བོད་ཀྱི་མོ་མཆོག་ཚབ་མཚོན་གསུམ།

images/stories/45/www.jpg

བོད་ཀྱི་བུད་མེད་ཚོས་དམིགས་དཔེར་འོས་པ་མོ་མཆོག་ཚབ་མཚོན་གསུམ།

Three Tibetan Outstanding women

圖博特(西藏)不同時期的三位傑出女性

 ༡། མ་གཅིག་ལབ་སྒྲོན།

(བོད་སིལ་བུའི་སྐབས།)

མ་གཅིག་ལབ་སྒྲོན་གྱི་འཁྲུངས་འདས་སྐོར་ལོ་རྒྱུས་དེབ་ཐེར་མ་ཅིག་རྣམ་བཤད། དེབ་ཐེར་སྔོན་པོ། ཆོས་འབྱུང་མཁས་པའི་དགའ་སྟོན། བདུད་འཇོམས་ཆོས་འབྱུང་སོགས་སུ་བཞེད་ཚུལ་མི་འདྲ་བ་དང།

མ་གཅིག་ཕ་དམ་པ་སངས་རྒྱས་ཀྱི་ཞབས་ལ་གཏུགས་པའི་ལོ་རྒྱུས་སོགས་གོང་བསྒྲིགས་ནས་འཆད་དགོས་པ་དེ་ལྟར་ཡང། ལོ་རྒྱུས་མང་ཆེ་

བར་མ་གཅིག་ནི་རབ་བྱུང་གཉིས་པའི་ཆུ་ལུག ཕྱི་ལོ་ ༡༡༠༣ ལོར་འཁྲུངས་པ་དང། རབ་བྱུང་གསུམ་པའི་ལྕགས་བྱ། ཕྱི་ལོ་ ༡༢༠༡ ལོར་འདས་པར་བཤད་ཡོད། བདུད་འཇོམས་རྡོ་རྗེས་མ་གཅིག་ལབ་སྒྲོན་ནི་རབ་བྱུང་དང་པོ་ལྕགས་ལུག་ཕྱི་ལོ་ ༡༠༣༡ འཁྲུངས་ཤིང། ལྕགས་ཁྱི། ཕྱི་ལོ་ ༡༡༣༠ ལོར་འདས་པར་བཤད་ཡོད།

 

 

ལོ་རྒྱུས་ཁག་ཏུ་གསལ་བ་ལྟར་མ་གཅིག་ལབ་སྒྲོན་ནི་སིལ་བུའི་སྐབས་སུ་ཆོས་དང་སྒོམ་སྒྲུབ་ཉམས་ལེན་ལ་གཞོལ་བའི་ཆོས་པ་རྣལ་མ་ཙམ་དུ་མ་ཟད། ཆོས་ཉམས་ལེན་ལ་ཕུལ་དུ་བྱུང་བའི་གྲུབ་རྟགས་སུ་གཞན་རབ་ཏུ་བྱུང་བའི་ཆོས་སྡེ་ཆེན་མོའི་གྲལ་མགོར་འཁོད་པའི་ཆེ་མཐོང་དང་གོང་བསྐུར་ཐོབ་མཁན་ཞིག་དང་། སྐུ་སྒེར་གྱིས་ཆོས་ལུགས་བྱེ་བྲག་པ་གཅོད་ལུགས་འདི་གསར་གཏོད་མཛད་དེ་སློབ་བུ་མང་པོ་བསྐྱངས་བ་མ་ཟད། དམིགས་བསལ་དུ་ཆོས་སྐོར་འཆད་རྩོད་རྩོམ་གསུམ་ལ་ཆེད་མཁས་ཤིག་ཡིན་པ་ནི་ཤུལ་བཞག་གི་གླེགས་བམ་ཁག་ནས་མཇལ་ཐུབ་ལ་སྐུ་ཡོན་ཆེ་བས་ཆོས་པ་རབ་བྱུང་གི་སྡེ་ལའང་སྐྱེངས་པ་སྟེར་བའི་ཆོས་ཕྱོགས་ཀྱི་མཛད་རྗེས་གཟེངས་སུ་མཐོ་བའི་མོ་མཆོག་དམ་པ་ཞིག་ཏུ་བཞུགས་སོ།།

 

 

