རྒྱ་མོ་རྒས་ཁོག་འདི།

images/stories/45/000/Resized/pink-heart-love-art.jpgརྒྱ་མོ་རྒས་ཁོག་འདི།

This old Chinese woman

這漢族老婦

ང་ལས་ཀ་བྱེད་ས་ལམ་བར་དུ་རྒྱ་མོ་ལོ་རྒན་མ་འདི་དང་རྒྱུན་དུ་ཐུག་གི་འདུག་མོད། ཐོག་མའི་སྐབས་སུ་མོས་ང་ལ་འཛུམ་མུལ་མུལ་འདྲ་བྱེད་ཀྱི་འདུག་པར་ངས་ཀྱང་འཛུམ་གྱིས་ལན་སྤྲད་ཀྱིི་ཡོད། འོན་ཀྱང་དྲང་པོ་བཤད་ན་ངའི་སེམས་གཏིང་ནས་ཁྱོད་ཀྱིས་ཀྱང་ང་ལ་ཤར་གླིང་པའི་ངོ་གདོང་ཞིག་ཡོད་པའི་རྐྱེན་གྱིས་ངའང་ཁྱོད་ལྟ་བུ་རྒྱ་མོ་ཞིག་རེད་བསམ་ཡོད་འགྲོ་ཅེས་ཁོང་དགོད་དང་སྦྲགས་ཏེ་ངས་མོ་ལ་ཁ་ཡ་དེ་ཙམ་བྱེད་སྙིང་མ་འདོད། དེ་འདྲ་དགོས་དོན་ནམ་རྒྱུ་མཚན་གཙོ་བོ་གང་ཡིན་མིན་ལ་བལྟས་ཡོང་དུས་སོ་སོ་བདག་འཛིན་ཆེ་ཐོག་ཕ་རོལ་པོ་དེ་རྒྱ་མོ་ཡིན་པ་ཙམ་གྱིས་རེད་འདུག

ལོག་ལྟ་ལ་རྒྱུ་མཚན་ཡང་དག་ཅིག་མི་དགོས་པ་ངས་ཤེས་ཀྱང་མི་ཟེར་བ་འདི་ཁྱད་མཚར་འདྲ་རེད། མཚམས་རེར་རྒྱུ་མཚན་ཡང་དག་མིན་པ་ཤེས་བཞིན་དུ་དེ་འདྲ་བྱེད་ཤོར་འགྲོ འོན་ཀྱང་ཉེ་དུས་ནས་བཟུང་ངེད་གཉིས་ཁ་བརྡ་བྱེད་འགོ་བརྩམས་པ་ཡིན།

དེའང་ཉིན་ཞིག་ང་ལས་མཚམས་བཞག་ནས་སྤང་གི་ལྡུམ་ར་ཆེན་པོ་དེར་འབྱོར་དུས་རྒས་མོ་ང་སྔོན་མ་རྒྱུན་དུ་སྤང་དབུས་སུ་ཡོད་པའི་ངལ་གསོ་སའི་ཤིང་གི་བྱང་ཁྲི་དེར་བསྡད་འདུག ང་རང་ཡང་སྔར་གྱི་གོམས་གཤིས་ལྟར་འདི་ནས་ལས་མཚམས་བཞག་དུས་འདིར་ཏོག་ཙམ་ངལ་གསོ་ཡི་ཡོད་སྟབས་དེར་ཐད་ཀར་སོང་ནས་རྒྱ་མོར་འཛུམ་ཙམ་བྱས་རྗེས་སོ་སོ་ཟུར་ཞིག་ལ་མར་བསྡད་དེ་ཆུ་དམ་ཡར་ལེན་ནས་ཆུ་འཐུང་།

 

 

