ཆོས་རྫུས།

3333.jpg
(བརྩམས་སྒྲུང་།)

Hypocritical religion

偽教徒

 

བློ་གྲོས། ད་ཁྱོད་ཀྱིས་སྐད་ཆ་བདེན་པ་ཤོད། ཁྱོས་དོན་འགྲུབ་ཀྱི་བློ་གྲི་འཁྱེར་རམ་མ་འཁྱེར། འབྲོག་སྡེའི་སྤང་ཟུར་ཞིག་ཏུ་བུ་གསུམ་ལང་ཞིང་ལོ་ཆེ་ཤོས་བཀྲ་ཤིས་ཀྱིས་དེ་ལྟར་ངར་ནས་བཤད། དཀོན་མཆོག་གསུམ། ངས་འཁྱེར་མེད། ཁྱོད་ཚོས་ང་ལ་བརྙེས་བཅོས་བཤད་སོང་ང་། ངས་ཨ་ཁུ་རིག་དགའ་ལ་བཤད་ཀྱི་ཡིན། ཁྱོད་ཚོས་ང་ལ་རྐུན་ཁག་བསྐེལ་སོང་ང་། ཧུང་ཧུང་། ཕོ་གཞོན་རང་ལོ་ཉེར་གྲངས་ཙམ་སླེབས་ཅིང་ངོ་གདོང་ཧ་ཅང་སྟེར་བཟོ་དོད་པའི་བློ་གྲོས་ཀྱིས་དེ་ལྟར་གནོང་འགྱོད་དང་ཁོང་ཁྲོ་ཅི་ཡིན་ཆ་མི་འཚལ་བའི་རྣམ་འགྱུར་དང་བཅས་ཕྱིར་འཁོར་སྟེ་སྦྲ་ནག་གི་ཁྱིམ་དུ་རྒྱུགས།

 

ཁྱིམ་དུ་སླེབས་མ་ཐག་ཐབ་ཟུར་དུ་བསྡད་པའི་ཨ་ཁུ་རིག་དགའ་ཡིས་མཐོང་ནས་ད་ཡང་ག་རེ་བྱས་སོང་། སྐྱེས་པ་ཕོ་ཟེར་མཁན་དེ་སྐྱེས་སྨན་ནང་བཞིན་ངུ་མཁན་ཡོད་རེད་པས། སྐྱག་ཕྲུག་འདི་ཡིན་ན། ཞེས་སེམས་ནས་སྐད་ཆ་འདི་དག་ཝ་ལེར་དྲན་ཡང་ཁ་ནས་དེ་མ་བཤད། དེ་ལས་ལྡོག་སྟེ་ཨ་ཁུས། ཨ་ཕའི་ཕ་གཡང་། ག་རེ་བྱས་སོང་། ངའི་བུ་ནོར་བུ་མི་དགའ་བ་བཟོ་མཁན་བློ་ཁོག་ཅན་དེ་སུ་རེད། ཨ་ཁུ་ལ་ཤོད་དང་། ངས་རོགས་པ་བྱ་ཆོག་ཅེས་ཨ་ཁུའི་སྐད་ཆ་དེ་དག་ཐོས་མ་ཐག བློ་གྲོས་སླར་ངུ་ངག་དང་འདྲེས་ཨ་ཁུ་ལགས། དོན་འགྲུབ་དང་བཀྲ་ཤིས་ཁོ་ཚོས་ང་ལ་གྲི་རྐུ་ཁག་བསྐེལ་ནས་མཐོང་ཆུང་བྱས་སོང་། ཞེས་པར་ཨ་ཁུས། འོ་ན་ཁྱོད་ཀྱིས་གྲི་དེ་འཁྱེར་དང་མ་འཁྱེར། གསལ་པོར་ཤོད། ཅེས་པར་བློ་གྲོས་ཀྱིས་ངོ་ལ་འཚབ་འཚུབ་འདྲ་སྣང་ཡང་ཚིག་ཐག་ཆོད་པོའི་སྒོ་ནས་ངས་འཁྱེར་མེད། འཁྱེར་མེད། ཅེས་བཤད་ཞོར་ཁ་ལོག་སྟེ་སྦྲ་གུར་གཞན་ཞིག་ཏུ་རྒྱུགས་སོང་། ཨ་ཁུས་བུ་ཁྱོད་ཀྱིས་ང་མགོ་བསྐོར་ཐུབ་ཀྱི་མ་རེད། ཁྱོད་ཀྱི་ཤ་རུས་དང་ཕྱི་ནང་གསང་གསུམ་བཅས་ལག་མཐིལ་གྱི་རི་མ་ལྟར་རང་གཤིས་ངས་མ་ཤེས་ན་སུས་ཤེས། ཀྱེ་ཧུད། ཅེས་དབུགས་རིང་གཏོང་ཞིང་མགོ་ཕྲེད་དུ་གཡུག་བཞིན་གཞན་ཞིག་ལ་སོང་།

 

 

 

ཨ་ཁུ། ང་ཚོའི་ཁྱིམ་རྒྱུད་ལ་དེ་སྔོན་སྐད་གྲགས་ཅན་གྱི་བླ་མ་རྩ་ཆེན་དེ་འདྲ་ཕེབས་མྱོང་འདུག འོན་ཀྱང་དེང་སང་ང་ཚོའི་རྒྱུད་པ་ཚོ་དང་དམིགས་བསལ་དུ་ང་ཚོའི་སྡེ་གྲོང་འདིའི་ཕྱོགས་སུ་བླ་མ་སྤྲུལ་སྐུ་འདི་རེད་བསམ་པ་གཅིག་ཀྱང་མེད་ཁར་ཡུལ་ལུང་གཞན་གྱིས་ང་ཚོའི་ཡུལ་འདིར་ཆོས་བསྟན་པ་སངས་རྒྱས་མི་དར་བའི་བདུད་ཀླུ་བཙན་རྒྱལ་པོའི་ཕ་ས་ཟེར་ནས་འཕྱ་དམོད་ཀྱང་བྱེད་མཁན་ཉུང་ཉུང་མ་རེད། བླ་རྒྱུན་ཆད་སོང་ནའང་གྲྭ་རྒྱུན་འགའ་རྗེས་འཛིན་ཡོད་ན་ཆོག་མོད། དེའང་དེང་སང་འབྱུང་རྒྱུ་དཀའ་མོ་རེད། ཡིན་ཡང་ཕྱོགས་གཅིག་ནས་ང་ཚོའི་ཁྱིམ་རྒྱུད་ཀྱི་མི་གྲངས་འཕེལ་ཀར་བསམ་དགོས་པ་དང་། གཉིས་ནས་བླ་མ་སྤྲུལ་སྐུ་ཞིག་འབྱུང་ན་བསམ་ཡོང་དུས་ད་ཐབས་ཤེས་ཡག་ཤོས་དེ་བློ་གྲོས་ཁོ་སྤྲུལ་སྐུ་འདྲ་ཨེ་འཁྱོང་བལྟས་ན་ཡག་ས་མ་རེད་པས། ཅེས་རིག་དགའ་ཡིས་ཁོའི་གཅེན་པོ་རིག་བཟང་གི་ཁྱིམ་དུ་ཞོགས་ཇ་འཐུང་ཞོར་གྲོས་འགོ་དེ་བཏོན།

 

 

རིག་བཟང་གིས་དེ་མུར་སྐད་ཤུགས་ཆེན་པོས་དགོད་སྒྲ་སྒྲོག་ཅིང་ཨ་ཨ་ཨ། རིག་དགའ། ཁྱོས་ང་ལ་དགོད་མོ་བསློང་བྱེད་ཀྱི་སྐད་ཆ་ཁྲལ་མེད་དེ་འདྲ་བཤད་མི་ཡོང་། སྤྲུལ་སྐུ་ཟེར་བ་དེ་ཚེ་སྔོན་ལས་དང་བཀོད་པ་བཟང་པོ་བཅས་ཚེ་འདི་ལའང་འགྲོ་དྲུག་སེམས་ཅན་ལ་ཕན་ཕྱིར་ཆོས་ཀྱི་ལུང་དང་རིག་པས་གྲུབ་ཅིང་བླ་མ་མཚན་ཉིད་ཚང་བ་ག་གེ་མོའི་ངོས་འཛིན་དང་རྩད་གཅོད་ནས་ཡོང་དགོས་པ་ལས། སྤྲུལ་སྐུ་མིན་བཞིན་དུ་དེ་བཟོ་བསམ་པ་ཙམ་གྱིས་ཀྱང་སྡིག་པ་ཆེ་རོགས་མ་རེད་པས། ཅེས་བཤད། རིག་དགས། ཨ་ཇོ་རིག་བཟང་ལགས། ཁྱེད་ཀྱིས་བསམ་བློ་གཅིག་ཐོངས་དང་། ཚེ་སྔོན་ལས་དང་བཀོད་པ། བླ་མ་ག་གེ་མོའི་ངོས་འཛིན་དང་རྩད་གཅོད་ཟེར་བའི་བྱ་རིམ་དེ་དག་མང་པོ་མི་ཡིས་བཟོས་བཞག་པ་ཤ་སྟག་རེད། ལྷའི་ལུང་བསྟན་ཟེར་བ་དེ་འདྲའང་དཀའ་མོ་རེད། མི་དམངས་ནས་ངོས་འཛིན་ཡོང་ཕྱིར་བླ་མ་སུ་ཡིས་ངོས་འཛིན་བྱེད་མིན་དེ་གཙོ་ཆེར་མཐོང་བ་ལས་སྤྲུལ་སྐུ་གང་འདྲ་ཞིག་བཟོ་མིན་ནི་ང་ཚོའི་ལག་པར་ཡོད་རེད། མ་རེད་པས།

