ཨོ་གླིང་དུ་བུད་མེད་ཀྱི་ཐོབ་ཐང་།

images/stories/253.jpg

ཨོ་གླིང་དུ་བུད་མེད་ཀྱི་ཐོབ་ཐང་།

Australia’s women right

澳洲的婦女權益

 

 

 

དེ་སྔོན་ཟིན་རྩོམ་ཞིག་ཏུ་ཨོ་གླིང་གི་བུད་མེད་ཚོར་ཐོབ་ཐང་ཆེ་ལུགས། དཔེར་ན་སྤྱིའི་ཁ་དཔེ་ལྟར་ན་ཨོ་གླིང་དུ་ཐོབ་དབང་གི་གོ་རིམ་ལྟར་ན། ཕྲུ་གུ་ཨང་དང་པོ། བུད་མེད་ཨང་གཉིས་པ། ཁྱི་གཙོས་ཁྱིམ་སྒོའི་དུད་འགྲོ་རིགས་ཨང་གསུམ་པ། སྐྱེས་པ་ཚོ་ཨང་བཞི་པ་བཅས་བརྩི་སྲོལ་ཡོད་པའི་སྐོར་བཤད་ཡོད་བསམ་སོང་། དེའི་ནང་ཚབ་ཆེ་ཤོས་ནི་གལ་ཏེ་སྐྱེས་པས་བུད་མེད་ལ་ལག་པ་བཀྱག་ནས་རྡུང་བ་ཙམ་གྱིས་ཁྲིམས་ཐག་ལོ་ཕྱེད་བཅད་རྒྱུར་ཐེ་ཚོམ་མི་དགོས་པ་རེད་འདུག

 

 

ད་དེ་རིང་ཡང་ཨོ་གླིང་དུ་བུད་མེད་སྐོར་གྱི་གནས་ཚུལ་ཉུང་ཙམ་ཕྱོགས་བསྡུས་ཞུས་པ་གཤམ་གསལ།

 

 

ལོ་ཤས་སྔོན་ནས་བཟུང་རྒྱལ་སྤྱིའི་བུད་མེད་དུས་ཆེན་དང་འབྲེལ་དེ་ཚོའི་ཐོབ་ཐང་དང་ཕོ་མོ་འདྲ་མཉམ་ Gender Equality སྐོར་མ་ཉུང་བ་ཞིག་གླེང་སོང་། འདིར་ཨོ་གླིང་གི་ཕོ་མོ་འདྲ་མཉམ་སྐོར་གང་ཤེས་ཉུང་བསྡུས་ཤིག་གླེང་ན་བསམ། ཤེས་གསལ་ལྟར་ན་ཨོ་གླིང་གཞུང་གིས་ཕྱི་ལོ་ ༢༠༡༠ ལ་བུད་མེད་སྲུང་སྐྱོར་གྱི་ཆེད་གཉེར་བུད་མེད་དང་བྱིས་པར་རྩུབ་སྤྱོད་དམ་རྡུང་རྡེབས་ཀྱི་དྲག་པོའི་བྱ་ངན་ལ་ཁ་གཏད་གཅོག་བྱེད་དམ་ངན་སྤྱོད་དེ་དག་ཇེ་ཉུང་ལ་གཏོང་ཆེད་རྒྱལ་ཁབ་ཀྱི་ལས་འགུལ་འཆར་འགོད་འདི་

 

The National Plan to Reduce Violence against Women and Children 2010–2022

 

བཏོན་ཡོད་པ་རེད་འདུག ལས་འཆར་དེར་ལོ་གསུམ་རེ་མཚམས་ནས་སྐྱར་ཞིབ་རེ་དགོས་པ་མ་ཟད། གྲོང་བརྡལ་དང་ཞིང་ཆེན་རིམ་པའི་སྲིད་གཞུང་ཁག་གིས་ཀྱང་ལས་འཆར་དེར་བརྟེན་ནས་ས་ཁུལ་གྱི་དེ་འབྲེལ་ལས་འཆར་ཡང་གཏན་འབེབས་དགོས་པ་ཞིག་རེད་འདུག

 

 

 