མ་གཅིག་ལབ་སྒྲོན་གྱི་སྐོར་འདིར་ར་སེ་དཀོན་མཆོག་རྒྱ་མཚོས་བརྩམས་པའི་གངས་ཅན་སྐྱེས་མའི་སྤྱི་བཤད་དུ་གསལ་བ་ལྟར་བྱས་ན། མ་གཅིག་ལབ་སྒྲོན་ནི་ལྷོ་ཁ་ཨེའི་ལབ་ཀྱི་གྲོང་མོ་ཆེར་ཡབ་ཆོས་ཀྱི་ཟླ་བ་དང་ཡུམ་འབུམ་ལྕམ་གྱི་སྲས་སུ་རབ་བྱུང་དང་པོའི་ས་གླང་། ཕྱི་ལོ་ ༡༡༤༩ ལོར་འཁྲུངས། གཞོན་ནུ་དུས་ནས་མཁྱེན་རབ་ཆེ་བས་དགུང་ལོ་ལྔ་ནས་ཡུམ་ལས་ཡི་གེ་འབྲི་ཀློག་བསླབས། དགུང་ལོ་བརྒྱད་ལ་ཉིན་རེར་བརྒྱད་སྟོང་ཚར་གཉིས་རེ་ཀློག་པ་མ་ཟད། དོན་དག་མཁྱེན་ཐུབ་པས་ཤེས་རབ་ཅན་དུ་ཀུན་གྱིས་ཁས་ལེན་པར་བྱུང་། དགུང་ལོ་བཅུ་དྲུག་སྟེང་གྲ་ཐང་དུ་བྱོན་ནས་གྲྭ་པ་མངོན་ཤེས་ཀྱི་དྲུང་དུ་མཆོད་གནས་མ་མཛད་ཅིང་བཞུགས། ཡུམ་ཕར་ཕྱིན་གྱི་ཡིག་ཆ་རྒྱས་འབྲིང་བསྡུད་གསུམ་འབྲེལ་ཊཱིིཀ་ཀུན་ལ་མཁས་པས་གྲྭ་པས་ལོ་བཞིར་བླ་མཆོད་དུ་བཀུར་ཞིང་ཕྱག་རྒྱ་མ་གནང་།

 

རབ་བྱུང་གི་སྡོམ་པ་བཞེས་མེད་རུང་སྐུ་ཡོན་ཆེ་བས་རབ་བྱུང་གི་གྲལ་དུ་འཁོད་པ་དང་། ཚང་མས་དད་གུས་ཞུས། དེ་ནས་སྐྱོ་སྟོན་བསོད་ནམས་བླ་མ་དང་ཞྭ་དམར་བ། སྦས་སྟོན། ཡར་ཐིང་བ། ཕ་དམ་པ་སངས་རྒྱས་སོགས་མཁས་གྲུབ་དུ་མར་བསྟེན་ནས་ཞི་བྱེད་དང་རྫོགས་ཆེན་ཕྱག་ཆེན་སོགས་ཆོས་མཐའ་ཡས་པ་གསན་ནས་སྒོམ་སྒྲུབ་མཛད་པས་མཁས་ཤིང་གྲུབ་པའི་རྣལ་འབྱོར་མ་ཆེན་མོར་གྱུར། དགུང་ལོ་ཉེར་གསུམ་ལ་ཐོད་པ་བྷ་ཊ་དང་གཉེན་སྒྲིག་མཛད་དེ། ཀོང་པོ་དང་དབུས་སོགས་སུ་བྱོན་པར་སྲས་གྲུབ་པ་དང་། གྲུབ་ཆེན། སྲས་མོ་ལབ་འདུས་རྡོ་རྗེ་གསུམ་འཁྲུངས། (མཆན། གཞན་ཁོང་མོ་ལ་རིགས་སྲས་ལྔ་ཡོད་པ་ནི། ཀོང་ལྕམ། ལ་ལྕམ། སྙིང་པོ་གྲུབ་པ། གྲུབ་ཆུང༌། ཡང་གྲུབ་བཅས་དང། ཁོང་གི་སློམ་མ་གྲགས་ཆེ་བ་ནི་སྙགས་པ་རྒྱལ་མཚན། ཨན་སྟོན་རིན་ཆེན་འབར། དྲེད་འཇོ་སྲས། ཤུལ་པུ་ལོ་ཙཱ་བ། རྒྱལ་བ་གྲུབ་བེ། རྟོགས་ལྡན་རྡོལ་པོ། སངས་རྒྱས་གཉན་ཆུང༌། མནོ་སྒོམ་ཆེན་པོ་བཅས་ཡིན་པར་བཞེད་མཁན་ཡང་འདུག) ལ་ལས་ཐོད་པ་བྷ་ཊ་དེ་རྒྱ་གར་བ་ཡིན་པ་དང་། ལ་ལས་པཎྜི་ཏ་ཡིན་ཟེར་མོད། བྷ་ཊ་ནི་བཟང་པོ་ཟེར་བའི་དོན་ཡིན་པས་བོད་མིར་ཡང་ལེགས་སྦྱར་གྱི་མིང་འདོགས་སྲོལ་སྔ་དར་གྱི་དུས་ནས་ཡོད་པས་བོད་མི་ཞིག་ཡིན་པར་སེམས། བཟའ་ཟླ་གྲོངས་པས་ཆོས་ཀློག་པའི་ཡོན་གྱིས་སྲས་རྣམས་གསོ་དགོས་པའི་འོ་བརྒྱལ་མང་པོ་འཕྲད། དགུང་གྲངས་སོ་བཞི་ནས་འཁོར་བ་ལ་སྐྱོ་བ་སྐྱེས་ནས་གོང་སྨོས་ཀྱིས་བླ་མ་ལས་དམ་པས་ཟབ་ཆོས་ཀྱི་སྙིང་པོ་མཐའ་དག་བསྟན་པས། དབུས་གཙང་གི་སྒྲུབ་གནས་ངེས་མེད་དང། ལྷོ་ཁ་ཟངས་རི་ཁང་དམར་སོགས་སུ་སྒྲུབ་པ་ཁོ་ན་མཛད། སློབ་མ་མང་དུ་འདུས་པར་ཟབ་ཆོས་ཕྱག་རྒྱ་ཆེན་པོ་གཅོད་ཡུལ་ཞེས་ཕར་ཕྱིན་གྱི་དགོངས་པ་དེ་ཉིད་བསྟན། ཁོང་གིས་ཕུང་པོ་གཟན་བསྐྱུར་གྱི་ཆོས་གསུངས་པ་ལ་བརྟེན་ནས་བོད་དུ་ཕུང་པོ་བྱ་གཏོར་གྱི་སྲོལ་བྱུང་ཞེས་ཁ་ཅིག་གིས་སྨྲ།