 

 

 

 

རིག་བཟང་གིས་རིག་དགའི་སྐད་ཆ་དེ་དག་ཐོས་རྗེས་སྤྱིར་ན་ངས་ཀྱང་ང་ཚོའི་སར་ཆོས་སངས་རྒྱས་ཀྱི་བསྟན་པ་འདི་ཉམས་འགྲོ་བར་བློ་ཕམ་ཚད་མེད་ཡོད། འོན་ཀྱང་ཁྱོས་ཚ་བོ་བློ་གྲོས་སྤྲུལ་སྐུ་བཟོ་བརྩིས་དེ་ལམ་ལྷོང་ཡོང་མིན་དཀའ་ལས་ཁག་པོ་རེད། དེའང་གཙོ་བོ་ང་ཚ་བོ་བུ་འདི་ལ་ཡིད་ཆེས་དེ་ཙམ་མེད་པས་ཡིན། ཁོའི་མི་གཤིས་ཀྱི་སྤུས་ཀ་ཧ་ཅང་ཞན་པའི་ཁར་སེམས་གཏིང་མ་ནས་མི་མགོ་བདེ་དྲན་འཕྲུལ་ཅན་རེད། བུ་འདིས་དོན་དག་ཆེན་པོ་འཁྱོང་རྒྱུ་ཁག་པོ་རེད་བསམ་གྱི་འདུག རྗེས་མར་ཁོར་སྤྲུལ་སྐུའི་མིང་ཞིག་ཡོད་སྲིད་ནའང་སེམས་ཅན་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་རྒྱུ་ལས་གནོད་པའི་བྱ་བ་བྱེད་མི་ཡོང་ངམ་བསམ་ནས་ང་ལ་སེམས་ཁྲལ་འདུག ཅེས་པར་རིག་དགས་ཨ་ཇོ་ལགས། ཁྱེད་རང་ཐུགས་འཁུར་ཁྱོན་ནས་མི་དགོས་ངས་ལས་དོན་དེ་ཚག་ཚུགས་པོར་བཟོ་ཆོག གལ་ཏེ་དོན་དག་འདི་གྲུབ་སོང་ན་ངས་ཟུར་ནས་བློ་གྲོས་ཀྱིས་གཞན་ལ་བྱ་ངན་མི་སྤེལ་བར་སྟངས་འཛིན་དང་ལྟ་རྟོགས་ནན་ཏན་བྱ་ཆོག རིག་བཟང་གིས་ངོ་ལ་དྲི་དོགས་ཁེངས་ཀྱང་སླར་རིག་དགའི་སྐད་ཆ་དེར་ལན་འདེབས་ཅིའང་མ་བྱས་པར་མདུན་ཅོག་ཐོག་གི་ཤིང་ཕོར་དེ་ཡར་ལེན་ནས་ཇ་ཧུབ་གང་འཐུང་ནས་ཁོ་ཤ་ཉེ་གཉིས་ནས་མུ་མཐུད་གཞན་གྱི་བརྗོད་གཞིའི་སྐོར་ཁ་བརྡའང་སྣ་ཚོགས་བྱས།

 

 

བླ་མ་རིན་པོ་ཆེ། ངའི་ཚ་བོ་ཁོ་སྐྱེས་དུས་ཨ་མ་ལ་ལྟས་བཟང་པོ་དེ་དང་འདི་མང་པོ་བྱུང་བ་ཙམ་མ་ཟད། གནམ་ནས་མེ་ཏོག་གི་ཆར་པ་ཟིམ་ཟིམ་འབབ། དེ་ནས་མཇའ་མཚོན་སྣ་ལྔ་ཤར་བ་བཅས་ཡ་མཚན་མང་པོ་བྱུང་། ད་ངེད་ཁྱིམ་ཚང་ཡོངས་ཀྱི་ཕ་མ་སྤུན་མཆེད་ཚོས་ཁོའི་རྟགས་མཚན་མ་གང་ལ་བལྟས་ཀྱང་རིགས་དཀར་པོ་ཞིག་ཡིན་པ་ཤེས་ནས་མ་འོངས་པར་རབ་ཏུ་བྱུང་བ་ཞིག་འབྱུང་བའི་རེ་བ་ཆེན་པོ་ཡོད། འོན་ཀྱང་གཞན་མང་པོས་ཟེར་ན་ཁོ་རིགས་དཀར་པོ་ཞིག་ཡིན་དུས་སྤྲུལ་པའི་སྐུ་ཞིག་མིན་ནམ་བསམ་མཁན་མང་པོ་རེད་འདུག ཡག་ཤོས་བྱུང་ན་སྤྲུལ་པའི་སྐུ་ལ་ངོས་འཛིན་ཞིག་ཡོང་བ་ཞུ། འོ་རེད། རིན་པོ་ཆེ་ལགས། ངས་འདི་ནས་ནང་གི་ནོར་བུ་རྩ་ཆེན་ཕ་མའི་ཡང་མེས་ནས་ངེད་ཚང་ལ་ཤུལ་བཞག་བྱུང་བའི་གོང་ཆེན་གཟི་བཅུ་དྲུག་གིས་གྲུབ་པའི་གཟི་ཞག་འདི་དང་། ད་དུང་གླ་རྩི་སྤུས་གཙང་གསུམ་བཅས་བླ་མ་རིན་པོ་ཆེར་མཇལ་ཁ་བཅར་ཞོར་འབུལ་རྫས་ཕུལ་དགོས་བསམ་ཡོད་ལགས།

 

 

 

དབུས་ཕྱོགས་ཀྱི་གསོལ་མགྲོན་ཁང་ཞིག་ཏུ་རིག་དགས་སྣོད་ཁུག་ནས་ཁོའི་ཅ་དངོས་རིན་གུང་ཆེན་པོ་དེ་དག་ཡིད་གཟབ་ཆེན་པོས་རེ་རེ་བཞིན་ཕྱིར་བཏོན་ཞོར་མདུན་གྱི་ཁ་ལ་ཨ་ཚོམས་རྒྱས་པའི་བླ་མ་རིན་པོ་ཆེ་དེའི་ངོ་ལ་ཡང་ཡང་བལྟས། རིན་པོ་ཆེས་ཀྱང་ཁོའི་ཨ་རར་བྱིལ་བྱིལ་བྱེད་ཞོར་མིག་གཉིས་ཆེ་ཙམ་ལྡང་ནས་དངོས་པོ་དེ་དག་ལ་ཞིབ་ཏུ་མཉམ་བལྟས་བྱས་ཤིང་ཅུང་འགོར་རྗེས་དགའ་སྣང་ཆེན་པོས་འོ་ཡ་ཡ་ཡ། གྲོགས་པོ་རིག་དགའ། ཁྱེད་ཀྱི་རྒྱུ་དངོས་པོ་འདི་དག་ཀྱང་ཁྱེད་ཀྱི་མི་རྒྱུད་བཟང་པོ་དེ་དང་འདྲ་བ་སྤུས་གཙང་ཡིན་པ་ངས་ཡིད་ཆས་གཙང་མ་གཙང་རྐྱང་ཡོད། ངེད་ཚོ་ངོ་ཤེས་རྙིང་པ་དང་གྲོགས་པོ་བློས་གཏུག་དེ་འདྲ་རེད། ཁྱོད་ཀྱིས་ང་ལ་དད་པ་དག་སྣང་འདི་འདྲ་བྱེད་དུས་ཁྱེད་ཀྱི་རེ་འདུན་ངས་བསྐོང་ཐབས་མ་བྱེད་ན་ལས་རྒྱུ་འབྲས་ལའང་འགྲོ་གི་མ་རེད། ངས་བསམ་བློ་ལྟར་ན་ཁྱོད་ཚོའི་བུ་དེ་ང་ཚོའི་ཆོས་རྒྱུད་ཀྱི་སྤྲུལ་སྐུ་ཞིག་ངོས་འཛིན་བྱས་ན་ཡག་པོ་ཡོད་རེད་བསམ་། དེའང་དེ་སྔོན་ང་ཚོའི་ཕྱོགས་སུ་སྒོམ་པའམ་རྣམ་འབྱོར་ཆེན་པོ་ཞིག་ཡོད་རེད། ཁོང་གི་ལོ་རྒྱུས་དེ་དང་དེ་རེད།

 

 

 

