་རས་བྱེད་པ་དེ་ནི་རྒྱན་སྐུག་ཐོབ་ཤོར་ལས་ཚབ་ཆེ་བའི་མིའི་ཚེ་སྲོག་ལ་ཐད་ཀར་རྒོལ་བའི་དྲག་པོའི་བྱང་ངན་ཞིག་ཡིན། འོན་ཀྱང་ངས་འདི་ནས་རྒྱན་བག་རྩེད་མཁན་ཚོ་ཐ་གཅིག་ཏུ་མི་ངན་རེད་ཟེར་ནས་བཤད་རྒྱུ་མིན། དེའང་བག་རྒྱན་རྩེད་པ་དང་། ཤོ་སྐུག་བཞག་པ་དེ་ནི་ང་ཚོའི་དམངས་ཁྲོད་ཀྱི་བློ་རིག་རྩེད་པའི་ངལ་གསོའི་ཚུལ་ཞིག་ཡིན་པས་རེད།

 

 

དེའི་སྐོར་ངས་དཔེ་མཚོན་རེ་བཀོད་འདོད་པ་ནི་ངའི་ཕ་རྒན་ཡབ་དམ་པ་དང་ཁོང་གི་གྲོགས་པོ་རེ་འགས་བག་ཆེན་རྩེད་དུས་ཡིན། ངས་ཡབ་དམ་པས་བག་ཆེན་རོལ་དུས་སྐུ་རླུང་བཞེངས་མྱོང་བའི་གནས་སྟངས་ཤིག་ད་ལྟའི་བར་དུ་ངའི་དྲན་པའི་ཡུལ་དུ་མི་འདུག་ལ། དེ་ལས་ལྡོག་སྟེ་ཡབ་ཀྱིས་བག་ཆེན་རོལ་སྐབས་ག་དུས་ཡིན་ཡང་ཞལ་འཛུམ་མུལ་མུལ་གནང་གི་ཡོད་པ་དེ་ཧ་ཅང་གསལ་པོ་ཡིན་ལ། ཁོང་རྩེད་རིགས་དེར་ཐུགས་སྤྲོ་པོ་ཡོད་པའི་རྐྱེན་གྱིས་མཚམས་རེར་མཚན་གང་རྩེད་ནས་བཞུགས་ཀྱི་རེད། གལ་ཏེ་ཁོང་ལ་གྲོགས་པོ་རྩེད་མཁན་མ་རག་པའི་དུས་ཁོང་གིས་ང་ལའང་བག་ཆེན་ཏོག་ཙམ་བསླབ་ནས་ངས་རྩེད་མཁན་གཞན་ཞིག་གི་ས་མིག་མི་སྟོང་ཙམ་གྱི་ཚུལ་དུ་ཡབ་དམ་པ་དང་གཅེན་པོ་ཆུང་བ། ངེད་ཕ་བུ་གསུམ་ནས་མཉམ་དུ་རྩེས་ཏེ་དུས་ཚོད་བསྐྱེལ་མྱོང་བའང་དྲན་གྱི་འདུག

 

 

 

ཁོང་གིས་དེའི་སྐོར་གསུངས་མྱོང་ཡོད་པ་ཞིག་ནི། ཤོ་བག་དང་རྩེད་མོ་རྩེད་དུས་བག་མཁན་ནམ་དེ་ལ་མཁས་པ་ཞིག་ཡིན་ན་ཐེངས་འགར་ཚར་རྗེས་ཕ་རོལ་པོའི་གཤིས་ཀ་དེ་ལག་མཐིལ་གྱི་རི་མོ་ལྟར་ཧ་ཅང་གསལ་པོ་ཡོད་པ་རེད་ཅེས་དང་། དེའང་ཐོབ་རེ་གཙོ་བཟུང་གཞན་ས་ནས་ཁེ་བཟང་ཟ་རྐྱང་བྱེད་མཁན་གྱིས་སོ་སོའི་གཤིས་ཀ་ལྷང་ལ་མིག་སྟོན་བྱེད་ཀྱི་རེད། དེ་མིན་བག་ལ་མཁས་པའམ་ངོ་མ་རྩེད་རིགས་དེར་དགའ་མཁན་ཞིག་ཡིན་ན་བག་ཆེན་རྩེད་རིང་གཙོ་བོ་ཕན་ཚུན་བློ་དང་རིག་པ་བསྡུར་ས་མང་པོ་ཡོད་པར་བརྟེན། རྩེད་མོ་དེར་དགའ་སྣང་དང་དབྱིངས་ངོ་མ་ཡོད་ལེ་རེད་སོགས་གསུངས་མྱོང་ཡོད།