གཞན་ཡང་ཨོ་གླིང་དུ་བུད་མེད་ཀྱི་ཐོབ་ཐང་སྲུང་སྐྱོར་གྱི་ཚོགས་པ་ཆེ་ཆུང་གང་མཚམས་ཡོད་པ་གོ་སོང་། གལ་ཏེ་ཨོ་གླིང་དུ་ཡོད་པའི་བུད་མེད་རྣམས་ལ་གཞན་གྱིས་རྩུབ་སྤྱོད་དང་དྲག་སྤྱོད་གང་སྤེལ་ལ་ཚོགས་པ་དེ་དག་གིས་དུས་ཐོག་དོ་སྣང་དང་བུད་མེད་ཚོར་སྲུང་སྐྱོར་བྱེད་ཀྱི་ཡོད་ཅིང་། ཚོགས་པ་དེ་ཚོས་གྱོད་གཞི་ཆེ་ཆུང་ལ་གཞིགས་ཏེ་གཞན་གྱི་རྡུང་རྡེགས་ཕོག་མཁན་བུད་མེད་ཚོར་རྒྱལ་ཁབ་ཀྱི་ཁྲིམས་ཀྱི་ཐོག་ནས་སྲུང་སྐྱོར་ཡོང་ཐབས་བྱེད་ཀྱི་ཡོད་པ་རེད་འདུག

 

 

 

དུས་མཚུངས་སུ་ངས་སོ་སོའི་ཁོར་ཡུག་ཆུང་ཙམ་འདིར་དཔག་ནས་ཤེས་རྟོགས་བྱས་པ་ལྟར་ན་ཨོ་གླིང་དུ་བཟའ་ཚང་འཐོར་ཞིག་ཏུ་འགྲོ་མཁན་ཡང་མི་ཉུང་བ་ཞིག་ཡོད་པ་མཐོང་སོང་ལ། དྲ་ལམ་གྱི་ཐོག་ནས་འཚོལ་བསྡུ་བྱས་པའི་རྒྱུ་ཆ་ལ་བལྟས་ནའང་ཨོ་གླིང་དུ་བཟའ་འཐོར་གྱི་གྱོད་དོན་ནི་གཞན་དང་བསྡུར་ན་ཚད་མཐོན་པོའི་གྲལ་དུ་སླེབས་ཡོད་འདུག

 

 

དེའི་སྐོར་སྲིད་གཞུང་ནས་དེ་འབྲེལ་གྱི་ཁྲིམས་ལུགས་བཅས་ཏེ་བཟའ་འཐོར་ཉུང་དུ་ཡོང་རེའམ་བུད་མེད་དང་བྱིས་པའི་ཐོབ་ཐང་ཡང་སྲུང་སྐྱོར་གང་ལེགས་བྱེད་བཞིན་པ་རེད་འདུག

 

 

 

 

དཔེ་མཚོན་རེ་བཀོད་ན་བུད་མེད་ཅིག་ཆང་ས་བརྒྱབས་ནས་ལོ་བཅུ་ལྷག་སོང་རིགས་དེའི་ཚེ་དེའི་དུས་སུ་ཕྱིར་ལས་ཀ་འགྲོ་ཐུབ་མེད་པ་ཡིན་རུང་། བུད་མེད་དེས་ཁྱིམ་ཚང་ལ་ལེགས་སྐྱེས་ཕུལ་བའི་བྱས་རྗེས་ལ་བསམ་གཞིགས་ཀྱིས་བཟའ་འཐོར་སྐབས་རྒྱུ་ནོར་སོགས་ཆ་བགོས་ཀྱི་ཆ་བརྒྱ་ཆ་ལྔ་བཅུ་ནས་འགོ་བརྩམས་ནས་བུད་མེད་ལ་ཐོབ་ཀྱི་ཡོད་པ་དང་། གལ་ཏེ་སྐབས་དེར་བུད་མེད་དེར་ཕྲུ་གུ་གསོ་སྐྱོང་དགོས་པའི་ཁྲིམས་ཐག་ཆོད་སོང་ན་བུད་མེད་དེར་ཁྱིམ་གྱི་མ་དངུལ་ལམ་རྒྱུ་ནོར་ཡོངས་ཀྱི་བརྒྱ་ཆ་བདུན་ཅུ་ཐོབ་སྲིད་པ་རེད་འདུག

 

 