ངས་བསམ་ན་ཁྱེད་ཀྱི་ཚ་བོ་བློ་གྲོས་ཁོང་གི་ཡང་སྲིད་ལ་ངོས་འཛིན་བྱ་ན་ཡག་པོ་ཡོད་རེད་བསམ་གྱི་ཡོད། ངས་གྲོགས་པོ་ཁྱེད་ལ་སྙིང་གཏམ་བཤད་ཀྱི་ཡོད། རབ་ཏུ་བྱུང་ཚར་བའི་ཆོས་རྒྱུད་ག་གེ་མོའི་སྤྲུལ་སྐུ་ཞིག་ཡིན་ན་ནི་མ་འོངས་པར་ཁྱིམ་ཐབ་ལ་ལག་པ་འཆང་ས་འགྲོ་གི་མ་རེད། དེ་བས་ང་ཚོའི་ཆོས་རྒྱུད་འདིའི་སྤྲུལ་སྐུ་ཞིག་ཡིན་ན་ཆོས་འཇིག་རྟེན་གཉིས་ཀར་བསམ་བློ་གཏོང་ཆོག་པ་ཞིག་དང་ལམ་ཁ་ཡོད་ཡོད་པ་ཞིག་ཆག་གི་རེད།  ངས་བསམ་ན་ད་བློ་གྲོས་རྣམ་འབྱོར་ཆེན་པོ་ཁོང་གི་སྤྲུལ་སྐུར་ངོས་འཛིན་བྱ་ན་ཡག་ཤོས་རེད། དེ་འདྲ་བྱོས། ཅེས་བཤད་དེ་སྔར་ནས་ཐམ་ག་རྒྱབ་ངོས་སུ་ཡོད་པའི་ཤོག་བུ་ཐུག་པོ་སྤུས་དག་ཅིག་གི་ཐོག་རིག་དགའ་ཚ་བོའི་མིང་དེ་ཡིད་གཟབ་ཆེན་པོས་བྲིས་ཏེ་ད་འདིར་གཟིགས་དང་།  ངའི་ཤོག་བུ་དཀར་པོར་ཡི་གེ་ནག་པོ་བྲིས་ཡོད་པའི་སྤྲུལ་སྐུའི་དཔང་ཡིག་འདི་ལག་ཏུ་ཟུངས་ཤིག གྲོགས་པོ་རིག་དགའ། ད་ངས་སྤྲད་པའི་སྤྲུལ་སྐུའི་ལག་འཁྱེར་འདི་ང་ཚོའི་སྲིད་གཞུང་གིས་ཀྱང་མཐོང་ཆེན་པོ་སྤྲད་ཀྱི་ཡོད་པ་ཙམ་མ་ཟད། ཁྱོད་ཀྱི་ཚ་བོ་དེ་ས་གང་ལ་སོང་ན་གཞན་གྱིས་སྤྲུལ་པའི་སྐུ་ཞིག་ལ་ངོས་ལེན་གཙང་མ་བྱེད་ཀྱི་རེད། དེའི་སྐོར་ཐུགས་དོགས་རྩ་བ་ནས་གནང་མི་དགོས། ཅེས་བཤད་ཀྱིན་ལག་འཁྱེར་དེ་རིག་དགའི་ལག་ཏུ་སྟེར་ཏེ།

 

 

 

འོ་རེད། ཁྱོད་ཀྱི་ཚ་བོ་དེ་གཞོན་ནུ་གཞན་དང་མི་འདྲ་བ་བུ་རྫིག་པོ་ཞིག་དང་སྟེར་བཟོ་དོད་པོའམ་རྣམ་པ་ཡག་པོ་ཞིག་ཡོད་པ་ངས་ཀྱང་གོ་སོང་། གང་ཡིན་ཟེར་ན། ང་ཚོའི་ཕྱོགས་ཀྱི་བུ་མོ་མཛེས་མ་དེ་དག་གིས་ཁོ་གླེང་ས་གཙོ་བོ་ཞིག་ཟེར་གྱི་འདུག་ག ཧ་ཧ་ཧ་ཧ སྐུ་རྩེད་ཞུས་པ་ཡིན། དེ་སེམས་ལ་མ་བཞག་རོགས། ཁོ་གཉིས་དེ་ལྟར་ཁ་བརྡ་ཡུན་རིང་བྱས་རྗེས་ཨ་ཁུ་རིག་དགའ་དགའ་སྤྲོ་དཔག་མེད་ཀྱིས་བླ་མ་རིན་པོ་ཆེར་ཐོན་ཕྱག་གསུམ་ཕུལ་ནས་རང་ཡུལ་དུ་ཕྱིར་ལོག

 

 

 

ཨ་ཇོ་རིག་བཟང་ལགས། བློ་གྲོས་ཁོ་ཕྱོགས་གང་སར་མིང་གྲགས་ཁྱབ་པའི་གྲོང་སྡེ་ཆེན་མོ་དེའི་ཁྱིམ་རྒྱུད་ཆེན་པོ་ག་གེ་མོ་ཚང་གི་བུ་མོ་མཛེས་མ་གཡང་ཅན་མནའ་མ་ལེན་གྱི་ཡིན་ཟེར་ནས་ང་སྡོད་བཅུག་གི་མི་འདུག ད་གང་འདྲ་བྱེད་ན་ལེགས་སམ། རིག་དགས་ཅི་བྱ་གཏོལ་མེད་ཀྱི་རྣམ་འགྱུར་དང་སྐད་ཆ་དེ་དག་ཐོས་རྗེས་རིག་བཟང་རླུང་ལང་བཞིན། ངས་ཧ་མི་གོ ཁྱོད་ཞང་ཁུ་གཉིས་ཀྱིས་ཅི་བྱ་བསམ་ན་དེ་བྱོས། ང་ལ་སྐད་ཆ་འདྲི་མ་འོང་། ངས་དེ་སྔོན་ནས་ད་ཁྱིམ་གྱིས་འགྲོ་སོང་ཡོད་མེད་ཚང་མ་བཏང་ནས་ཁོ་ལ་སྤྲུལ་སྐུའི་མིང་ཞིག་རག་པར་མོས་མཐུན་བྱས་མོད། འོན་ཀྱང་ངས་ད་ཁྱོད་ཀྱི་ལས་འགན་གཙོ་བོ་དེ་དཔེ་ཆ་ཡག་པོ་སྦྱོངས་ལ་སེམས་ཅན་ལ་ཅུང་ཕན་ཐབས་བྱོས་ཟེར་ནས་གཏམ་པོ་ག་ཚོད་བཤད་སོང་། ཁོས་ངའི་སྐད་ཆར་སྐྱག་པའི་རྩིས་ཙམ་ཡང་འཇོག་གི་མེད་ཁར། མི་དགོས་རྒྱུ་འདོད་ཆགས་དང་སྲེད་པ་འཕེལ་ནས་བུ་མོ་མཛེས་མ་རག་ཐབས་ལ་ཧུར་པོ་བྱེད་ཀྱི་འདུག ཁོས་དེ་སྔོན་ད་བར་ལོ་གཉིས་གསུམ་ཙམ་ལ་བུ་མོ་ཁོ་ནར་དང་འབྲེལ་བའི་རྙོགས་དྲ་ག་ཚོད་བཟོས་སོང་རིག་དགའ་ཁྱོས་ཤེས་ཀྱི་རེད།

བུ་མོ་དེ་ཚོའི་ཁྱིམ་གྱི་མི་རྒན་པ་དང་གྲོགས་པོ་ཚོའང་ང་ཚོ་དང་སེམས་ཐག་ཇེ་རིང་ལ་སོང་བ་ཚང་མ་བུ་དེའི་བྱས་ཉེས་ཡིན་པ་ཁྱོད་ཀྱི་མི་ཤེས་སམ། ད་ང་ལ་བློ་གྲོས་སྐོར་གྲོས་བསྡུར་ཅིའང་བྱེད་རྒྱུ་མེད། ཁྱོད་གཉིས་ཀྱིས་ཅི་བྱེད་བསམ་ན་དེ་བྱོས། རིག་བཟང་ཁོང་ཁྲོ་དང་བཅས་གཞིས་ཁང་གི་ཉིས་ཐོགས་ནས་མར་འོག་ཁང་གི་ཤག་ཅིག་ནང་འཛུལ་ཞིང་སྒོ་ཤུགས་ཀྱིས་བརྡབས་ཏེ་ཕྱིར་ཁྱོན་ནས་དོན་མ་བྱུང་།

 

 

 

ཤུལ་དུ་རིག་དགའ་དབུགས་རིང་ཞིག་འབྱིན་བཞིན་ཁ་ཕྱིར་བསྐོར། ཕྲག་གཡས་པའི་ཕུ་ཐུང་ཕྲག་པར་ཡར་གཡུག་སྟེ་སོ་སོར་ཁེར་གཏམ་འདི་འདྲ་བྱེད་བཞིན་ལམ་དུ་སོང་། དེ་སྔོན་ཨ་ཇོ་ཁྱེད་ཀྱིས་ཀྱང་བློ་གྲོས་ལ་སྤྲུལ་སྐུའི་མིང་ཞིག་རག་ཐབས་སྐོར་མོས་མཐུན་བྱས་སོང་མོད། འོན་ཀྱང་ད་ཆ་དཀའ་ཁག་ཏོག་ཙམ་འཕྲད་དུས་ཁྱེད་ཀྱི་བུ་གྲུང་གྲུང་འདི་ལ་རྩ་བ་ནས་ཇུས་རྟོགས་མེད་ཟེར་གྱི་ཡོད་པ་འདྲ། ད་ང་བློ་གྲོས་ཁོའི་ཨ་ཁུ་དྭངས་མ་ཡིན་པས་ཁོ་ལ་ཁ་ཡ་རྩ་བ་ནས་མ་བྱེད་ན་ཁོས་ཉིན་གཅིག་གྱོད་ཁ་མཆུ་ཆེན་པོ་ཞིག་འཁྱེར་ཡོང་རྒྱུ་ཐག་ཆོད། དེ་དུས་ངེད་གཉིས་གཙོས་ཁྱིམ་མི་ཚང་མ་མཉམ་ངུ་བྱེད་རྒྱུ་ལས་ལྷག་མི་སྲིད་་་་་ཧུའུ་་་་