 

 

ཡིན་ཡང་ཚང་མས་རྒྱན་སྐུག་བཞག་པའི་དུས་ལ་ཐོབ་རེ་གཙོ་བཟུང་བྱས་རྐྱེན་ལས། ད་ཐེངས་སྐུག་བཞག་དུས་ང་ཤོར་གྱི་རེད་བསམ་ནས་རྒྱན་གཏའ་མར་བཞག་མེད་པ་གཏེན་འཁེལ་ཡིན། དེར་བརྟེན། དེའི་མཇུག་འབྲས་སུ་རྒྱན་སྐུག་ཆེན་པོ་ཤོར་དུས་ཁོང་ཁྲོ་དང་ང་རྒྱལ། ཞེ་སྡང་དང་ཡིད་མུག་སོགས་ངན་སའི་བློ་ལ་ཆུབས་དཀའ་བའི་ཚོར་བ་མང་དུ་སྣང་གི་ཡོད་པ་ཐེ་མི་ཚོམས། གང་ཟག་དེས་སྒེར་གྱི་ཞེ་བསམ་པའི་ངན་སེམས་དེ་དག་འགོག་མ་ནུས་ཚེ་མཇུག་འབྲས་སུ་མི་གསོད་རྟ་འགྱེལ་གྱི་སྡིག་ལས་སམ་རྩུབ་སྤྱོད་སྤེལ་གྱི་ཡོད་པ་དེ་རེད།  

 

 

འདིར་ངས་ཤེས་ཚོད་ལྟར་ན་དེང་མགོ་སེར་ལུང་པར་རྩེད་རིགས་དེའི་རིགས་ཚང་མ་འཕྲུལ་ཆས་སུ་རྩེད་ཀྱི་ཡོད། དེ་སྔོན་ང་དང་རྒད་པོ་ངེད་གཉིས་ང་ཚོའི་ས་ནས་ཆུ་ཚོད་གཅིག་ཙམ་གྱི་ས་ཤིག་ལ་རྩེད་རྭ་གྲགས་ཅན་ནམ་ཧ་ཅང་ཆེན་པོ་ཞིག་ཡོད་སར་ཞོར་དུ་འཆམ་འཆམ་ལ་སོང་བ་ཡིན། དེ་ནི་ཕྱི་ནས་བལྟས་ན་ཚོང་ར་ཆེན་པོའི་ཁང་པ་ཐོག་བརྩེགས་ཅན་ཞིག་རེད་ལ། ནང་དུ་མི་ཚོ་སྟོང་ཕྲག་ཤོང་བའི་རྩེད་ཆས་འཕྲུལ་འཁོར་ཆེ་ཆུང་སྣ་ཚོགས་ཀྱིས་ཁྲ་ཆིལ་ལེར་ལྟ་བུ་རེད་འདུག ངེད་གཉིས་མདུན་ངོས་ཕྱོགས་སུ་མར་བསྡད་དེ་ལྟད་མོར་བལྟས་པས། དེར་ཁག་ཅིག་གིས་རྩེད་བཞིན་པ་མཐོང་། ངས་ཀྱང་རྒད་པོར་ངེད་གཉིས་ཀྱིས་ཀྱང་ཉུང་ཙམ་རེ་རྩེད་དམ། ཞེས་པར་ཁོང་གིས་དེ་རིང་གཙོ་བོར་ལྟད་མོ་ལྟ་སར་འོང་བ་རེད། མི་རྩེ་ཟེར་བས་ངེད་གཉིས་དེར་ཡར་ལྟ་མར་ལྟ་འདྲ་ཡུན་ཙམ་བཟོས་ཏེ་ཕྱིར་དོན་ནས་གཞན་སར་འཆམ་འཆམ་སོང་བ་ཡིན།