 

བོད་དུ་དར་བའི་གཅོད་ལ་ཕོ་གཅོད་མོ་གཅོད་གཉིས་ལས་ཁོང་གི་ལུགས་འདི་མོ་གཅོད་ཟེར་བ་ཆོས་རྒྱུན་འདི་ཉིད་གྲུབ་མཐའ་ཚང་མར་ཁྱབ་ཏེ་དར་སྤེལ་ཆེ་ཤོས་སུ་གྱུར་ཡོད་པས། དེས་བོད་ཀྱི་སྐྱེས་མ་ཚོའི་སྤྱི་ཚོགས་ཀྱི་གནས་བབ་བླ་ལྷག་ཏུ་མཐོར་འདེགས་བྱུང་ཡོད་ལ། འཛམ་གླིང་ཡོངས་ལ་དཔྱད་ནའང་སྐྱེས་མའི་བསམ་བློ་བ་ཐོག་མར་གྱུར་བ་མ་ཟད། མཆོག་ཏུ་གྱུར་པའང་རེད། དེར་བརྟེན་རང་རིགས་ཀྱི་སྐྱེས་མའི་ཁྲོད་ནས་མཚན་སྙན་མཐོ་ཤོས་སུ་གནས་ཡོད།

 

 

ཤོད་སྲོལ་ལ་ཁོང་གི་ཆོས་དེ་རྒྱ་གར་ལ་ཕར་བསྒྱུར་བར་གྲགས་ཀྱང་འཐད་ལྡན་ཨེ་ཡིན་སྙམ། མ་གཅིག་གི་བརྩམས་ཆོས་ནི། གཅོད་གཞུང་བཀའ་ཚོམས་ཆེམ་མོ་དང་། ཡང་རྩོམ། ཉིང་རྩོམ། ལེའུ་ལག གནས་ཐེམ། ཁོང་རྒོལ། གསང་བ་བརྡ་ཆོས། ལ་བཟླས་སྐོར་གསུམ། གཞི་ལམ་སློང་བ། ཁྱད་པར་གྱི་མན་ངག་དང་བཅས་བཅུ་ཡོད་པ་རྣམས་ཡིན་ལ་འདི་དག་ལ་ཕྱིས་ཀྱིས་བསླད་པ་མང་པོ་ཡོད་པར་མཐོང་། ལ་ལས་ཕུང་པོ་བྱ་ལ་སྟེར་སྲོལ་ཁོང་ནས་བྱུང་བར་གསུངས་འདུག་ཀྱང་འཐད་ལྡན་ཡིན་མིན་དཔྱད་རྒྱུ་ཡོད་ལུགས་གསལ་བ་བཅས་སོ།། །།

 

 

༢། ལྷ་རྗེ་དབྱངས་ཅན་ལྷ་མོ།

(དགའ་ལྡན་ཕོ་བྲང་སྐབས།)

ལྷ་རྗེ་དབྱངས་ཅན་ལྷ་མོའི་སྐོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་(ཟེར་བ་)ནས་པར་བའི་ར་སེ་དཀོན་མཆོག་རྒྱ་མཚོས་བརྩམས་པའི་གངས་ལྗོངས་སྐྱེས་མའི་ལོ་རྒྱུས་སྤྱི་བཤད་ནང་། ཁོང་ནི་ཉེ་དུས་ཀྱི་སྐྱེས་མའི་སྨན་པ་གྲགས་ཆེན་ཞིག་ཡིན། ཡབ་རི་བོ་ཆེའི་རྗེ་དྲུང་བྱམས་པ་འབྱུང་གནས་དང་། ཡུམ་ངོམ་སྡེ་པའི་སྲས་མོ་བུ་མོ་ཚུལ་ཁྲིམས་ལས་རབ་བྱུང་བཅོ་ལྔ་པའི་མེ་ལུག་ཕྱི་ལོ་ ༡༩༠༧ ལོར་པད་མ་བཀོད་དུ་འཁྲུངས།

 