རྒྱ་མོས་དེ་མུར་ང་ལ་ཕྱིར་བསྐོར་ནས་རྒྱ་སྐད་ཐོག་ནས་ཁྱོད་རྒྱ་ནག་(ཀྲུང་གོ་མི།) ཡིན་ནམ། ཞེས་ཟེར། སྐད་ཆ་དེ་ཐོས་མ་ཐག་ངས་སོ་སོའི་དེ་སྔོན་གྱི་ཚོར་སྣང་དེ་ནོར་མི་འདུག་ཨ་བསམ་བཞིན་ང་ཀྲུང་གོ་མི་མིན། ང་བོད་པ་ཡིན། ཞེས་བཤད་པར་མོས་བོད་པ་ཀྲུང་གོའི་ཁོངས་སུ་མ་རེད་དམ་ཟེར། ངས་མོས་མི་ཤེས་ཤེས་མདོག་འདྲ་བཤད་པར་སེམས་ནང་དགོད་བྲོ་ཞིང་སྣང་ཆུང་འདྲ་འཆར་ཡང་སེམས་ཚོར་ངོ་མ་དེ་བསྲན་ནས། ང་ཚོ་བོད་པ་དེ་སྔོན་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་ཅིག་རེད། ང་ཚོ་བོད་ཀྱིས་རྒྱ་ནག་དབང་སྒྱུར་ཡང་བྱས་མྱོང་བ་རེད། ལོ་རྒྱུས་དེ་ཁྱོད་ཀྱི་ཤེས་སམ། ཞེས་པར་མོས་ངས་བོད་དེ་སྔོན་རང་བཙན་ཡིན་པ་མི་ཤེས། ཀྲུང་གོ་ལ་གྲངས་ཉུང་མི་རིགས་ང་དྲུག་ཡོད་པའི་ནང་བོད་པ་གཅིག་རེད་ཟེར་ནས་གོ་མྱོང་། ཟེར་བར་ངས་ཀྱང་ཤེས་ཀྱི་ཡོད། ཁྱོད་ཀྱིས་ད་ལྟ་བོད་རྒྱ་ནག་གཞུང་གི་དབང་སྒྱུར་འོག་ཡོད་པའི་སྐོར་བཤད་ཀྱི་ཡོད་པ་འདྲ། འོན་ཀྱང་ལོ་རྒྱུས་ཐོག་བོད་རང་བཙན་རེད། ཁྱད་མཚར་བ་ཞིག་ལ་རྒྱ་མི་རིགས་མང་པོས་དེ་ཤེས་ཀྱི་མི་འདུག སེམས་སྐྱོ་བ་ལ། ཁོ་ཚོས་དེ་ཤེས་འདོད་ཀྱང་བྱེད་ཀྱི་མི་འདུག འོན་ཀྱང་ཁོ་ཚོས་དོན་དངོས་ཤེས་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ད་ལྟའི་དུས་སུ་ཡིན་ཡང་ང་ཚོའི་བོད་རིགས་གཞོན་སྐྱེས་ཚོས་བོད་རང་བཙན་རྩོད་ཀྱི་ཡིན། རྒྱ་ནག་དམར་པོའི་གཞུང་འོག་སྡོད་ཀྱི་མིན་ཟེར་གྱི་ཡོད་རེད་ལ་དེའི་ཐོག་ནས་ལས་འགུལ་ཡང་སྤེལ་གྱི་ཡོད་རེད། ང་དགུ་ལོར་རྒྱ་དམར་བོད་དུ་བཙན་འཛུལ་བྱས་རྗེས་བོད་ལ་མི་ཤི་རྟ་འགྱེལ་མང་པོ་བཟོས་པ་རེད། ད་བར་བོད་མི་བརྒྱ་དང་རེ་གྲངས་ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ནས་ངོ་རྒོལ་བྱས་པ་རེད། ཁོང་ཚོས་གཞན་ལ་ཁབ་རྩེ་ཙམ་གྱི་གནོད་སྐྱོན་མ་བཟོས་པར་སོ་སོ་བློས་བཏང་ནས་རྒྱ་ནག་དམར་པོའི་གཞུང་ལ་ངོ་རྒོལ་བྱས་པ་རེད། ཡང་གཅིག་བཤད་ནས་དཔེ་བཞག་ན་ཁྱོད་ཀྱི་ཕ་མ་སྤུན་མཆེད་ལ་ཕ་རོལ་པོས་གནོད་འཚེ་གཏོང་ནས་ཚེ་སྲོག་ལ་ཉེན་ཁའི་ཚོད་དུ་སླེབས་ན་ཁྱོད་ཀྱིས་ནུས་ཤུགས་ཡོད་རྒུས་རྒོལ་ལན་བསློག་ངེས་པ་རེད། ཕ་རོལ་པོ་གསོད་དགོས་བསམ་པའང་དྲན་སྲིད། དེ་མིན་གཞན་གྱིས་དེ་འདྲ་འུ་ཐུག་ཐབས་ཟད་དུ་ལྷུང་དུས་ཁོ་ཚོས་མེ་མདའ་དང་གྲི ལག་ཏུ་ཅི་ཐོག་གིས་མཚོན་ཆ་སྤྱོད་དེ་རྒོལ་འཛིང་བྱེད་སྲིད་པར་ཐེ་ཚོམ་མི་དགོས། འོན་ཀྱང་ང་ཚོའི་ཆ་ནས་གཞན་ལ་གནོད་འཚེ་མི་གཏོང་བ་རང་གི་སྲོག་བློས་གཏོང་གིས་བདེན་པ་བསྒྲགས་ཀྱི་ཡོད་རེད། དེ་བས་ད་བར་གྲངས་ཀ་བརྒྱ་དང་དྲུག་བཅུ་རེ་གྲངས་ཟིན་ཡོད། དེ་དག་ནི་དམར་གཞུང་འོག་ཏུ་ཡོད་པའི་སྐྱ་སེར་ཕོ་མོ་རྒན་གཞོན་དབྱེ་མེད་དག་དག་རེད། དེའི་ནང་ཕ་མ་སྤུན་མཆེད་ཡོད་མཁན་ཤ་སྟག་རེད། ང་ཚོའི་སེམས་ལ་སྡུག་ངལ་ཆེན་པོ་ཡོད་པ་གཞན་གྱི་ཤེས་ཀྱི་མ་རེད།