 

 

ང་སྡོད་སའི་ཉེ་འཁོར་དུ་རྩེད་ར་དེ་འདྲ་པོ་ཡིན་ཡང་སྔར་ལས་ལྡབ་ཀྱི་ཆུང་ཞིང་སྤྱི་བཏང་གི་ཆ་ནས་བཤད་ན་རྩེད་རའམ་ཟས་དང་ཉོ་ཚོང་ཉུང་ཙམ་རེ། ཆང་རག་འཐུང་ས་དང་ཟ་ཁང་རིགས། དེ་མིན་གཟའ་མཇུག་རེ་འགར་རྒྱན་ཤོག་བཙོང་ནས་དེར་དཔག་པའི་ཟས་རིགས་རྒྱན་ཐོབ་ཆོག་པའི་བྱ་འགུལ། གཞན་ཡང་གླུ་གར་གྱི་མཚན་ཚོགས་སོགས་རྟག་ཏུ་གོ་སྒྲིག་ཡོད་པ་རེད།

 

 

རྒྱལ་ཁབ་འདིའི་མི་མང་ཆེར་གྱིས་ལྟོ་གོས་གཏམ་གསུམ་ལ་ཧ་ཅང་དགའ་སྣང་དང་དབྱིངས་ཞུགས་པ་ལྟར་མཐོང་། ཁོང་ཚོས་ཟས་རིགས་སྣ་ཚོགས་བཅོ་བརྒྱད་ལ་རོལ་མྱོང་བྱེད་དགའ་པོ་ཡོད་ཅིང་། ཁོམ་དུས་སམ་དགུང་སེང་རེར་ནང་མི་བཟའ་ཚོ་དང་བུ་རྒྱུད་སོགས་ཟས་གང་ཞིམ་ལ་རོལ་བའི་དགའ་སྣང་ཡང་ཆེ། དེ་མིན་འདི་རྒྱ་མཚོའི་འགྲམ་དུ་ཆགས་པའི་རྒྱལ་ཁབ་ཅིག་ཡིན་པར་བརྟེན། ཡུལ་མི་ས་སྐྱེས་རྡོ་སྐྱེས་ཚོས་ཧ་ཅང་དགའ་སྣང་ཆེན་པོ་བྱེད་སའི་ལུས་རྩལ་དང་རྩེད་རིགས་ནི་ཆུ་སྐྱལ་དང་། མཚོ་ཐོག་པང་ལེབ་ཐོག་ནས་འཁྱག་ཤུལ་རྒྱུགས་པ་ལྟར་བྱེད་རྒྱུ། ལུས་རྩེད་སྣ་ཚོགས། དབྱུག་པ་སྤོ་ལོ་གཙོས་རྩེད་རིགས་སྣ་ཚོགས། དེ་མིན་ཁང་པའི་ནང་དུ་རྡོ་རིལ་རྩེད་རྒྱུ་བཅས་ལའང་དོ་སྣང་ཆེན་པོ་རེད་འདུག དེ་མིན་རྒན་འཁོག་དང་ལས་མེད་མང་པོ། གཞན་ཡང་ལས་ཀ་བྱེད་མཁན་རིགས་ཡིན་ཡང་ཕྱི་རུ་འཆམ་ནས་སྤྲོ་སྐྱིད་དེ་ཙམ་མི་གཏོང་བ་རྒྱུན་དུ་ནས་མང་པོ་རྩེད་ཁང་འདིར་འཕྲུལ་ཆའི་རྩེད་མོའམ་རྒྱན་དང་སྐུག་བཞག་ཞོར་ཟ་བཏུང་རེར་རོལ་རྒྱུ་དེར་ཧ་ཅང་དགའ་མཁན་མང་། དེའང་རྩེད་ཁང་ཆེན་མོ་དེའི་ནང་ཞོགས་སྔ་ལང་ནས་དམིགས་གསལ་དུ་མཚན་མོ་ཕྱི་ཉལ་བར་དུ་མི་མེད་དུས་ཤིག་རྩ་བ་ནས་ཡོང་མི་སྲིད་པ་ལྟར་རེད།