ཡབ་ལས་འབྲི་ཀློག་དང་སུམ་རྟགས་སོགས་གསན་ཞིང་། སྨན་གཞུང་སློབ་ཏུ་བཅུག་པས། ཤོག་ལྷེ་བཅོ་ལྔ་ཡུན་ཐུང་ནང་ངག་སྐྱོར་ཐུབ་པ་བྱུང་། ལོ་བཅུ་གཅིག་པར་ཡབ་སྟག་ལུང་དུ་བཞུགས་སྐབས་སྨན་རྩིས་ཁང་ནས་སྨན་པ་གཉིས་འབྱོར་ནས་ཡབ་ལས་གསོ་རིག་སྐོར་གྱི་ཁྲིད་ལུང་གསན་སྐབས། ང་ལ་བུ་མོ་ཞིག་ཡོད་པ་དེ་ལ་སྨན་རྩིས་ཁང་ནས་མིག་འབྱེད་ཀྱི་ལག་རྩལ་བསླབ་རོགས་གནང་ཞེས་རེ་འདུན་ཞུས། ལོ་བཅུ་གསུམ་ནས་སྨན་པའི་ཕྱག་ལས་གནང་ཞིང་། སྨན་རྩིས་ཁང་དུ་ཕེབས་དུས་ཡོན་ཀྲང་ ( སྤྱི་ཁྱབ་འགན་གཙོ། ) ནས་ཡབ་ཀྱི་རེ་བ་ལྟར་མིག་འབྱེད་ཀྱི་ལག་རྩལ་བསླབ་བཅུག་པས་ལག་རྩལ་ཁོང་དུ་ཆུད་ནས་ལྷ་ས་དང་། ཆབ་མདོ་སོགས་སུ་དབུལ་ཕོངས་ཉམ་ཐག་པའི་ལོང་བ་མང་པོའི་མིག་ཕྱེས་པ་དང་སྨན་རིན་ལེན་རྒྱུ་ལྟ་ཅི། རླུང་བཅོས་ཀྱང་ཉིད་ཀྱི་འཚོ་ཆས་ནས་གནང་། ཕྱོགས་མཐའི་ནད་པ་ལྷ་སར་ཡོང་བ་རྣམས་ལ་རོགས་རམ་གནང་བས་མང་ཚོགས་ཀུན་གྱིས་མཁའ་འགྲོ་དབྱངས་དགའ་ཞེས་དད་གུས་ཞུ་བར་བྱེད།

 

 

སྤྱི་ལོ་ ༡༩༤༨ ལོར་འབྲུག་ཡུལ་དུ་ཕེབས་ཏེ་འབྲུག་རྒྱལ་པོ་འཇིགས་མེད་དབང་ཕྱུག་གི་མིག་ཕྱེས་ཤིང་། གཞན་ལའང་སྨན་བཅོས་གནང་བས་འབྲུག་ལའང་སྐད་གྲགས་ཁྱབ། བོད་དུ་བྱོན་ནས་རྫོང་ཁག་བཅོ་བརྒྱད་དུ་སྨན་སྦྱིན་དང་མིག་འབྱེད་དུ་སྨན་རྩིས་ཁང་གི་བཀའ་ལྟར་ཕེབས། ལོ་གསུམ་རིང་ལོང་བ་སུམ་བརྒྱ་ལྷག་ཙམ་གྱི་མིག་ཕྱེས་པ་དང། སྨན་གྱི་བྱ་བ་ནད་ཐོག་འཁྱོལ་བར་མཛད་པས་ཕ་ཡུལ་སོགས་སུའང་སྙན་གྲགས་ཆེ་བས།

 

 

སྤྱི་ལོ་ ༡༩༥༨ ལོར་སྨན་རྩིས་ཁང་གི་སྒྲིག་ལ་བཅུག བོད་ཀྱི་སྨན་གཞུང་དུ་བུད་མེད་ཀྱི་ནད་དང་བྱིས་པའི་ནད་ཀྱི་བཅོས་ཐབས་འཐུས་ཚང་ཡོད་པ་ནི་དང་ཐོག་སྐྱེས་མའི་སྨན་པ་བྱུང་བའི་དཔང་རྟགས་ཡིན་མོད། ཕྱེས་སུ་སྐྱེས་མའི་སྨན་པ་གྲགས་ཆེན་མ་བྱུང་བས། གཞུང་དོན་ནད་ཐོག་ཏུ་འཁྱོལ་མཁན་སྟོངས་ལ་ཁད་དུ་གྱུར་པ་ཡང་འདི་ཉིད་ཀྱིས་རྨང་ནས་གསོས་པར་མཛད། ས་ཕག་ལོར་དམངས་གཙོའི་བཅས་བསྒྱུར་སྐབས་རྒྱལ་ཁབ་ཀྱི་ལས་བྱེད་པ་གནང་ནས་སྨན་པ་མཛད་ཅིང་། ལྕགས་གླང་ལོར་བུད་མེད་དང་ཕྲུ་གུ་སྡེ་ཁག་གི་གཙོ་འགན་དང་པོར་བསྐོས་པས་རིམ་བཞིན་བུད་མེད་སྨན་པ་སྦྱོང་མཁན་མི་ཉུང་ཙམ་ཐོབ་པས་ལོ་རྒྱུས་ཐོག་སྐྱེས་མའི་སྨན་པ་ཉུང་བའི་གནས་ཚུལ་མཇུག་སྒྲིལ་མགོ་ཚུགས། ཤིང་འབྲུག་སྤྱི་ལོ་ ༡༩༦༤ ལོར་སྐྱེས་མའི་ནད་རིགས་བཅོས་ཐབས་ཀྱི་ཡིག་ཆ་བྲིས་ནས་ཚོགས་ཆེན་ཐོག་ངོ་སྤྲོད་གནང་བས་སྙན་གྲགས་སླར་ཡང་འཕེལ་བ་བྱུང་། ཁོང་ནི་ལྷ་ས་སྨན་རྩིས་ཁང་གི་ལོ་རྒྱུས་ནང་གི་སྐྱེས་མའི་སྨན་པ་དང་པོ་ཡིན་ལ། དེ་ནས་སྐྱེས་མའི་སྨན་པ་མང་པོ་ཐོན་པ་ཡིན་ནོ།། ཞེས་གསལ།། །།