 

 

ཟླ་བ་ཁ་ཤེས་རྗེས་ཀྱི་ཚེས་བཟང་དུས་བཟང་ཞིག་ལ་རིག་དགའ་ཚང་གི་གོ་རའི་ནང་མི་དམངས་བརྒྱ་ཚོ་ཁ་ཤས་འདུས། གོ་རའི་ཟུར་ཞིག་ཏུ་ཕོ་གསར་གཅིག་གིས་གཞན་དེ་ལ། ཀེ་བློ་གྲོས་ཁོས་སྡེ་གྲོང་ཚང་གི་བུ་མོ་སྒྲོལ་མར་བཙན་ཤེད་བྱས་འདུག་ག ཁོ་རིན་པོ་ཆེ་འདི་ནི་བུད་མེད་ལ་དགའ་ནས་ཤི་གྲབས་རེད། ཧུ་ཧུ་ཧུ། ཀེ་ཁ་ཚུམས། ད་སླེབས་སོང་། ཁོ་གཉིས་ཟུར་ཞིག་ལ་ཕྱིར་བསྣུབ་ཙམ་བྱས་ལག་གཉིས་ཐལ་མོར་སྦྱར་ཞིང་མགོ་བོ་སྒུར་སྒུར་བྱས།

 

སྐབས་དེར་ལུས་ལ་དར་གོས་ཆེན་སེར་པོས་ཡོངས་སུ་བསྟུམ་བཞག་པ་འདྲ་སྐུ་ལྟ་བུའི་བློ་གྲོས་ཀྱི་ངོ་ལ་ཁེངས་དྲེགས་ཆེན་པོས་གོམས་ཞག་དལ་པོ་སྤོ་བཞིན། ཕྱོགས་གཉིས་ཀྱི་མི་མང་ཕྱོགས་སུ་མགོ་བོ་འདེམ་ཙམ་འདེམ་ཙམ་དང་ལག་པ་གཡུག་ཙམ་གཡུག་ཙམ་གྱིས་མདུན་དབུས་སུ་བཞེངས་པའི་གསེར་འོད་མདོག་གིས་ཁྲ་ཆིལ་ལེར་བཟོས་ཤིང་གཞན་དང་མི་འདྲ་བའི་བཞུགས་ཁྲི་ཆེན་པོ་དེར་ཟུར་ནས་གཡས་སྐྱོར་གཡོན་སྐྱོར་གྱིས་ཡར་འཛེགས།

 

 

 

དུས་མཚུངས་དམངས་ཀྱི་གྲལ་མཐར་ཕར་འགྲོ་ཚུར་འོང་བྱེད་བཞིན་པའི་མི་རག་བཟི་ཞིག་གློ་བུར་དུ་ཁྲིའི་མདུན་དུ་རྒྱུགས་ཡོང་ནས་ངར་སྐད་དང་བཅས་ཨ་ཕའི་རོའི་སྤྲུལ་སྐུ། ཁོ་བློ་གྲོས། ཁྱོས་ངའི་ཚ་མོ་བདེ་སྐྱིད་ལ་དབང་ཡོད་བཤད་འདུག་ག ངས་ཁྱོད་མི་བཞག་སེམས་ཐག་གོར་མོ་རྡོ་ཡིན་་་་་དེ་མུར་ཟུར་དུ་ལང་སྡོད་པའི་རིག་དགའ་དང་དར་གཞོན་ཞིག་གིས་སྨྱོན་པ་འདི་ཡང་སླེབས་སོང། ཁོ་སྒོ་ཕྱི་ལ་མར་ཕུད་ཞོགས། སྒོ་སྲུང་ལ་སྨྱོན་པ་ཁོ་གསུང་ཆོས་ར་བའི་ནང་ཡར་གཏོང་མ་འོང་ལོབས། ཅེས་སྨྱོན་པ་དེ་ཕྱེད་འདྲུད་ཕྱེད་འཐེན་གྱིས་སྒོ་ཕྱི་ལ་ཕུད། ཨ་ཕའི་རོ་འདྲ་ཡིན་འགྲོ ག་རེ་སྤྲུལ་སྐུ། ཁྱོས་རྗེས་མར་ངའི་ཚ་མོ་བདེ་སྐྱིད་ལ་གཉའ་བཅོས་ཤོད་དང་། རིན་པོ་ཆེ་དང་རིན་པོ་ཆུང་མི་ཤེས། སྐྱེས་པ་ཕོ། ངས་ཁྱོད་ཨ་མྱེ་ཆོས་རྒྱལ་ས་ལ་བསྐྱེལ་ཐག་གཅོད་ཡིན་་་་་ཨ་ཕའི་རོ་འདྲ་ཡིན་འགྲོ་་་་སྨྱོན་པ་ཟེར་བའི་མི་དེའི་ངར་སྐད་ཆོས་ར་དེ་ནས་ཇེ་རིང་ལ་སོང་།

 

 

 

གྲོང་པའི་མི་ཚོས་འདི་ལྟར་སྔོན་ནས་གྲ་བསྒྲིག་དང་ཁྱབ་བསྒྲགས་བྱས་ཟིན་པའི་མདོ་ལུང་སྤང་ཐང་དུ་རིམ་གྱིས་འདུས་ཤིང་སྐབས་དེའི་གསུང་ཆོས་ལ་ཉན་མཁན་མང་ཆེར་གྱིས་ཆོས་རྭར་སྡོད་ས་ཡག་བཙོག་དང་། རྒན་འཁོག་གསང་སྤྱོད་དུ་འཁྲིད་རོགས། བྱིས་པ་ཆུང་ཆུང་ཚོར་ལྟ་རྟོགས། གསུང་ཆོས་ཀྱི་བར་གསེང་དུ་ཉིན་དགུང་ཟས་མཉམ་ཟ་བྱེད་རྒྱུ་སོགས་ལ་འགོ་འཁོར་བ་ལས་ཕལ་ཆེར་གྱིས་སྤྲུལ་སྐུ་བློ་གྲོས་ཀྱི་ཆོས་ལ་ཉན་ཡོད་ཚོད་མི་འདུག འོན་ཀྱང་རྒྱུན་དུ་ཆོས་ཀྱི་གོ་རྟོགས་ཆེན་པོ་ཡོད་མདོག་སྟོན་མཁན་རེད་ཟེར་བའི་མང་པོས་བརྩི་མཐོང་བྱེད་ཅིང་ཡོངས་གྲགས་ལ་རྒན་སྟོབས་རྒྱལ་ཞེས་པ་དེས་སྤྲུལ་སྐུའི་ཆོས་ཐུན་ཁག་གཅིག་ཉན་ཚར་རྗེས་མི་འདོད་པའི་རྣམ་འགྱུར་དང་སྦྲགས་ཁོའི་གཡས་གཡོན་སུ་སྡོད་པའི་གྲོགས་པོ་ཚོར་བཤད་རྒྱུ། ཨ་ཁ་ཁ། ཁོ་རེ་ཚོ། སྤྲུལ་སྐུ་འདིས་དཔེ་ཆའི་ཁུངས་དང་ལུང་སྤུ་ཙམ་བགྲང་ཤེས་ཀྱི་མེད་ཁར་ཁོས་ཚེ་སྔོན་མ་ནས་བརྒྱུད་འོང་བའི་སྐྱེས་བུ་དམ་པ་ཞིག་ཡིན་ན་ཚེ་འདིར་བྱེད་ལུགས་བྱེད་སྟངས་གཞན་གྱི་བློ་ཡུལ་དུ་ཤོང་དཀའ་བའམ་མ་རབ་སྤྱོད་ངན་གྱི་ཚུལ་དུ་སྣང་ཡང་དོན་དམ་པར་དེ་དག་ཕ་དང་མ་དང་གསོད་བྱ་ཡིན་ཞེས་པའི་དཔེ་ལྟར་དགོས་མཁོའི་དབང་དུ་གཟུགས་ཅན་སྣ་ཚོགས་སུ་གནང་གི་ཡོད་པ་ལས། དེ་དག་གིས་བྱས་པའི་མ་རབ་ཀྱི་བྱ་ངན་སྡིག་ལས་དག་བཟང་ལས་སུ་མི་འགྲོ་བ་མ་ཟད། དད་དམངས་ནས་ངེས་པར་དུ་སྐྱེས་བུ་དམ་པ་ཟེར་བ་དེའི་སྤྱོད་ངན་དག་ལའང་མགོ་ཞུམ་ཞུམ་གྱིས་སྟབས་བསྟུན་ཁོ་ནར་གུ་ཡངས་སམ་མོས་འདོད་དགོས་ལུགས་སོགས་བཤད་སོང་བ་དེ་ཁྱད་མཚར།

 

 