 

 

 

 

འདིར་རྒས་ཡོལ་ཞུས་ཟིན་པའི་ཕོ་མོ་རྒན་འཁོག་མང་པོ་འདིར་དུས་ཐོག་ཆད་ལུས་མེད་པ་ལྟར་འཛོམས་ཡོང། སྐབས་དེར་སུ་འདྲ་ཞིག་ཡིན་ཡང་དེར་འོ་མ་དང་འཐུང་ཆུ་མངར་མོ་ཚ་གྲང་གཉིས། མངར་ཟས་རིགས་ཉུང་ཙམ་བཅས་ནི་རིན་མེད་ཡིན་ལ། ཚང་མས་དགའ་ལྷང་ལྷང་གིས་རྩེད་མོར་རོལ་གྱི་ཡོད་པ་ལྟ་བུའི་མཐོང་སྣང་ང་ལ་ཡོད།

 

 

དེ་མིན་རེ་འགའ་དངུལ་མང་པོ་ཤོར་ནས་ངོ་གདོང་འགྱུར་བསྡད་པ་ལྟ་བུ་ཡང་མཐོང་རྒྱུ་ལོས་ཡོད་དེ་ངས་དེ་དག་མཐོང་དུས་སེམས་སུ་ག་དུས་ཡིན་ཡང་འགོག་མི་ཐུབ་པར་ཁོང་དགོད་ཤོར་འགྲོ དེ་ནི་ངའི་སེམས་གདུག་རྩུབ་དང་གནག་དྲག་ནས་མིན་པར་ངས་དེ་དག་གི་ངོ་ནས་ཅི་བྱ་གཏོལ་བྲལ་ལྟ་བུའི་སྣང་ཚུལ་དེ་དག་མཐོང་བས་ཡིན། ང་ཚོ་བོད་པ་ཉུང་ཤོས་ཀྱང་མི་གཞན་དང་གཅིག་མཚུངས་འདིར་རྩེད་མོ་འདྲ་རྩེད་ཀྱི་ཡོད་པ་རེད། ང་འདིར་གསར་འབྱོར་སྐབས་སུ་ང་དང་ངོ་ཤེས་རྙིང་པ་འགའ་རྩེད་ར་འདིར་ཐུག་པ་དང་། དེའང་ངའི་རོགས་པ་དང་གཞན་གྱིས་ཝུ་ཆང་ཕོར་འགའ་འཐུང་ནས་ཡོད་སྐབས། གྲོགས་པོ་ཞིག་ཟུར་གྱི་རྩེད་འཁོར་ཞིག་ནས་རྒྱན་ཐོབ་ཏེ་ཨཱོ་སྒོར་སྟོང་ཕྲག་འདྲ་ཐོབ་ཡོད་པ་འདྲ། ཁོ་དགའ་ཐག་ཆོད་དེ་ངའི་རོགས་པ་གཞན་ལ་ཝུ་ཆང་ཉོས་སོང་ལ། ང་ཚོ་དེར་ཡོད་རིགས་མཐུན་བཞི་ཙམ་ཡོད་པ་མི་རེེར་སྒོར་ལྔ་བཅུ་རེ་སྦྱིན་སོང་བ་དྲན་གྱི་འདུག དེ་རྗེས་ང་ཚོའི་བོད་པ་བཟའ་མི་གཉིས་ནས་རླངས་འཁོར་གསར་པ་ཞིག་རྒྱན་ཐོབ་ནས་དེ་དངུལ་ལ་བརྩིས་ནས་རག་པ་དང་། གཞན་ཡང་སྟོང་ཚོ་དང་བརྒྱ་ཕྲག་ཁ་ཤས་རག་མྱོང་མཁན་ཡང་ཉུང་ཤོས་ཡོད་པ་རེད་འདུག་པའི་ནང་ནས་ངའི་རྒད་པོས་ཀྱང་ཐེངས་ཤིག་སྒོར་དྲུག་བརྒྱ་ཐོབ་ནས་སླེབས་བྱུང་། ཧེ་ཧེཧེ། ཡང་བདེན་མིན་ཅི་ཡིན་ངས་ངོ་མ་མི་ཤེས་ཀྱང་ལྡོག་ཕྱོགས་ཀྱི་དཔེ་མཚོན་དུ་བཟའ་ཚོ་ཞིག་གི་ཡ་གཅིག་ནས་འདིར་རྒྱུན་དུ་རྒྱན་སྐུག་མང་པོ་བཞག་རྗེས་ཤོར་བའང་མང་པོ་བྱུང་བས་བཟའ་འཐོར་སོང་བའི་རྒྱུ་རྐྱེན་གཙོ་བོ་དེ་རེད་ཟེར་བ་ཞིག་ཀྱང་སྣང་།