 

དམིགས་བསལ་དུ་ཁྱོད་ཚོའི་རྒྱ་མི་ཚོས་དེ་ཤེས་ཀྱི་ཡོད་མ་རེད། ང་ཚོས་སོ་སོའི་མི་རིགས་ཀྱི་སྡུག་ངལ་ཆེན་པོ་དེ་སེམས་ནང་སྦས་ནས་འགྲོ་དགོས་པ་རེད། ང་ཚོའང་མིའི་ཆ་ཤས་ཡིན་པའི་ངོས་ནས་འུ་ཐུག་པའི་དུས་འབྱུང་ན་མི་བསད་རྟ་འགྱེལ་ཡང་བྱ་སྲིད་པ་རེད། ཡིན་ཡང་ང་ཚོའི་གོང་ས་མཆོག་ཏཱ་ལའི་བླ་མས་རྒྱུན་དུ་ནས་ནང་ཆོས་ཀྱི་ལྟ་བ་གསུང་ནས་མི་ལ་གནོད་འཚེ་གཏོང་རྒྱུ་མེད་ལུགས་དང་། དགྲ་བོ་ཡིན་ནའང་དེ་གྲོགས་པོར་བསྒྱུར་བའམ་འགུག་ཐབས་དགོས་ཚུལ། མི་ཡོད་ཚད་རང་གི་མ་ནང་བཞིན་སྐྱོང་དགོས་ལུགས་ནི་ནང་ཆོས་ཀྱི་དོན་ཡིན་ཞིང་། འཛམ་གླིང་འདིར་ཆེས་དགོས་མཁོ་ཆེ་བ་ནི་སེམས་ཀྱི་ཞི་བདེ་དང་བྱམས་སེམས་ཡིན་སོགས་གསུང་ཆོས་གནང་ནས་ང་ཚོའི་བོད་མིའི་སེམས་ལ་བྱམས་སེམས་དང་སྙིང་རྗེ་ཡོང་ཐབས་གནང་གི་ཡོད་པ་རེད། དེ་འདྲར་བརྟེན་ནས་ང་ཚོས་གཞན་གྱི་སྲོག་ལ་འཚེ་བ་སྤང་ནས་འཚེ་མེད་ཞི་བའི་ལས་འགུལ་ཐོག་ནས་རང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ཀྱི་ཡོད་པ་རེད་་་་བཤད་མཚམས་འདི་ཙམ་ལ་སླེབས་དུས་ངའི་ཡིད་ལ་རང་བཞིན་གྱིས་ད་ངས་རྒྱ་མོ་རྒན་འཁོག་ཅིག་ལ་འདི་ཚོ་བཤད་ནས་ཅི་ཕན་བསམ་པའི་ཚོར་བ་སྒྱིད་ལུག་མ་ཞིག་བྱུང་བས་བཤད་མཚམས་བཞག་ནས་ཏོག་ཙམ་བསྡད།

 

 

 

རྒྱ་མོས་དེ་འདྲ་བདེན་པ་ཡིན་མི་སྲིད། ངས་སྔོན་མར་དེ་ཚོ་གོ་མྱོང་ཁྱོན་ནས་མི་འདུག་ཟེར། ངས་མོའི་སྐད་ཆ་དེ་གོ་དུས་སླར་ཁོང་ཁྲོ་ལོང་བྱུང་ཡང་བསྲན་ནས་དེ་འདྲ་ཡིན་ན་ད་དུང་ཁྱོད་ཀྱིས་བོད་སྐོར་གོ་མ་མྱོང་བ་མང་པོ་རེད། རྒྱ་མི་རིགས་ཚོའི་སེམས་ནང་རྒྱ་མི་རིགས་ཆེན་པོའི་ཁེངས་དྲེགས་ཆེ་དྲག་ནས་ཁྱོད་ཚོའི་མི་མང་པོས་རྒྱ་དམར་གཞུང་གིས་ཅི་ཟེར་གང་བཤད་པ་དེ་འདྲར་ཡིན་མིན་ཙམ་ཡང་ལྟ་ལུང་མེད་པར་བོད་མི་རིགས་ནི་གསར་བརྗེ་ངོ་ལོག་པ་ཤ་སྟག་ལ་བརྩི་གི་རེད།