 

 

༣། འབྲོ་བཟའ་ཁྲི་མ་ལོད།

(བཙན་པོའི་སྐབས།)

བོད་ཀྱི་བཙན་པོའི་རྒྱལ་རབས་སུ་རྒྱལ་ཐོག་སོ་དྲུག་པར་བརྩི་དགོས་པའི་བཙན་མོ་ཁྲི་མ་ལོད་ནི་བོད་ཀྱི་ལོ་རྒྱུས་ཐོག་ཆབ་སྲིད་དང་དམག་དོན་ལ་མཁས་པའི་བུད་མེད་རྒྱལ་མོ་སྙན་གྲགས་ཅན་ཞིག་དང་། མོས་རྒྱལ་སྲིད་སྐྱོང་རིང་ཐབས་ཇུས་ལ་མཁས་ཤིང་། བློ་སྤོབས་ལྡན་པ་ཞིག་ཡིན་པར་ལོ་རྒྱུས་ཁག་ཏུ་གསལ། འདིར་འབྲི་གུང་སྐྱབས་མགོན་ཆེ་ཚང་གིས་རྩོམ་སྒྲིག་གནང་བའི་ཏུན་ཧོང་ཡིག་རྙིང་ལས་བོད་བཙན་པོའི་རྒྱལ་རབས་ཞེས་པ་ལྟར་ན།

 

སྤྱིར་ཏུན་ཧོང་བོད་ཀྱི་ཡིག་རྙིང་ནང་། ཁྲིའི་མཚན་ཐོགས་པ་བཙུན་མོ་སྟེ། ལྡེ་བརྒྱད་སྐབས་ཀྱི་བཙན་པོ་བསེ་རྣོལ་པོའི་བཙུན་མོ་ཁྲི་སྨན་རྗེ་མོ་དང་། སྲོང་བཙན་ཀྱི་ལྕམ་མོང་བཟའ་ཁྲི་ལྕམ་གཉིས། བཙན་པོ་དག་སོགས་རྒྱང་བསྐྱོད་ཕྱིར་ཕེབས་སྐབས། ནང་ཁབ་སོའི་ཁྲི་སྐྱོང་ནས་བཞུགས་པས་དེ་སྐད་འབོད་པར་སྣང་།

 

 

ཡང་རྒྱལ་ཏོ་རེ་ལོང་བཙན་གྱི་ལྕམ་འོ་མ་ལྡེ་བཟའ་ཁྲི་བཙུན་དང་། སྲོང་བཙན་གྱི་ལྕམ་བལ་བཟའ་ཁྲི་བཙུན། ཁྲི་ལྡེ་གཙུག་བཙན་གྱི་ལྕམ་འཇང་མོ་ཁྲི་བཙུན་གསུམ། ཁྲི་བཙན་ཞེས་བཙུན་མོ་རྣམས་ཀྱི་ནང་ན་ཁྲི་པ་ཡིན་པར་བསྟན། ཡང་ཡུལ་གྲུ་གཞན་དུ་ཆབ་སྲིད་སྐྱོང་བར་ཕེབས་ནས། ཁྲིའི་མཚན་ཐོག་པ་གསུམ་སྟེ། འདུས་སྲོང་གི་སྲིང་མོ། ཁྲི་མོ་སྟེང་སྟེ། དེས་ཕྱི་ལོ་ ༦༨༨ ལོར་དྭགས་ཡུལ་གྱི་ཆབ་སྲིད་བསྐྱང་བར་གཤེགས་པ་དང་། ཡང་འདུས་སྲོང་གི་སྲིང་མོ་ཁྲི་བངས་ཀྱིས་ཕྱི་ལོ་ ༦༨༩ ལོར་འ་ཞའི་རྒྱལ་པོ་ལ་བག་མར་ཕེབས་ནས་ཆབ་སྲིད་བསྐྱངས། ཁྲི་ལྡེ་གཙུག་བཙན་གྱི་སྲིང་མོ། ཇེ་བ་ཁྲི་མ་ལོད་དེས་ཕྱི་ལོ་ ༧༤༠ ལོར། བྲུ་ཞའི་ཡུལ་དུ་བག་མར་ཕེབས་ནས་ཆབ་སྲིད་བསྐྱངས་པས། ཁྲིའི་མཚན་ཐོགས་པར་སྣང་།

 

 