དེ་མིན་ཕྲུ་གུའི་ཨ་མར་སྲིད་གཞུང་གིས་ལྟ་རྟོགས་གང་ལེགས་ཡོད་པ་རེད་འདུག དེའང་ ༢༠༡༠ ལོར་ཨོ་གླིང་གཞུང་གིས་ཕྲུ་གུ་སྐྱེ་འཕེལ་སྐབས་ཀྱི་གླ་ཡོད་དགོངས་སེང་གི་ཁྲིམས་ལུགས། Paid Parental Leave ACT 2010 ཅེས་པ་དེ་གཏན་འབེབས་བཟོས་ཤིང་། རྒྱལ་ཁབ་ཀྱི་ཁྲིམས་ཐོག་ནས་བུད་མེད་ལས་འཇུག་བྱེད་བཞིན་པའི་སྐབས་སུ་ཐོབ་དགོས་པའི་རོགས་དངུལ་སྐོར་གླེང་འདུག ཁྲིམས་ལུགས་དེ་ལོ་ཕྱི་མའམ་ ༢༠༡༡ ཟླ་ ༡ པོ་ནས་བཟུང་དངོས་སུ་ལག་བསྟར་བྱས་པ་དང་། དེའང་ལོ་རེར་ཁྱིམ་ཚང་གི་ཡོང་འབབ་འབུམ་གཅིག་དང་ཁྲི་ལྔ་ལས་ཉུང་བ་ཐོབ་མཁན་ཡིན་ནོ་ཅོག་གི་ཁྱིམ་ཚང་བཟའ་ཚོར་དམིགས་ནས་ལག་བསྟར་དགོས་པའམ་བུད་མེད་དེའི་གནས་སྟངས་ལ་ཆེད་དུ་དམིགས་ནས་བཅས་པའི་ཁྲིམས་ཤིག་ཡིན་འདུག

 

 

 

ཁྲིམས་དེའི་ནང་བུད་མེད་རྣམས་ཕྲུ་གུ་སྐྱེ་དུས་གླ་ཡོད་དགོངས་སེང་སྐོར་ཁགཉིས་བཤད་ཡོད་པ་དང་པོ་ནི། སྐབས་དེར་བདུན་ཕྲག་བཅོ་བརྒྱད་དུ་གླ་ཡོད་དགོངས་སེང་ལེན་ཆོག་པ་དང་། དེའི་སྐབས་ཀྱི་གླ་ཕོག་ནི་རྒྱལ་ཡོངས་སུ་ཆ་སྙོམས་ཀྱི་ཕོག་དམའ་ཤོས་ཀྱི་ཚད་འཛིན་དགོས་ལ་དེའང་སྲིད་གཞུང་གིས་ཕྲུ་གུ་བཙའ་དུས་ཀྱི་དགོངས་སེང་དངུལ་དེ་གཏོང་དགོས་པ། གཉིས་པ་ནི་བདུན་ཕྲག་བཅོ་བརྒྱད་ནས་བདུན་ཕྲག་ང་གཉིས་ནང་ཚུད་གླ་མེད་དགོངས་སེང་གཏོང་ཆོག་པ་དང་། དེ་རྗེས་དེ་སྔོན་གྱི་ལས་གནས་སུ་་ལས་འཇུག་ཐག་ཀར་ཆོག་པའི་སྐོར་གཉིས་རེད་འདུག

 

དེའང་བུད་མེད་དེ་དག་ཕྲུ་གུ་སྐྱེས་རྗེས་དེ་སྔོན་གྱི་ལས་གནས་སུ་ཕྱིར་ལོག་ཆོག་པའི་ཐོབ་དབང་དེ་འགན་སྲུང་ཡོང་བའི་ཆེད་དུ་རེད་འདུག

 

 

ཨོ་གླིང་སྲིད་གཞུང་གིས་ལས་མི་བརྒྱ་ལྷག་ཡོད་པའི་ཚོགས་པ་གང་རུང་ནས་ལོ་རེར་ལས་ཀའི་སྙན་ཐོ་ཐེངས་གཉིས་རེར་སྟོན་དགོས་པའི་རེ་བ་བཏོན་ཡོད་པ་དང་། དེའི་ནང་གི་སྙན་ཐོ་གཅིག་ནི་ལས་མི་ཚོའི་ཕོ་མོའི་གྲངས་ཀ་བསྡུར་ཚད་གསལ་བཤད་དགོས་པའི་ཆེད་དུ་ཡིན་པ་དང་། སྙན་ཐོ་གཉིས་པ་དེ་ནི་ཕོ་མོའི་དབར་གྱི་དངུལ་ཕོག་གི་ཁྱད་པར་ཅི་ཙམ་ཡོད་མེད་གསལ་བརྗོད་དགོས་པ་རེད་འདུག