རྒྱ་དམར་གཞུང་གི་ཆབ་སྲིད་འཁྲབ་ནས་བཤད་བཞག་པ་དེ་ཚོ་ཇི་མ་ཇི་བཞིན་གཞན་ལའང་ལད་ཟློས་བྱེད་པ་ཙམ་ལས་བོད་ལ་དོན་དངོས་ཅི་བྱུང་རྩ་བ་ནས་ཤེས་ཀྱི་མེད་པ་དེ་ཁྱོད་རང་དང་འདྲ་པོ་ཤ་སྟག་རེད།

 

 

རྒྱ་མི་རིགས་མང་པོས་དེ་ཤེས་འདོད་ཀྱང་བྱེད་ཀྱི་མེད་པ་རེད། རྒྱ་རིགས་མང་པོས་གཞན་མི་རིགས་ཀྱི་སྡུག་ངལ་ལ་ཚོར་བ་ཡོད་མ་རེད། ཅེས་ངས་ངར་ཏོག་ཙམ་ལང་ནས་བཤད་པར་མོས་ངའི་སྐད་ཆ་ལ་ཅུང་ཉན་རྗེས་ང་ལ་མིག་ལོག་ལྟ་བཞིན་གང་ལྟར་ཡང་རྒྱལ་ཁབ་ཁ་བྲལ་གཏོང་ན་ཡག་པོ་ཡོད་མ་རེད། ང་ཚོའི་ཀྲུང་གོ་ནི་མེས་རྒྱལ་རེད། ངས་མང་པོ་བཤད་མི་ཤེས་ཏེ་མེས་རྒྱལ་ལ་ངོ་ལོག་ན་བྱ་བ་བཟང་པོ་ཞིག་རྩ་བ་ནས་ཡིན་མི་སྲིད། ངས་མོས་མེས་རྒྱལ་ཟེར་བ་ཐོས་དུས་སེམས་གཏིང་ནས་ཁོང་དགོད་ཤོར་སོང་མོད། སུའི་མེས་རྒྱལ། ཀྲུང་གོ་ངའི་མེས་རྒྱལ་མིན། ངའི་མེས་རྒྱལ་ཐུའུ་བོད་ཡིན། ངའི་རྒྱལ་པོ་སྲོང་བཙན་སྒམ་པོ་ཡིན། ངའི་བླ་མ་ཡེ་ཤེས་ནོར་བུ་ཏཱ་ལའི་བླ་མ་ཡིན། དེ་སྔོན་ངས་ཀྲུང་གོ་ངའི་མེས་རྒྱལ་ལ་གདམ་རྒྱུ་མ་བྱུང་ལ་ང་མི་འདོད་བཞིན་དུ་རྒྱ་ནག་དམར་པོའི་གཞུང་གིས་བཙན་འཛུལ་བྱས་ནས་དེ་འདྲར་གྱུར་སོང་བ་རེད། དེ་བས་ཀྱང་ང་ནང་པ་ཞིག་ཡིན། ནང་ཆོས་ནང་མེས་རྒྱལ་ཟེར་བའི་ཚིག་ཅིག་ཡོད་པ་གསུངས་ཡོད་མ་རེད། ཆོས་ནང་མི་རིགས་དང་མེས་རྒྱལ་གལ་ཆེ་ལུགས་གསུང་ཡོད་པ་མ་རེད། ཆོས་ནང་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་བདེ་སྐྱིད་དང་ལྡན་ཞིང་སྡུག་ངལ་དང་བྲལ་བ་ཤོག་ཟེར་ནས་གསུངས་ཡོད་པ་རེད། དམར་ཤོག་གཞུང་གིས་གཞན་ལ་འདོད་མོས་ཡོད་མིན་ལ་མི་ལྟ་བ་བཙན་གྱིས་མེས་རྒྱལ་ཟེར་བ་དེའི་ཆེད་དུ་ཡོངས་རྫོགས་བློས་གཏོང་དགོས་ཚུལ་བཤད་ཡོད་པ་རེད། མེས་རྒྱལ་ཟེར་བ་དེ་མི་གཅིག་གིས་དབང་སྒྱུར་རེད་དམ་ཡང་ན་མི་ཁ་ཤས་ཀྱིས་དབང་སྒྱུར་རེད། དེ་བས་མི་གཅིག་གམ་མི་ཁ་ཤས་ཀྱིས་གྲུབ་པའི་ཚན་པ་དེའི་བཙན་བཀའ་ག་རེ་གཏོང་ན་ཚང་མས་ཉན་དགོད་དོན་ག་རེ་རེད། མེས་རྒྱལ་ཟེར་བ་ཞིག་ཡོད་པའི་དབང་དུ་བཏང་ཡང་དེ་ཚང་མའི་རེད་མ་གཏོགས། མི་གཅིག་གམ་ཤོག་ཁག་ཅིག་གི་མ་རེད།