འོན་ཀྱང་ངས་དེ་ནི་ཧ་ཅང་ལྐོག་འགྱུར་གྱི་གཡོ་གཏམ་བཤད་འདོད་པ་ཞིག་ལ་ངོས་འཛིན་ཡོད། སྐྱེས་བུ་དམ་པ་ཚད་ལྡན་ཞིག་ཡིན་ན་ལུས་བརྟེན་ཇི་འདྲ་ཞིག་ལེན་ཡང་དེ་ལ་དགོས་པའི་མཚན་ཉིད་ཚང་དགོས། གོང་ན་མེད་པའི་བླ་མས་ཀྱང་བླ་མ་ཚུལ་བཞིན་བརྟེན་ཞིང་དེའི་ཐད་ཧ་ཅང་ཡིད་གཟབ་དགོས་ལུགས་སོགས་མང་པོ་གསུངས་ཡོད།  དེ་ལས་ལྡོག་སྟེ་རྫུ་འབག་གྱོན་མཁན་ཞིག་ཡིན་ན་ནམ་ཞིག་ལ་དེའི་སྐྱོན་ཆའི་རྔ་མ་ཕྱིར་དོན་ཡོང་ལ། ངན་རྫོབས་ཆེན་པོ་བཟོ་ངེས་ཤིང་དད་དམངས་ལོག་ལམ་མམ་དམྱལ་བ་ལ་འཁྲིད་རྒྱུར་ཐེ་མི་ཚོམ།

ཧིན་་་་ག་རེ་སྤྲུལ་པའི་སྐུ། དགོད་མོ་བསློང་བྱེད་རང་རེད།

 

 

 རྒན་སྟོབས་རྒྱལ་གྱིས་དེ་དག་བཤད་མཚམས་དད་ལྡན་ཚོས་བརྟེན་ཞུགས་འགོ་བརྩམས་པ་དུས་མཚུངས་བང་ལྟར་འགྲིག་པའི་དད་ལྡན་རྣམས་ཁྲི་ཟུར་དུ་བཅར་ཞིང་སོ་སོར་ཡོད་ཡོད་མེད་མེད་ཀྱི་དད་རྫས་རྣམས་ཕུལ་འགོ་བརྩམས། གློ་བུར་དུ་དེའི་མཚམས་སུ་འབུལ་རྫས་ཕུལ་མཁན་དང་གོ་སྒྲིག་བྱེད་མཁན་དབར་ཁ་རྩོད་ཤོར་བྱུང་། ང་རྒྱ་མོ་དེ་དག་གི་སྔོན་ལ་སྔ་མོ་ནས་བང་བསྒྲིགས་ཡོད། ག་རེ་བྱས་ནས་ཁོ་ཚོ་ངའི་སྔོན་ལ་གཏོང་དགོས་རེད། སྐྱེས་པ་ཞིག་དེ་ལྟར་ངར་བཞིན་མདུན་དུ་མཆོང་བྱུང་། སྐབས་དེར་ཆོས་རྭར་དམངས་ཀྱི་གྲལ་མགོར་ཅུང་ཟང་ཟིང་ལང་ལོང་འདྲ་བཟོས། ཨ་ཁུ་རིག་དགའ་དེ་མུར་འབྱོར་ནས་ཕོ་གསར། ཁོང་ཚོ་ཐག་རིང་པོ་རྒྱ་ནག་ནས་ཕེབས་པའི་དད་ལྡན་རེད། ཁོང་ཚོ་སྔོན་ལ་གཏོང་རོགས་བྱོས། ཅེས་པར་ཕོ་གསར་དེས་ག་རེ་བྱས་ནས་ཁོ་ཚོ་སྔོན་ལ་གཏོང་དགོས་རེད། རྒྱུ་མཚན་ཤོད་དང་། ང་དེ་རིང་སྔ་མོ་ནམ་མ་ལང་ཙམ་ནས་འདིར་བང་བསྒྲིགས་པ་ཡིན། འོ་ན་ངའི་དད་རྫས་ཁོ་ཚོ་ལས་ཉུང་བས་རེད་དམ། དེ་འདྲ་བྱེད་ན་ཡག་པོ་རྩ་བ་ནས་མི་འདུག

 

ཕོ་གསར་གྱིས་ད་དུང་མི་གཞན་ཁོའི་མདུན་དུ་གཏོང་བརྩིས་མི་འདུག་པར་མཐོང་ཞིང་འབུལ་རྫས་ཕུལ་མཁན་རྣམས་ཀྱང་ཕྱི་བལྟས་བྱེད་ཅིང་ཐེ་ཚོམ་རྔང་སྐྲག་ལྟ་བུའི་ངོ་མཐོང་དུས་རིག་དགའ་ཁོང་ཁྲོ་ལང་ཞིང་གཞན་མི་འགའ་སྐད་གཏོང་ནས་སྐད་ཆ་གང་ཡང་མ་བཤད་པར་ཕོ་གསར་དེའི་ཕྲག་པ་ནས་འཇུས་ཏེ་བཙན་གྱིས་ཚོགས་རའི་ཕྱི་རུ་ཕུད་འདེད་བྱས་སོང་།

 

 

 

དེ་ནས་བཟུང་དད་དམངས་ཕྲོད་ནས་ཀྱང་གནས་ཚུལ་དེར་མི་དགའ་བའི་རྣམ་འགྱུར་སྟོན་མཁན་ཁ་གཅིག་གིས་རྒྱ་མོ་ཁོ་ཚོ་ཕོ་གསར་དེའི་སྔོན་ལ་གཏོང་དགོས་དོན་ག་རེ་ཡིན་ནམ། སུས་བཤད་ཤེས། ཕོ་གསར་དེས་ནོར་འཁྲུལ་འདྲ་བཟོས་པ་མིན་འགྲོ རྒྱ་མོ་དེ་ཚོ་སྤྲུལ་སྐུའི་སྤུན་མཆེད་དང་གྲོགས་པོ་མིན་འགྲོ གསལ་པོ་ཤེས་དགོས་མ་རེད། རྒྱུ་མཚན་གཅིག་རང་ཡོད་པ་རེད། དེ་ནི་རྒྱ་མོའི་ཕྱོགས་ནས་སྤྲུལ་སྐུར་འབུལ་རྫས་ཕོ་གསར་དེ་ལས་མང་བ་འཁྱེར་ཡོད་པས་རེད། དེང་སེར་མོ་བ་ཡིན་ཡང་འགྲོ་ལུགས་འདུག་སྟངས་དེ་འདྲ་གནང་གི་རེད་ལ། དེར་ཡ་མཚན་རྒྱུ་གང་ཡོད་མ་རེད། དེ་བས་འབུལ་རྫས་མང་པོ་ཕུལ་མཁན་དེ་ཚོ་བང་རིམ་གྱི་སྔོན་དུ་ལོས་གཏོང་དགོས། འོ་ན་སུས་འབུལ་རྫས་མང་ཤོས་འཁྱེར་འདུག་ན་སྔོན་ལ་ཐོངས། འབུལ་རྫས་མང་ཤོས་ཟེར་ན་གང་འདྲ་བརྩི་དགོས་རེད། གྲངས་ཀ་མང་ཉུང་རེད་དམ་ཡང་ན་རྒྱ་མ་མང་ཤོས་རེད། རེད་རེད། ད་འོ་ན་ཚང་མའི་འབུལ་རྫས་སྤྲུལ་སྐུའི་ཁྲི་མདུན་ནས་རྒྱ་མ་མཇལ་གྱིན་སྔོན་ལ་གཏོང་ན་ཡག་ཤོས་རེད་ཧ་ཧ་ཧ་ཧ

 

 

ཁོ་ཚོ་རིན་པོ་ཆེའི་ནོར་བདག་དང་དམིགས་བསལ་ཅན་གྱི་འབྲེལ་བ་ཡོད་མཁན་ཤ་སྟག་རེད། ཡིན་ཡང་ཕོ་གསར་དེ་མི་གཅིག་ལས་མི་འདུག ཁོ་སྔོན་དུ་གཏོང་བཞག་ནའང་སྐྱོན་ཆེན་པོ་ཡོད་རྒྱུ་མ་རེད། དེ་འདྲ་བྱེད་སྟངས་རྫོབས་པོ། ཡག་པོ་མ་རེད་་་་་། མི་རྣམས་ནས་འབུལ་རྫས་ཕུལ་མཁན་ཕོ་གསར་དེ་ཆོས་རའི་ཕྱིར་ཕུད་པར་མཐོང་རྗེས་དེའི་སྐོར་གཅིག་རྗེས་གཉིས་མཐུད་ཀྱིས་གླེང་རྒྱུ་མང་པོ་བཟོས་ཤིང་ཆོས་ར་གྲོལ་རྗེས་ཀྱང་དད་དམངས་ནང་སྤྲུལ་སྐུའི་ཨ་ཁུ་རིག་དགའི་བྱ་སྤྱོདག་ལ་ལབ་རྒྱུ་གླེང་རྒྱུའང་མང་དུ་སོང་།

 

ལོ་འགའི་རྗེས་སུ་རིག་དགའ་དང་རིག་བཟང་གཉིས་གྲོས་འགོ་བསྡུར་ནས་བློ་གྲོས་རྒྱ་གར་དུ་གདན་སར་ཆོས་སློབ་གཉེར་བྱ་སར་གཏོང་རྒྱུ་གྲ་བསྒྲིགས་བཟོས། དུས་མཚུངས་སུ་བློ་གྲོས་ཀྱིས་ཀྱང་སྤུན་འཇགས་རོགས་པ་གཅིག་དང་ཁོས་དེ་སྔོན་ནས་ལྐོག་ཏུ་ཁ་ཆད་བཟོས་ཚར་བའི་ཕུ་གྲོང་ཚང་གི་བུ་མོ་ཐ་ཆུང་དེ་མཉམ་དུ་འཁྲིད་དེ་སོང་འདུག ཚང་མས་བློ་གྲོས་ཀྱི་བྱེད་སྟངས་དེར་སླར་ཡང་ཧ་ལས་པ་གྱུར། ལ་ལས་རྒྱ་གར་ལ་ཆོས་སློབ་གཉེར་འགྲོ་བར་ངེས་པར་དུ་བུ་མོ་དགའ་རོགས་ཀྱང་མཉམ་འཁྲིད་དགོས་པ་དེ་རིན་པོ་ཆེའི་མཛད་པ་འཕྲིན་ལས་བསྐྱངས་ཚུལ་དམིགས་བསལ་བ་ཡིན་པ་འདྲ་སོགས་ཟེར་ནས་ལྐོག་ནས་ཟུར་ཟ་དགོད་གཏམ་བཤད་སྲོལ་བྱུང་།