དེ་མིན་སྲོང་བཙན་སྒམ་པོའི་སྲིང་མོ། སད་མར་དཀར་ཞུ་བ། ཞང་ཞུང་ཁྱུང་ལུང་དུ་བག་མར་ཕེབས་ཀྱང་། ཞང་ཞུང་གི་ཆབ་སྲིད་མ་བཟུང་བར་ཟུར་བཞུགས་མཛད་པས། ཁྲིའི་མཚན་ཐོགས་པར་མི་སྣང་། དེ་བཞིན་མང་སྲོང་མང་བཙན་གྱི་སྲིང་མོ། བཙན་མོ་སྙ་མོ་སྟེང་། དེ་ཕྱི་ལོ་ ༦༧༣ ལོར་ཞང་ཞུང་ར་སྩང་རྗེ་སྙ་ཤུར་སྤུངས་རེ་རྒྱུག་ལ་བག་མར་ཕེབས་ཀྱང་། ཁྲིའི་མཚན་ཐོགས་མེད་པས། དེ་རྣམས་ཀྱིས་ཆབ་སྲིད་མ་བསྐྱངས་པ་ཤེས།

 

 

ཏུན་ཧོང་ཡིག་རྙིང་ཕྲེང་ཨང་ s0750.0011 ཕག་གི་ལོ་ཕྱི་ལོ་ ༦༧༥ ལ་བབ་སྟེ། བཙན་པོ་དཔྱིད་ཞེ་ཤིང་དུ་གཤེགས་ཏེ། བཙན་མོ་ཁྲི་མ་ལོད་ཀྱིས་སྟོན་མོ་ཆེན་པོ་གསོལ། ཞེས་བྱུང་བས། བཙན་མོ་འདིའི་མཚན་དུ། ཁྲི། དང་། བཙན་མོ། གཉིས་ཀ་བྱུང་བ་བཙན་མོ་ཁྲི་པ་ཚང་མའི་ནང་ནས་འདི་ཉིད་གཅིག་པུ་ཡིན་པས། བཙན་མོ་འདིས་སྤུ་རྒྱལ་གྱི་ཆབ་སྲིད་བསྐྱངས་པའི་ཁྲི་ལོ་འདི་ནས་མགོ་བཟུང་དགོས་པར་སྣང་།

བཙན་མོ་ཁྲི་ལ་མོད་འདིས། སྲས་འདུས་སྲོང་སྐུ་འཁྲུངས་པ་དང་། ཡབ་མང་སྲོང་མང་བཙན་སྐུ་འདས་པ་གཉིས། དུས་མཉམ་དུ་བྱུང་བས། དེ་སྐབས་བོད་ཀྱི་ཆབ་སྲིད་གཉན་ཕྲང་གི་སྐབས་སུ། བཙན་པོ་འདུས་སྲོང་དགུང་གྲངས་བཅུ་གསུམ་ལ་མ་ཕེབས་པའི་བར་དུ། སྤུ་རྒྱལ་བོད་ཀྱི་ཆབ་སྲིད་ལོ་ ༡༣ རིང་བསྐྱངས་པར་མཛད་པ་དང་། དེ་རྗེས་རྒྱལ་སྲས་རྒྱལ་གཙུག་རུའམ། མེས་ཨག་ཚོམ་འཁྲུངས་པ་དང་། ཡབ་འདུས་སྲོང་མང་རྗེ་འཇང་ཡུལ་དུ་སྐུ་གཤེགས་པ་གཉིས་དུས་མཚུངས་སུ་བྱུང་བར། སླར་བཙན་མོ་ཁྲི་མ་ལོད་ཀྱིས་ཁྲི་ལྡེ་གཙུག་བཙན་དགུང་གྲངས་བརྒྱད་ལ་ཁྲིར་གསོལ་མཛད་དེ། དེའི་བར་དུ་སྤུ་རྒྱལ་བོད་ཀྱི་ཆབ་སྲིད་ལོ་ ༨ བསྐྱངས་པ་བཅས། ཁྱོན་ཉུང་མཐར་ཡང་ཆབ་སྲིད་ལོ་ ༢༡ བསྐྱངས་ནས་སྐུ་འདས་སོ།།

 

 

བཙན་མོ་ཁྲི་མ་ལོད་ནི་ཆབ་སྲིད་ཀྱི་འཇོན་ཐང་དང་། དབང་ཐང་གཟིགས་རྒྱང་སོགས་སུ་ལའང་འགྲན་མི་བཟོད་པ་ཞིག་ཡོད་སྟབས། མི་ཚང་མས་བཀུར་གཟོས་ཆེ་བ་ཡིན། བཙན་མོས་ཕྱི་ལོ་ ༧༠༤ ལོར་སྲས་འདུས་སྲོང་སྐུ་འདས་པ་དང་། དེའི་སྲས་འཁྲུངས་མ་ཐག རྒྱ་ནག་གི་རྒྱལ་ཁང་དུ་ཕོ་ཉ་བཏང་སྟེ་གཉེན་སློང་བའི་སྐོར། རྒྱ་ནག་གི་རྒྱལ་རབས་ཐང་དེབ་རྙིང་མའི་སྟོད་ཆའི་ཤོག་གྲངས ༥༢༢༦ ནས་ ༡༢ བར་ནང་འཁོད་དོན། རྒྱ་རྗེ་ཀྲུང་ཙུང་ (中宗) གི་ཧྲིན་ལུང་ཁྲི་ལོ་དང་པོར། ཕྱི་ལོ་ ༧༠༤ ལོར་བོད་ནས་ཕོ་ཉ་བ་མངགས་ཏེ། བཙན་པོ་བཀྲོངས་པའི་གཏམ་ཞུས། རྒྱ་རྗེ་ཀྲུང་ཙུང་གིས་ཀྱང་དེར་མྱ་ངན་ཞུས་ཏེ། ཉིན་གཅིག་ལ་སྲིད་ཁྲིར་ཡང་མ་བཞུགས། ཅང་མ་འགོར་བར། བཙན་པོའི་རྨོ་མོ་ཁྲི་མ་ལོད་ཀྱིས། བློན་ཆེན་སྟོང་བཞེར་བྱ་བ་མངགས་ཏེ་སྐྱེས་ཕུལ་ཞིང་། མོའི་ཚ་བོ་ལ་གཉེན་སློང་བར་སླེབས། རྒྱ་རྗེ་ཀྲུང་ཙུང་ནས་རང་གི་གསོས་ཕྲུག དབྱུང་ཝང་ཧྲོའུ་ལིའི་ (雍王守禮) སྲས་མོ། གྱིམ་ཤིང་ཀོང་ཇོ་ (金城公主) བོད་དུ་བག་མར་བརྫངས། དེ་ནས་བཟུང་བོད་པ་རྣམས་ལོ་ལྟར་སྐྱེས་འབུལ་དུ་འོང། ཞེས་འབྱུང་།