 

ཡང་ང་རང་རྩེད་མོ་རྩེད་དུས་སུ་ཐེངས་ཤིག་རྒས་མོ་མགོ་སེར་གཅིག་དང་མཉམ་དུ་ཡོད། སྐབས་དེར་ཁོང་མོས་ང་ལ་སྐད་ཆ་འདྲ་བཤད་ཀྱི་འདུག་པས་ངེད་གཉིས་ཀྱིས་ང་བོད་པ་ཡིན་ལུགས་སོགས་ནས་འགོ་བརྩམས། ཅུང་འགོར་རྗེས་ཁོང་མོའི་བུ་མོ་མགོ་སེར་གཅིག་དེར་རླུང་འཚུབ་འཚུབ་ཀྱིས་འབྱོར་ཏེ་རྒས་མོའི་དངུལ་བྱང་དེ་འཕྲུལ་ཆ་ནས་བཙན་གྱིས་ཕྱིར་བཏོན་ནས་འཕྲོག་ནས་སོང་། རྒས་མོ་ཧ་ཅང་རླུང་ལང་ཞིང་བུ་མོར་ཚིག་རྩུབ་ཀྱིས་གཤེ་བཞིན་དུ་ང་ཤི་ལ་རན་པའི་མི་ཡིན། ང་རང་རྩེད་མོ་རྩེད་རྒྱུ་ལ་ཧ་ཅང་དགའ་པོ་ཡོད། ང་རང་གི་དངུལ་སྤྱོད་དེ་སོ་སོས་བེད་སྤྱོད་མི་ཆོག་པ་ག་རེ་ཡིན་ནམ། ངའི་བུ་མོ་འདི་ཧ་ཅང་སེར་སྣ་ཅན་ཞིག་ཡིན་སོགས་གསུངས་བྱུང་། ངས་ང་ཚོ་གཙོ་བོ་འདིར་ཡོང་ནས་སྤྲོ་སྣང་རེ་འཚོལ་དུ་ཡོང་བའི་ཆེད་དུ་རེད། ཁྱེད་རང་སྐུ་རླུང་བཞེང་དགོས་དོན་མེད། དེ་བས་སེམས་ལྷོད་ལ་ཕོབས། ཅེས་བཤད།

 

 