 

 

 

ལོ་འགའི་རྗེས་སུ་རྒྱ་གར་བོད་མིའི་སྐྱབས་བཅོལ་བའི་ས་གནས་ཤིག་ཏུ་ཁྲོམ་ལམ་དུ་རྒྱ་གར་བའི་ཇ་ཁང་ཆུང་ངུ་དེའི་འགྲམ་དུ་སྡོད་མཁན་སྐྱེས་པ་གསར་འབྱོར་གཉིས་ནས་ཁ་བརྡ་འདི་ལྟར་བྱེད་དེ་སྡོད་འདུག ཀ་པས། ཁོས་རྒྱུན་དུ་དགའ་རོགས་མའི་ལག་མགོ་ནས་འཇུས་ཏེ་ཁྲོམ་གཞུང་དུ་འགྲོ་གི་ཡོད་པས་ཐེངས་ཤིག་ཡུལ་གཅིག་པའི་བླ་རྒན་ཞིག་གིས་ཁོ་ལ། བློ་གྲོས་རིན་པོ་ཆེ། སྤྱིར་ན་ཁྱེད་ཆོས་ལུགས་ག་གེ་མོ་མིན་པས་ཕོ་མོ་མཛའ་སྤྱོད་ལ་འཛེམ་ཆ་དམ་པོ་དེ་ཙམ་མི་དགོས་མོད། འོན་ཀྱང་བོད་ཀྱི་ནང་པའི་ཆོས་རྒྱུད་ས་དགེ་བཀའ་རྙིང་། གཡུང་དྲུང་བོན་དང། ཇོ་ནང་བཅས་ཀྱི་ལམ་ལུགས་ཅི་འདྲར་བསྟུན་ནའང་ཁྱེད་ཀྱིས་མི་ཚོགས་ཁྲོམ་དཀྱིལ་དུ་དེ་འདྲ་གནང་བར་མིག་སྔར་མི་མཛེས་སོ། སོ་སོའི་སྙིང་སྡུག་མ་ལ་བརྩེ་དུང་ཡོད་ན་ལོས་ཆོག་ལ། ཕོ་མོའི་བརྩེ་དུང་ཡིན་ཡང་འབྲེལ་བ་དེའི་ཕུ་ཐག་སྲུང་ནས་ཕན་ཚུན་གཅེས་སྐྱོང་མཐའ་འཁྱོལ་བ་གནང་དགོས་པ་ལས་དུས་ཡུན་གྱི་གནང་སྟངས་ཕྱི་མིར་ངོམས་བཟོ་འདྲ་པོ་བྱེད་འདོད་པ་ཙམ་གྱིས་ག་ལ་ཡིན། ནང་པའི་རིན་པོ་ཆེའི་མཚན་སྙན་ཡོད་མཁན་ཞིག་གིས་བུ་མོའི་ལག་མགོ་འཇུས་ནས་སྣང་མེད་ཀྱིས་ཁྲོམ་བསྒྲགས་ལྟ་བུ་གནང་བ་དེ་ང་ཚོའི་བྱེད་ལུགས་བྱེད་སྟངས་མིན་པར་དེ་ཕྱི་ལུགས་པའི་སྤྱོད་སྟངས་ཡིན་པ་འདྲ།

 

 

 

 

ཅེས་བཤད་པར་སྤྲུ་སྐུ་བློ་གྲོས་ཟེར་བ་དེ་ཧ་ཅང་ཁོང་ཁྲོ་ལང་བཞིན། བླ་རྒན་ཁྱོའི་ཁྱི་ཁ་ཚུམས། ཁྱོད་ཀྱིས་ང་ལ་ཇུས་མེད་ཇུས་རྟོགས་འཕྲད་ཀྱི་མ་རེད། དེ་བས་ང་ལའང་བསླབ་བྱ་འདྲ་བྱེད་ཁུལ་ག་རེ་ཡིན་པའི་ཁུལ་ཡིན། འོ་ན་བླ་རྒན་ཁྱོད་སྤྲུལ་སྐུ་རེད་དམ་ང་སྤྲུལ་སྐུ་རེད། རྗེས་མ་ལའང་ངའི་སྐོར་སྐད་ཆ་ཚིག་གཅིག་བཤད་མི་ཆོག ངས་སོ་སོས་ག་རེ་བྱེད་ཀྱི་ཡོད་མེད་གསལ་པོ་ཤེས། ཅེས་བཤད་དེ་བླ་རྒན་དེ་ཁ་སྐྱེངས་པ་བཟོས་པ་རེད་འདུག ཁ་པས། ད་གང་ཤེས། མཚམས་རེར་ང་ཚོའི་རབ་བྱུང་དགེ་འདུན་པ་ཚོ་གཙོས་མི་དམངས་རྣམས་སེམས་གུ་དོགས་དྲག་ནས་མིན་འགྲོ གཞན་ཕྱི་རྒྱལ་ལུང་པ་ལྟར་ན་ཕོ་མོ་དགའ་རོགས་གཉིས་ཁྲོམ་དུ་འཐམ་ནས་འོ་སྦྱར་གྱི་ཡོད་རེད་ཟེར། ལག་པ་འཇུས་ནས་སོང་བ་ཙམ་གྱིས་ག་རེ་ཡ་མཚན་རྒྱུ་ཡོད་དམ། འོ་ན་ཕྱི་རྒྱལ་བས་ག་རེ་བྱེད་ན་ང་ཚོས་ཀྱང་གཅིག་མཚུངས་བྱེད་དགོས་རེད་དམ། ཕྱི་རྒྱལ་བར་ལེགས་ཆ་མང་པོ་ཡོད་སྲིད་ཀྱང་ཚང་མར་ལད་ཟློས་བྱས་ན་སོ་སོའི་ངོ་བོ་བརླགས་པའི་ཉེན་ཁ་ཡོད་པ་རེད་དཱ།

 

ད་གང་ཤེས། སུས་བཤད་ཀྱང་རྒྱུ་མཚན་རེ་དང་བགྲང་རྒྱུ་ལོས་ཡོད་མོད། གང་ལྟར་ཡང་བླ་མ་སྤྲུལ་སྐུ་གཙོས་དགེ་བཙུན་གྱི་སྡེ་ནས་ནང་གི་ཉམས་ལེན་ཡོད་དགོས་དང་དགོས། ཕྱིའི་ཀུན་སྤྱོད་ལའང་འཛེམ་ཆ་ཏོག་ཙམ་གནང་དགོས་པ་ལས་ཁྲོམ་དུ་ཕོ་མོ་གཉིས་ལག་པ་འཆང་བའམ་འོ་བྱེད་པ་དེ་ཚོ་ང་ཚོའི་དགེ་བཙུན་ཚོས་ཡ་རབ་ཀྱི་སྤྱོད་པ་ཅིག་ལ་ངོས་འཛིན་མེད་པ་ཚང་མས་ཤེས་གསལ་རེད།

 

 

 