 

 

དེ་སྐབས་མགར་སྟོང་བཙན་ཡུལ་ཟུང་གི་བུ་རྒྱུད་ཚོས། བོད་ཀྱི་ཞི་དྲག་ཡོངས་རྫོགས་ཀྱི་དབང་ཆ་བཟུང་ཡོད་པས། སྲིད་སྒྱུར་འགོག་པའི་ཆེད་དུ་སྤུ་རྒྱལ་གྱི་ཆབ་སྲིད་ཕྱོགས་ཡོངས་ནས་བཅོས་སྒྲིག་མཛད་པར་མངོན་ཞིང་། དེ་ཡང་ཕྱི་ལོ་ ༦༨༢ ལོར། བྲུང་པ་ལྷོ་འབྲིང་པོ་རྒྱལ་སུམ་སྲེགས་ལ་བཙན་པོའི་ཉེ་དྲུང་དུ་གནས་པའི་བློན་པོའི་གོ་གནས་གསར་པ་ཞིག་བྱུང་སྟེ། ཉེན་ཀར་དུ་ཆང་སྟོན་མཛད་སྒོ་ཆེན་པོ་བསྐྱངས་ནས་ཁྲི་འདོན་བྱས་པ་དང་། དེ་རྗེས་ཕྱི་ལོ་ ༧༡༣ ཁུད་པ་ཆེན་པོ་ཞེས་སྲིད་དབང་རང་དགར་སྤྱོད་དབང་ཡོད་པའི་གོ་གནས་གསར་པ་ཞིག་བྱུང་། དེ་བརྗེ་འགྲུལ་བྱེད་སྐབས་གོ་གནས་ཁོ་རང་གིས་རྩིས་འབུལ་ཞུས་ཚུལ་ལས། བཙན་པོས་བསྐོས་པའི་ལོ་རྒྱུས་མ་གསལ། དེ་དག་གིས་དབང་ཤུགས་ཆེ་བའི་བློན་ཆེན་གྱིས་མགར་རྒྱུད་ཚར་གྱིས་སྲིད་དབང་རང་བཞིན་གྱིས་ཤུགས་ཆུང་དུ་སོང་། དེ་བཞིན་ཕྱི་ལོ་ ༦༨༥ ལོར་སྣུམ་བུ་བ་ཞེས་གསང་བའི་བདེ་འཇགས་ལས་ཁུངས་ཀྱིས་དུག་པ་མང་པོ་འཛིན་བཟུང་བྱས་ནས། ཁྲིམས་གཅོད་བྱས་པ་གསལ་བས་དུས་བདེ་ལྷིང་འཇགས་མེད་པ་མངོན། ཕྱི་ལོ་ ༦༩༠ ལོར་སྐུ་སྲུང་དམག་གི་སྒྲིག་འཛུགས་ལ་ཞིབ་བཤེར་གྱིས་དཔུང་རྟགས་དམར་པོ་བཟོས་པ། དེ་བཞིན་ཕྱི་ལོ་ ༦༩༢ ལོར་སྔར་གྱི་མངན་དཔོན་ཞེས་དཔལ་འབྱོར་གྱི་བློན་ཆེན་གྱི་ལམ་ལུགས་ལ་བསྒྱུར་བཅོས་ཀྱིས། སླར་དཔལ་འབྱོར་གྱི་བློན་གསར་པ་དྲུག་བསྐོས། དེའི་ཕྱི་ལོ་ ༦༩༣ ལོར་དམག་སྡེ་ལྔ་བརྒྱ་ཆེན་པོ་རྒྱ་བསྐྱེད་དང་། དམག་དཔོན་གསར་པ་བསྐོ་བཞག་དང་འབྲོག་ཁུལ་གྱི་མགོ་གཙོའང་གསར་བསྐོས་བྱེད་པ་སོགས། ལོ་ངོ་བཅུ་ཕྲག་གཅིག་ཙམ་གྱི་ནང་ཚུད་དུ་སྤུ་རྒྱལ་གྱི་ཆབ་སྲིད་དང་། དཔལ་འབྱོར། དམག་དོན། བདེ་འཇགས་སོགས་ལ་ཕྱོགས་ཡོངས་ནས་བསྐྱར་བཅོས་ཀྱིས། དབང་ཆ་སྲ་བརྟན་དུ་བཏང་ནས། དེ་སྐབས་མགར་གྱི་བུ་ཁ་ཤས་ཀྱིས་ངོ་ལོག་བྱུང་བར་ཚར་བཅད་པར་མཚོ་སྔོན་ཕྱོགས་ཀྱི་བོད་དམག་གི་ནུས་ཤུགས་ཆེར་ཉམས་ཀྱང་ནང་ཆབ་སྲིད་བརྟན་ལྷིང་དང་། སྔར་བྱུང་མ་མྱོང་བའི་འཛིན་སྐྱོང་གི་ལས་དོན་ཚགས་ཚུད་མཛད་དོ། ཞེས་དང་།