ཁོང་མོས་ང་ལ་འཛུམ་དང་བཅས་ངས་ཀྱང་རྩེད་མོ་ཡིན། གལ་ཡོད་མ་རེད་གསུངས་ནས་ཁུག་མ་ནས་གཞན་སྒོར་མོ་བཅུ་ཅན་ཞིག་ཕྱིར་བཏོན་ནས་སླར་རྩེད་འགོ་བརྩམས་སོང་། ངས་ཀྱང་ཁོང་མོ་ཅུང་སྤྲོ་སྣང་ཡོང་ཆེད་ཁོང་མོར་ཤུགས་རྒྱོབས། ད་རས་ཁྱེད་རང་ཐོབ་པར་ཤོག་སོགས་བཤད་དེ་ངེད་གཉིས་ཀས་ཚ་ཚ་འུར་འུར་འདྲ་བྱས་པས་མོ་རང་དེ་ལྟར་ཐེངས་འགར་ཐོབ་ཡོད་པ་མ་ཚད། དེ་སྔོན་གྱི་སྒོར་བཅུ་ནས་མཇུག་ཏུ་སྒོར་ཉིས་བརྒྱ་ལྷག་ཙམ་ཐོབ་སོང་། སྐབས་དེར་ཁོང་མོ་དགའ་ཐག་ཆོད་དེ། ཧུན་ངའི་བུ་མོས་ངའི་དངུལ་བྱང་འཁྱེར་སོང་བ་རེད་མོད། འོན་ཀྱང་ངེད་གཉིས་ཀྱིས་ཤུགས་རྒྱག་ནས་ང་ཐོབ་པ་རེད་ཅེས་དགོད་མོ་ཤོར་བཞིན་དགའ་སྣང་ཆེན་པོ་སྟོན་གྱི་འདུག འོན་ཀྱང་ཐོབ་བཞིན་པའི་སྐབས་དེར་ཁོང་མོས་མུ་མཐུད་སྐུག་ཆེ་རུ་གཏོང་ནས་བཞག་གི་འདུག་པས། ངས་དེ་འདྲ་མ་གནང་། སོང་ནས་སྒོར་ཉིས་བརྒྱ་དེ་ཕྱིན་སྟོན་ནས་སྒོར་ལྷག་མ་དེ་ཚོ་སླར་རྩེད་ན་འགྲིག་གི་འདུག་པ། ཅེས་པར་ཁོང་མོས་ངའི་ཁ་ལ་ཉན་ནས་ལམ་སེང་ཤོག་སྒོར་ཕྱིར་བཏོན་དུ་ཕེབས་སོང། དེ་ནས་ཁོང་མོས་དངུལ་ལྷག་མོས་ལྷོད་ལྷོད་ཀྱིས་རྩེད་ཀྱི་འདུག་ལ། ངེད་གཉིས་ཀྱང་དགའ་ལྷང་ལྷང་གིས་སྐད་ཆ་མང་པོ་བཤད་རྒྱུ་བྱུང་དེ་ནི་ཐོབ་མྱོང་མཁན་གྱི་དཔེ་མཚོན་གྲལ་གཅིག་ཡིན།

 

 

 

ད་ཡིན་ན་དོན་དཀྱུས་སུ་བཤད་ན། འདིར་འཕྲུལ་རྩེད་དམ་རྒྱན་དང་སྐུག་གང་འདྲ་ཞིག་བཞག་ཀྱང་ཐོབ་ན་གཞན་དང་མཉམ་དགའ་སྤྲོ་མཉམ་སྤྱོད་ཆོག་པ་བདེན་ཡང་། ཧ་ཅང་མང་པོ་ཤོར་སོང་ཡང་རྩེད་ཡ་དེ་འཕྲུལ་ཆ་ཡིན་པའི་རྐྱེན་གྱིས་ཁོང་ཁྲོ་དང་ཞེ་སྡང་། ང་རྒྱལ་མེ་འབར་བའི་ཚོར་བ་གཅིག་མཚུངས་ཡོང་གི་ཡོད་ནའང་ལག་འཛིང་གཏུག་སའི་ཁ་གཏད་ཕྱོགས་གཅིག་ཀྱང་མེད་པ་སྡུག་ངལ་དེ་དག་སོ་སོ་སྒེར་གྱིས་མྱོང་བའམ་ཤོར་མཁན་གྱིས་སོ་སོའི་ལག་མགོར་སོ་འདྲ་རྒྱག་ན་མ་གཏོགས་མི་གསོད་རྟ་འགྱེལ་གྱི་ནག་ཉེས་ཆེན་པོ་དེ་འདྲ་ནི་ཧ་ལམ་མི་སྲིད་པ་དེ་རེད།