ལོ་འགའི་རྗེས་སུ་བློ་གྲོས་དེ་སྔོན་གདན་སར་སློབ་གཉེར་གྱི་བྱ་བར་ལམ་ལྷོང་མ་བྱུང་བར་བརྟེན། ཁོ་རྒྱ་གར་གྱི་ཁྲོམ་ཞིག་ལ་ཁང་པ་གླས་ནས་བསྡད། དེ་རྗེས་ཁོས་རྒྱ་གར་དུ་འཚོ་བ་དཀའ་ཚེགས་ལ་ཁྱོན་ནས་མ་བཟོད་པར་ཨུ་ཚུགས་ཀྱིས་རོགས་པ་དེ་བརྒྱུད་ཡུལ་གཅིག་པའམ་ངོ་ཤེས་ཁ་རྩེད་གཞན་ལ་རྒྱ་གར་སྒོར་མོ་འབུམ་བཅུ་གཉིས་གཡར་ནས་ཨ་རིར་ལས་སྟབས་བདེའི་སྒོ་ནས་འབྱོར་ཐུབ་པ་བྱུང་། ཨ་རིར་སླེབས་རྗེས་དེར་ཡོད་རིགས་མཐུན་འགས་མཐུན་སྦྱོར་རོགས་རམ་འོག་ཁང་མིག་གཅིག་ཅན་ཞིག་གླས་ནས་བསྡད། དུས་དེར་ཁོའི་མཛའ་མོའམ་ཕུ་གྲོང་ཚང་གི་བུ་མོ་དེར་ཕྲུ་གུ་བཙའ་རྒྱུ་ཡོད་པས་ནང་དུ་མོ་ལ་བལྟས་ནས་བསྡད། འོན་ཀྱང་བློ་གྲོས་དེ་སྔོན་ཁབ་རྩེ་ཙམ་ལའང་ལག་པ་འཆང་མྱོང་མེད་པ་མ་ཟད། ལག་ལས་ཀ་གང་ཡང་མི་འཇོན་པ་ཙམ་མ་ཟད། ཨིན་སྐད་ཀྱང་ཡིག་འབྲུ་རེ་འགའ་ལས་མི་ཤེས་པས་ཨ་རིར་ལས་ཀ་སྤུས་དག་ཅིག་དང་རག་རྒྱུ་ཕར་ཟད། རྒྱུན་གཏན་གྱི་འཚོ་བར་དགོས་མཁོའི་འགྲོ་ལུགས་ཟ་སྟངས་ཙམ་ཡང་མི་ཤེས་པར་ཡུན་རིང་ལུས། སྐབས་དེར་བློ་གྲོས་ཀྱི་སེམས་ཧ་ཅང་མི་དགའ་ཞིང་རྒྱུན་དུ་ནས་ཁོང་ཁྲོ་ཆེན་པོ་ལང་ཞིང་ཕྱི་ནས་ནང་དུ་ཡོང་བ་ཙམ་གྱིས་ཁོའི་བཟའ་ཟླ་མོར་ཁ་ངན་ཚིག་རྩུབ་ཆར་པ་འབབ་འབབ་བྱེད་སྲོལ་ཡོད། བཟའ་ཟླ་མོ་སེམས་སྡུག་ཆེན་པོས་ཁོའི་སྤྱོད་ངན་ལ་བཟོད་ཅིང་ལོ་ཕྱེད་ལྷག་རྗེས་མོས་ཕྲུ་གུ་བུ་ཞིག་བདེ་བར་བཙས་རྗེས་ཀྱང་བློ་གྲོས་དང་མཉམ་དུ་མགྲོན་ཁང་དུ་མཉམ་སྡོད་བྱས་པའི་ཚུལ་ལས་བཟའ་ཟླའི་འདུ་ཤེས་ག་ལེར་བརླགས་བཞིན་པ་ཡིན་སྟབས་མོ་རང་སོ་སོའི་ཁང་ཆུང་དུ་སྡོད་རྒྱུ་ཇེ་ཉུང་དང་ཕྱི་ལ་ངོ་ཤེས་སར་འགྲོ་རྒྱུར་དགའ་པོ་བྱེད་འགོ་བརྩམས།

 

 

 

 

དེ་ནས་ལོ་གཅིག་གི་རྗེས་སུ་གྲོགས་པོ་ཞིག་གིས་བློ་གྲོས་ལ་ཟ་ཁང་དུ་ཕོར་པ་འཁྲུ་ཆོག་པའི་ཞོར་ལས་ཅིག་འཚོལ་རོགས་བྱས། བློ་གྲོས་ཧ་ཅང་མི་འདོད་ཀྱང་ལས་ཀ་དེར་ཡུན་ཐུང་ནང་མི་འགྲོ་ཁག་མེད་དུ་གྱུར། འོན་ཀྱང་ཁོས་ལས་ཀ་གང་བྱེད་ཀྱང་ཧ་ཅང་དལ་ཞིང་། དམིགས་བསལ་དུ་ཐེངས་ཤིག་ཁོས་གསང་སྤྱོད་ཀྱི་གཅིན་རྫའི་ནང་གི་ནད་འབུ་གསོད་བྱེད་ཀྱི་རྫས་ཆུ་ཞིག་གིས་ཕོར་པ་འཁྲུས་འདུག་པར་ཟ་ཁང་གི་སྦྱིན་བདག་ཁོང་ཁྲོ་མེ་ལྟར་འབར་བཞིན་ཁོ་དེ་མུར་ལས་ཀ་ནས་ཕྱི་ཕུད་བཏང་འདུག སྦྱིན་བདག་གིས་ཟེར་ན། བློ་གྲོས་ནི་བོད་པ་སྐྱབས་བཅོལ་བ་ཞིག་ཡིན་པ་ཤེས་ནས་ཁོ་ལ་སྙིང་རྗེ་ཁོ་ན་སྒོམ་ནས་ལས་གནས་ནས་ཕྱི་ཕུད་བཏང་བཞག་པ་ཙམ་ལས་ཡུལ་མི་གཞན་ཞིག་ཡིན་ན་ཁོས་མི་དེ་དེ་འབྲེལ་གྱི་ཁྲིམས་ཁང་དུ་བསྐྱེལ་རྒྱུ་ཐེ་མི་ཚོམ་སོགས་ཀྱང་ཟེར་སྐད་འདུག དེ་ནས་བློ་གྲོས་ཀྱིས་མ་བུ་གཉིས་གསོ་དགོས་པ་དུས་མཚུངས་ཤུགས་ལས་སམ་གཙང་སྦྲའི་ལས་གང་ཡང་ལེགས་པོ་མི་འཇོན་པར་དེ་ལྟར་སྐྱ་ཟད་སྔོ་ཐུག་ལ་སླེབས་དུས་ཁོས་སླར་ཡང་བོད་དུ་དགོན་ཆུང་དང་གཉེན་ཉེར་འབྲེལ་བ་བྱས་ཏེ་ཕ་ཡུལ་ནས་དངུལ་ཕོན་མི་ཉུང་བ་ཞིག་རག དེའི་སྐབས་སུ་བློ་གྲོས་ཀྱིས་ཕྱི་ནས་རྒྱལ་ཁབ་གཞན་གྱི་བུད་མེད་ཅིག་དང་ཁ་བརྡ་ཉུང་ཙམ་བྱས།

 

ཁོས་ཕྱི་སྐད་དེ་ཙམ་མི་ཤེས་ཀྱང་ཁོ་ལ་ངོ་རྫིག་པོ་ཞིག་ཡོད་པའམ་ཚིག་སྙན་པོ་འགའ་ཤེས་པ་དེ་ཚོ་ཡང་ནས་བསྐྱར་དུ་བཤད་དེ་མགོ་སེར་བུད་མེད་དེ་དང་དགའ་རོགས་བསྒྲིགས། དུས་དེར་ཁོའི་བཟའ་ཟླའམ་ཕུ་གྲོང་ཚང་གི་བུ་མོ་དེ་ནི་ཁོ་ལ་མཚོན་ན་འཚོ་བའི་རྡོག་འཕྲིས་ལྕི་མོ་ཞིག་ཏུ་གྱུར་ཟིན་ཞིང་། ཁོས་བསམ་བློ་དྲུག་གསུམ་བཅོ་བརྒྱད་བསྐོར་ནས་ཁོའི་ཟླ་མོ་དེ་གཡུག་བརྩིས་བྱས། དེ་རྗེས་ཁོས་གཡོ་རྫུས་ཆེན་པོས་བཟའ་ཟླ་མོས་ཕྱི་ནས་ཁོ་རང་མེད་སར་གཞན་དང་དགའ་རོགས་བསྒྲིགས་ཡོད་པ་མ་ཟད་དེ་དང་མཉམ་དུ་ཉལ་གྱི་ཡོད་ལུགས་ཀྱང་ཧམ་བཤད་རི་ཙམ་བཤད་དེ་ཁྲིམས་ཁང་བརྒྱུད་བཟའ་ཟླ་མོ་དང་བཟའ་འཐོར་བཟོས། སྐབས་དེར་ཁྲིམས་ཁང་ནས་བཟའ་ཟླ་མོར་བུ་རྒྱུད་གསོ་བའི་མ་རྩའམ་དཔལ་འབྱོར་གྱི་ཆ་རྐྱེན་འདང་ངེས་མེད་པའི་གནས་སྟངས་ལ་གཙོ་བཟུང་གིས་བུ་དེ་ཨ་ཕར་ཐོབ་རྒྱུ་ཐག་བཅད། བཟའ་ཟླ་མོས་ཁྲིམས་རའི་ནང་དུ་སོ་སོའི་ཆེད་དུ་ར་སྤྲོད་སྤུ་ཙམ་བྱེད་མ་ཐུབ་ཅིང་ཧོན་འཐོར་ནས་ལུས། འོན་ཀྱང་མོ་རང་ཁྲིམས་རའི་ཕྱིར་དོན་རྗེས་གློ་བུར་དུ་དྲན་པ་སོས་པ་ལྟ་བུས་བཟོད་མ་ཐུབ་པར་ངུ་བཞིན་མོའི་ཕ་ཡུལ་གཅིག་པའམ་ངོ་ཤེས་དེ་དག་ལ་ངུ་བཤད་བྱེད། ཁོ་་་ཁོ་་་་ཁོ་་་ངོ་མ་གདོན་འདྲེ་གསོན་པོ་དང་མི་འདོད་རྔན་ཅན་ཞིག་རེད།

 

 

 