 

 

བཙན་མོ་འབྲོ་བཟའ་ཁྲི་མ་ལོད་ཀྱི་འཁྲུངས་ཡུལ་ནི་མཚོ་སྔོན་ཤར་མཐའ་ནས་ཡིན་པ་དང་། བོད་མིའི་ལོ་རྒྱུས་ཐོག་འབྲོ་ཞེས་པའི་རུས་རྒྱུད་འདི་སྙན་གྲགས་ཆེ་བའི་གྲས་ཤིག་ཡིན་པར་བཤད། བཙན་མོ་འདིའི་འཁྲུངས་ལོ་མི་གསལ་ཡང་། འདི་ཉིད་བཙན་པོ་མང་སྲོང་མང་བཙན་གྱི་བཙུན་མོ་ཡིན། མང་སྲོང་མེ་བྱི་ཕྱི་ལོ་ ༦༧༦ ལོར་གཤེགས་པ་དང་གདུང་སྲས་འདུས་སྲོང་འཁྲུངས་པ་གཉིས་དུས་མཚུངས་སུ་བྱུང་བས། དེ་སྐབས་ཞང་ཞུང་གི་ཡུལ་དང་། དྲུ་གུུའི་ཡུལ་དག་ངོ་ལོག་པ་མ་ཟད། ཡབ་ཀྱི་གདུང་མཆོད་མ་བྱས་གོང་དུ། བློན་ཆེན་མགར་ཁྲི་བཙན་སྙན་དྲུ་གུའི་ཡུལ་དུ་དམག་ལ་འགྲོ་དགོས་བྱུང་། བཙན་པོ་དགུང་ལོ་བཅུ་ལས་མ་སོན་པའི་སྐབས་སུ། བློན་ཆེན་མགར་བཙན་སྙ་དང་། མང་གཉན་སྟག་ཙབ་གཉིས་ནང་འཛིངས་ཤོར་ནས། བློན་ཆེན་མགར་བཙན་སྙ་བཀྲོངས་པ་སོགས། ཕྱི་ནང་བར་གསུམ་གྱི་འགལ་རྐྱེན་ཇི་སྙེད་ཅིག་བྱུང་ཡང་། དེ་སྐབས་ཡུམ་ཁྲི་མ་ལོད་ཀྱིས། ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས། ཕྱི་ནང་བར་གསུམ་གྱི་དགྲ་བོ་རྣམས་དུས་དང་བསྟུན་ནས་བསྒྲལ་ཐོག བཙན་པོ་འདུས་སྲོང་དགུང་གྲངས་བཅུ་གསུམ་ལ་མ་སོན་བར་དུ་སྤུ་རྒྱལ་བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་ལོ་ ༡༣ རིང་བཞེས།

 

 

དེ་རྗེས་འདུས་སྲོང་མང་རྗེ་ཕྱི་ལོ་ ༧༠༤ ལོར་དམག་སར་སྐུ་འདས་པ་དང་། ཡང་སྲས་ཁྲི་ལྡེ་གཙུག་བཙན་སྐུ་འཁྲུངས་མ་ཐག་ཡིན་པས། སླར་ཡང་བཙན་མོ་ཁྲི་མ་ལོད་ཀྱིས། སྤུ་རྒྱལ་བོད་ཀྱི་ཆབ་སྲིད་ལོ་ངོ་ ༨ བསྐྱངས་ཏེ། ཁྱོན་སྔ་རྗེས་སུ་ཡོངས་གྲགས་རྒྱལ་སྲིད་ལོ་ ༢༡ རིང་བསྐྱངས་མཐར། ཕྱི་ལོ་ ༧༡༢ ལོར། ཚ་བོ་ཁྲི་ལྡེ་གཙུག་བཙན་དགུང་གྲངས་དགུའི་ཐོག་ཏུ་ཁྲིར་འཁོད་གྲུབ་པར་བྱས་ནས་བཙན་མོ་ཁྲི་མ་ལོད་འདི་ཉིད་འདས་སོ།། ཅེས་འཁོད།།

 

 

མཆན། ( འདི་ལོ་ཤས་སྔོན་ནས་ཕྱོགས་བསྡུས་བྱས་པའི་རྩོམ་རྙིང་ཞིག་རེད་ལགས། )

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།