 

 

དེ་བཞིན་རྒྱན་སྐུག་བཞག་ས་འཕྲུལ་ཆ་ཡིན་པར་བརྟེན། ཐོབ་མཁན་ཞིག་ཡིན་ན་འཕྲུལ་ཆ་ནས་ཐོབ་པས་ཕ་མ་སྤུན་མཆེད་དང་གྲོགས་ཕོ་མོ་བཟང་པོའི་ས་ནས་ཐོབ་པ་བཞིན་གཞན་དེ་ལ་འགྱོད་གདུང་དྲག་པོའི་ཚོར་སྣང་སྐྱེ་མི་དགོས་པ་མ་ཟད། དགའ་སྣང་ཁོ་ནར་རོལ་ན་ཆོག་པ་ཡིན། གཞན་ཤོར་སོང་ནའང་འཕྲུལ་ཆ་ནས་ཤོར་བ་ཡིན་སྟབས་ཁོང་ཁྲོ་སྟོན་ས་འཕྲུལ་ཆ་ལས་གཞན་གང་ཟག་སུ་གང་ཡང་མིན།

ངས་མཚམས་འདི་ནས་མགོ་སེར་འདི་ཚོ་སྤྱང་གྲུང་གཞན་ལས་ཆེ་བའི་གྲལ་གྱི་ཕྱོགས་གཅིག་འདི་ནས་མཐོང་སོང་།

 

 

 

གང་ཡིན་ཟེར་ན་ཁོ་ཚོས་ཤར་ཕྱོགས་གླིང་ཕྲན་དུ་རྒྱན་སྐུག་བཞག་ནས་ཤོར་མཁན་གྱིས་དུས་ཐོག་ཐད་ཀར་མི་གསོད་ཁྲག་སྦྱོར་དེ་དག་རྩ་བ་ནས་བཀག་ཡོད་པ་མ་ཟད། རྩེད་ར་ཆེན་མོ་དེར་ཚང་མ་རྒྱུན་དུ་ནས་སྒོར་རྡོག་རེ་འགའ་འམ་མང་ཉུང་ཅི་རིགས་ཤོར་མྱོང་བར་བརྟེན། ཐོབ་ཤོར་ལ་གཙེགས་ཆེན་དེ་ཙམ་མི་འཛིན་པར་མི་སེམས་འཁོས་སྙོམས་སྡོད་ཐུབ་པར་རྒྱུན་དུ་ནས་སྦྱོང་བརྡར་སྤྲོད་བཞིན་དེ་ཡིན།

 

 

ངས་འདི་ནས་རྩོམ་དུམ་འདི་འབྲི་དགོས་པའི་དམིགས་ཡུལ་ཡང་མགོ་སེར་འདི་ཚོས་འཕྲུལ་ཆ་བེད་སྤྱོད་དེ་ཉེན་ཁ་ཆེན་པོ་མེད་པའི་སྒོ་ནས་འགྲོ་བ་མིའི་བློ་རིག་ལ་སྦྱོང་བརྡར་འདི་འདྲ་ཚད་ལྡན་སྤྲོད་ཀྱི་འདུག་བསམ་པ་དེ་བཤད་འདོད་པ་ཡིན་ལགས། ཧོ་ཧོ་ཧོ་ཧོ་་་

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།