ཁོའི་སེམས་སུ་བྱམས་དང་སྙིང་རྗེ་ཟེར་བ་སྤུ་ཙམ་ཡོད་མ་རེད། ཁོ་ཧ་ཅང་གདུག་རྩུབ་ཅན་གྱི་སྐྱེས་པ་ཞིག་རེད། སྤྲུ་སྐུ་ཞེས་པའི་མིང་དེའང་ཁོས་ཐབས་ཤེས་དང་ངོ་ཚོ་འཕྲལ་མེད་ཀྱིས་རག་ཡོད་པའི་མིང་སྟོང་ནང་གི་དཀྱལ་སྟོང་རེད། ང་ཨ་རིར་སླེབས་རྗེས་ཕ་ཡུལ་སྤུན་མཆེད་སོགས་དང་ཁ་བྲལ་ཞིང་བུའང་སྐྱེ་རྒྱུ་ཡོད་པ་མ་ཟད། ངེད་གཉིས་ཀས་ཕྱིའི་སྐད་ཡིག་ཡག་པོ་མི་ཤེས་སྟབས་ལས་ཀའང་ཡག་པོ་ཞིག་མ་རག་པར་སྡོད་དགོས་དུས་སེམས་པ་སྐྱོ་ནས་སེམས་གསོ་ཏོག་ཙམ་ཡོང་ཆེད་ཕ་ཡུལ་གཅིག་པ་གཞན་སར་མང་པོ་འགྲོ་ཤོར་གྱི་འདུག འོན་ཀྱང་སྐབས་དེར་ཁོ་རྟག་ཏུ་ཕྱི་ལ་འགྲོ་གི་ཡོད་ལ་ནང་དུ་སླེབས་དུས་ཀྱང་ང་ལ་ངོ་དཀར་ཙམ་ཡང་སྟོན་གྱི་མེད་ཁར་རྒྱུན་དུ་ཧ་ཅང་ཁོང་ཁྲོ་ལང་ནས་སྡོད་ཀྱི་ཡོད། དེའི་རིང་ཁོས་ངས་མི་མཐོང་ས་ནས་བུད་མེད་གཞན་དང་སྔོན་མ་ནས་དགའ་རོགས་བསྒྲིགས་ཚར་འདུག་ལ་ཉིན་མང་པོར་ཕྱི་ལ་བུད་མེད་དེའི་ཆེད་དུ་འདུར་བ་ལས་ངེད་མ་བུ་གཉིས་ལ་ལྟ་རྟོགས་གང་ཡང་བྱས་མ་མྱོང་། ཁོས་སྔོན་མ་ནས་ང་གཡུག་བསམ་པའི་ངན་སེམས་བཅངས་རྗེས་ངས་གཞན་དང་ངན་འབྲེལ་བྱས་པ་རེད་ཟེར་ནས་ངན་ཁག་དེ་ང་ལ་དཀྲིས་ནས་ང་ནག་པོར་བཟོས་བྱུང་། སྙིང་རྗེ། ད་རྗེས་མ་ང་རང་ག་རེ་ཡོང་ནའང་སེམས་འཕྲལ་མི་འདུག་ཀྱང་ངའི་ཉེས་མེད་ཀྱི་བུ་ཆུང་དེ་ཨ་མ་དང་ཁ་བྲལ་དགོས་ཀྱི་རེད་་་ཁོས་ངེད་མ་བུ་གཉིས་ཁ་འཕྲལ་གཏོང་སོང་། ཁོ་དེ་འདྲ་སྡུག་སེམས་གནག་པ་ལ་་་་ཝུའུ་་་ཝུའུ་་་

 

 

 

ཕུ་གྲོང་ཚང་གི་བུ་མོ་སྤྲུལ་སྐུ་བློ་གྲོས་དང་བཟའ་འཐོར་སོང་རྗེས་ཀྱི་ཟླ་བ་གཅིག་རྗེས་སུ་བློ་གྲོས་ཀྱིས་དེ་མུར་ཁོས་དགའ་རོགས་བུད་མེད་མགོ་སེར་དེ་ནང་དུ་བསུས། བུད་མེད་དེས་བློ་གྲོས་ལ་དཔལ་འབྱོར་གྱི་རོགས་རམ་གང་ཙམ་བྱས་པར་བརྟེན། བློ་གྲོས་ལ་དགོས་པའི་ཁྱད་ཆོས་གང་ཡང་མེད་ཅིང་དམིགས་བསལ་དུ་ཤུགས་ལས་སམ་གཙང་སྦྲ་སོགས་ཀྱི་ལས་ཀ་སྤྱི་བཏང་བ་ཙམ་ཡང་མི་འཇོན་ནའང་ཉུང་མཐའ་ཡང་ཁོའི་འཚོ་བའི་རྨང་གཞིར་དཀའ་ངལ་དེ་མེད་པར་ཆག

 

 

 

 

བློ་གྲོས་ཀྱི་བཟའ་ཟླ་གསར་མས་ཁོ་ལ་ད་ལྟའི་ཆར་ཨ་རིའི་ནང་མི་མང་པོས་ནང་ཆོས་ལ་དོ་སྣང་བྱེད་ཅིང་། ནང་པའི་ཆོས་ཚོགས་དང་གྲྭ་བཙུན་ཚོ་ལའང་རོགས་རམ་བྱེད་མཁན་མང་ལུགས། དེས་ན་བློ་གྲོས་ནས་སོ་སོའི་སྤྲུལ་སྐུའི་མིང་དེ་ལ་བརྟེན་ནས་ཀྱང་ཆོས་ཚོགས་ལྟ་བུ་ཞིག་བཙུགས་ཐུབ་ན་དེའི་ཐོག་ནས་ཕྱོགས་གང་ས་ནས་རོགས་དངུལ་རག་ཐུབ་ཀྱི་ཡོད་སྐོར་གྲོས་འགོ་སྟོན། ཐོག་མའི་སྐབས་སུ་བློ་གྲོས་ལ་ཆོས་ཚོགས་བཙུགས་ས་མེད་སྟབས་ཁོ་དང་བཟའ་ཟླ་མོས་ཁྱིམ་གྱི་སྐུ་མགྲོན་སྣེ་ལེན་བྱེད་ས་དེར་ཚོགས་ཁང་ཆུང་ཆུང་ལྟ་བུར་བཟོས། དེ་རྗེས་བཟའ་ཟླ་མོའི་ཕྱི་སྐད་ཏོག་ཙམ་ཤེས་པའི་དགེ་མཚན་ལ་བརྟེན། ཉེ་འཁོར་གྱི་མགོ་སེར་འགའ་ཁོའི་ཆོས་ཚོགས་སམ་ནང་དུ་ཡོང་འགོ་བརྩམས།

 

 

 

ཉིན་དེར་བཟའ་ཟླ་མོས་སྐད་བསྒྱུར་ཐོག་བློ་གྲོས་ཀྱིས་མགོ་སེར་རྒས་མོ་ཞིག་ལ་སྡུག་ཡུས་བཤད་ཅིང་མཆི་མ་མེད་པའི་མིག་སྐམ་པོ་གཉིས་འཕུར་ཙམ་འཕུར་ཙམ་བྱེད་བཞིན། འོ་དེ་འདྲ་བྱས་ནས་ང་ཚོར་ལམ་བར་ནས་དཀའ་ལས་ཧ་ལས་པ་མང་པོ་མྱངས། ལྕམ་སྐུ་ཞབས་ལགས། ང་དང་རོགས་པ་ཚོ་ཏོག་ཙམ་མ་གཏོགས་ལམ་བར་དུ་ཤི་གྲབས་ཀྱང་བྱས། ཨུན་ཨུན་་་་སྐད་ཆ་བཤད་མཚམས་འདིར་སླེབས་དུས་བློ་གྲོས་ཀྱིས་ལག་གཉིས་ནས་ངོ་བཀབ་སྟེ་ངུ་ངག་ཏོག་ཙམ་ཡང་འབྱིན། དགོངས་དག ང་རང་སེམས་ཀྱི་སྡུག་ངལ་བཟོད་མ་ཐུབ་པ་ངུ་ཤོར་སོང་་་། དགོངས་དག ་་་་་་

 

དེ་རྗེས་དཀོན་མཆོག་གི་བཀའ་དྲིན་ཉག་ཅིག་དང་ང་རང་གིས་དེ་སྔོན་དགེ་བའི་ནང་ཆོས་ཉམས་ལེན་གྱི་བསོད་ནམས་ཉམས་རྟོགས་ཡག་པོ་བསགས་ཡོད་པའི་རྐྱེན། དེ་བཞིན་ངས་མ་སེམས་ཅན་ཐམ་ཅད་ལ་བྱམས་དང་སྙིང་རྗེ་ཁྱད་དུ་འཕགས་པ་དེ་སྒོམ་ནས་ཉམས་སུ་ལེན་གྱི་ཡོད་པས་ང་སྡུག་ངལ་ཆེན་པོ་དེ་ནས་ཐར་ཞིང་ང་དང་ངའི་ལམ་རོགས་ཚོ་བདེ་བརླག་ངང་རྒྱ་གར་དུ་འབྱོར་ཐུབ་པ་བྱུང་བ་རེད། ལྕམ་སྐུ་ཞབས་ལགས། ཁྱེད་ཀྱིས་གུས་པར་སྙིང་རྗེ་སྒོམ་པ་སེམས་གཏིང་ནས་ཐུགས་རྗེ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། རྗེས་མར་ཁྱེད་ཀྱིས་ངའི་ཆོས་ཚོགས་ལ་རོགས་རམ་རྒྱ་མི་ཆུང་བ་གང་ཐུབ་གནང་སྐྱོང་ཡོད་པ་ཞུ། འོ་དེ་འདྲ་རེད་ཡ། ང་ཚོ་ལམ་རོགས་ཚོར་ལམ་འགྲོ་རྒྱུགས་པ་རེད་མ་གཏོགས་སྤྱི་བཏང་བོད་མི་ཡུལ་གྱར་བ་ཧ་ཅང་མང་པོ་ལམ་བར་དུ་གནམ་གཤིས་གྲང་དྲག་ནས་ཤི་འགྲོ་གི་ཡོད་རེད་་་་་་

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།