 

 

 

དེ་བཞིན་ཚོགས་པའི་ངོས་ནས་ཕོ་མོའི་དབར་གྱི་དངུལ་ཕོག་དབར་ཧེ་བར་ཇི་ཙམ་ཉུང་དུ་གཏོང་ཕྱོགས་སྐོར་བྱ་བ་གང་དག་སྒྲུབ་མིན་སྐོར་ཤེས་རྟོགས་ཆེད་དུའང་རེད་ཟེར་གྱི་འདུག སྲིད་གཞུང་གིས་ཐབས་ལམ་དེར་བརྟེན། ཚོགས་པས་ལས་བྱེད་བསྡུ་རུབ་དང་སྦྱོང་བརྡར། གོ་གནས་འཕར་གནོན་བཅས་ཕྱོགས་སུ་བུད་མེད་ཚོར་ཆེད་དུ་རྒྱབ་སྐྱོར་དང་བསྐུལ་འདེད། སྟངས་འཛིན་བཅས་ནས་འདྲ་མཉམ་གྱི་ལས་གནས་མཁོ་འདོན་ཆེད་དུ་རེད་འདུག

 

 

དེ་མིན་ཨོ་གླིང་གི་སྲིད་གཞུང་ཆེ་ཕྲ་ཆུང་གསུམ་དང་སློབ་གྲྭ་ཆེན་མོ་ཁག ཁེ་ལས་སྡེ་ཚོགས་དང་བུད་མེད་ཀྱི་ཚོགས་པ་གང་རུང་དུ་བུད་མེད་ཀྱི་འགོ་འཁྲིད་ཀྱི་ནུས་པ་གསོ་སྐྱོང་དང་ཡར་རྒྱས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་རེད་ཟེར།

 

 

 

 

བུད་མེད་ཚོགས་པ་ཁག་གིས་བུད་མེད་དབར་ཕན་ཚུན་རོགས་རམ་དང་རྒྱབ་སྐྱོར་ཡོང་ཐབས་སྐོར་བསྐུལ་འདེད་གཏོང་ཞིང་། བུད་མེད་གང་མང་ཞིག་དབང་ཆ་ཐག་གཅོད་ཀྱི་གོ་སར་ཡོང་ཐབས་བྱེད་ཀྱི་ཡོད་འདུག ལས་ཁུངས་སམ་སྡེ་ཚན་མང་པོས་བུད་མེད་ཚོར་སྤོབས་པ་ལྡན་པའི་ཐོག་འགོ་འཁྲིད་ཀྱི་ནུས་པ་གསོ་སྐྱོང་གི་ཟབ་སྦྱོང་སྤྲད་དེ་དེ་དག་ལ་ཚོགས་པ་སྟངས་འཛིན་ནམ་འགོ་འཁྲིད་ཀྱི་རྩ་བའི་ཤེས་བྱ་དང་དེའི་སྐོར་གྱི་རྒྱུ་ཆ་ཤེས་རྟོགས་ཀྱི་ནུས་པ་གསོ་སྐྱོང་། མི་མང་པོར་འགོ་འཁྲིད་ཐུབ་པའི་ནུས་པའམ་སྤོབས་པ་བཅས་སོགས་གསོ་སྐྱོང་གི་ཆེད་དུ་ཟབ་སྦྱོང་སོགས་ཐོབ་ཀྱི་ཡོད་པ་རེད་འདུག

 

 

གཞན་ཤེས་གསལ་ལྟར་ན་ཨོ་གླིང་གི་སློབ་གྲྭ་ཆེན་མོ་ཁག་ཅིག་ཏུ་བུད་མེད་དགེ་རྒན་རྣམས་ལས་ཀ་བྱེད་འགོ་བརྩམས་པའི་ལོ་ཐོག་མ་ནས་བཟུང་སློབ་གྲྭའི་ཕྱོགས་ནས་དེ་དག་ལ་ལྷན་ཚོགས་དང་འཐུས་མི་ཇི་ལྟར་གྲུབ་མིན་དང་དེ་དག་གི་དགོས་མཁོ། ལྷན་ཁང་དུ་སོ་སོ་འི་ནུས་པ་ཇི་ལྟར་མཐོར་འདེག་དགོས་མིན། ལྷན་ཚོགས་ནས་གནས་ཚུལ་ག་གེ་མོར་ལྟ་བ་བསྒྱུར་ཐབས་ཇི་ལྟར་དགོས་མིན། སྒེར་གྱི་ནུས་པ་གསོ་སྐྱོང་བྱེད་པ་དུས་མཚུངས་ཚོགས་པ་ལའང་ནུས་པ་བཏོན་ནས་ལེགས་སྐྱེས་ཇི་ལྟར་ཕུལ་ཐུབ་མིན་ལ་སོགས་པ་ལས་གནས་རང་དུ་སྒེར་ལ་དགོས་པའི་ཧ་ཅང་ཁ་ཡོད་ལག་ཡོད་ཀྱི་འགོ་འཁྲིད་ཀྱི་ནུས་པའི་སྐོར་ཟབ་སྦྱོང་སྤྲོད་ཀྱི་ཡོད་འདུག

 

 

 

ངས་བསམ་ན། སྔ་རྗེས་སུ་ཨོ་གླིང་དུ་འབྱོར་ཟིན་པའི་རིགས་མཐུན་ཚོའང་དེ་སྔོན་མཐོང་མ་མྱོང་བ་དག་མཐོང་ཞིང་། མྱངས་མ་མྱོང་བའི་དཀའ་ངལ་ཡང་མྱོང་ཡོད་པ་དུས་མཚུངས་དེའི་ནང་ལ་ལས་དེ་སྔོན་སོ་སོར་ཕོ་མཆོག་མོ་དམན་གྱི་ལྟ་བའམ་ཀླད་རྙིང་མཁྲིགས་བཟུང་གིས་སོ་སོའི་བཟའ་ཟླར་གཡོག་མོ་དག་མ་ལས་མཐོང་གི་མེད་ཅིང་། ཁྱིམ་ཚང་དུ་སྐྱེས་པ་ཚོའི་སྣང་བར་མ་འགྲོ་ན་ཁྱིམ་གྱི་བདག་མོའམ་དྭངས་བླངས་ཀྱི་གཡོག་མོ་དེ་དག་ལ་གང་བྱུང་གིས་བཅའ་རྡུང་ཆོག་ཅིང་། བྱ་ངན་དེ་འདྲར་བརྟེན་ནས་སྒེར་སེམས་ཆེ་བའི་ཁོང་ཁྲོ་ཞི་ཐབས་བྱས་མྱོང་བ་དག་འདིར་སླེབས་རྗེས་ཅི་ཙམ་མི་འདོད་ཅིང་ཁོང་ཁྲོས་ལུས་བསྲེག་ལ་རན་པའི་ཚོད་དུ་སླེབས་ཀྱང་སྒེར་གྱིས་སྡུག་སྒོམ་རྒྱག་དགོས་པ་དུས་མཚུངས་ནང་གི་བཟའ་ཟླ་དང་ཨ་མ། མནའ་མ་དང་བུ་མོ་བཅས་བུད་མེད་རིགས་ལ་ལྟ་ཤེས་བསྟུན་མཁས་གང་ཤེས་དགོས་པ་དེ་བསམ་ཡོང་དུས་ང་རང་ལྐོག་ནས་ཁོང་དགོད་ཤིག་ཤིག་ཀྱང་ཤོར་མྱོང་། ཧ་ཧ་ཧ།

 

 

དྲ་རྩོམ་ཁག་ནས་སྤེལ་བའི་རྒྱུ་ཆ་ལྟར་ན།

༢༠༡༧ ལོར་ཕྱོགས་བསྡོམས་བྱས་པའི་བུད་མེད་བདེ་འཇགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཨང་རིམ།

 

དང་པོ། ཨཱོ་གླིང་།  Australia

གཉིས་པ། མཱ་ཊ། Malta

གསུམ་པ། ཨཱེ་ཟི་ལན་ཊ། Lceland

བཞི་པ། ཉུའུ་ཙི་ལན་ཊ། New Zealand

ལྔ་པ། ཁཱ་ན་ཊ། Canada

དྲུག་པ། པཱོ་ལན་ཊི། Poland

བདུན་པ། མཱོ་ན་གྷོ། Monaco

བརྒྱད་པ། ཨེ་ཟི་རེལ། Israel

དགུ་པ། ཨཱ་རི། USA

བཅུ་པ། ལྷོ་ཀཱོ་རི་ཡ། South Korea

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།