 

 

 དམངས་གཙོའི་འགྲོ་ལུགས་ཡིན་ན་མི་རེ་ངོ་རེར་གཞུང་ལ་གོང་བཀུར་དང་བསྟོད་ར། སྨད་ར་དང་སྐྱོན་བརྗོད། དེ་བས་ཀྱང་སྟངས་འཛིན་དང་དོ་དམ་ནན་པོ་བྱེད་པའི་དབང་ཆ་ཚང་མར་ཡོད་པ་རེད། དམར་ཤོག་གཞུང་གིས་ཁོ་ཚོ་དམངས་གཙོ་ཡིན་ཟེར་གྱི་ཡོད་པ་རེད། འོ་ན་མི་དམངས་ཀྱི་ལག་ཏུ་དབང་ཆ་ཅི་ཙམ་འདུག་གམ།

ཁྱོད་ཚོའི་གྲོང་གསེབ་ཏུ་ཡོད་པའི་རྒྱ་མི་ཚོས་གཞུང་ལ་སྐྱོན་བརྗོད་དང་རེ་བསྐུར་ཞུས་ནས་གཞུང་གི་དོན་དག་ཅི་ཙམ་བསྒྲུབས་སོང་། རྒྱ་ནག་གི་ཆོས་འཁོར་སྒོམ་སྒྲུབ་བྱེད་མཁན་ཚོ་ལ་རྡུང་རྡེབས་དང་གཉའ་གནོན་ཚད་མེད་བཏང་ཡོད་པ་ཤེས་སམ། ད་ལྟའི་ཆ་ལའང་སྲིད་གཞུང་གིས་རྒྱ་ནག་མི་མང་གི་ཁང་པ་བཙན་དབང་གིས་གཤིགས་གཏོར། ལྐོག་ཟ་རུལ་སྲུང་དང་ཁོར་ཡུག་འབག་བཙོག་སོགས་རྒྱ་ནག་ལ་གནད་དོན་མང་པོ་ཡོད་རེད། ངས་འདི་ནས་ཁྱོད་ལ་གཅིག་བཤད་འདོད་མིན་ལ་ཁྱོད་རང་གིས་ཀྱང་ང་ཚོའི་བོད་ཀྱི་གནས་སྟངས་ངོ་མ་ཅིའང་མི་ཤེས་དུས་ངས་འདི་ནས་ཁྱོད་ལ་གཅིག་མི་བཤད་རང་བཤད་རེད་སོགས་བཤད། ཡི་གེ་འབྲི་མཚམས་འདི་ནས་ངས་མོ་ལ་ད་དུང་གཞན་མང་པོ་ཞིག་ཀྱང་བཤད་བཞག་ཡོད་དེ་ཚང་མ་ཕྱིར་དྲན་སོས་ཀྱི་མི་འདུག་པསང་རང་གིས་ཅི་ཙམ་ཤེས་པ་དེ་འདྲ་མོའི་མི་འདོད་པའི་རྣམ་འགྱུར་ཇི་ཙམ་སྟོན་ཡང་ངས་བཤད་བཞག་ཡོད།  

 

 

དེ་ནས་མོས་ང་ལ་ཅིའང་མི་ཟེར་བ་ཏོག་ཙམ་བསྡད་སོང་། ངས་ཁྱོད་ལ་ངས་ཆེད་དུ་སུན་པོ་བཟོ་འདོད་མིན། འོན་ཀྱང་དངོས་ཡོད་གནས་ཚུལ་དེ་འདྲ་རེད། ང་ཚོ་བོད་པ་དགའ་དྲག་སྐྱིད་དྲག་ནས་མི་ཡུལ་དུ་གྱར་ཡོང་བ་རྩ་བ་ནས་མ་རེད། ང་ཚོ་སོ་སོའི་ཕ་ཡུལ་ལ་སྡོད་མི་ཐུབ་པ་བཙན་གྱིས་གཞན་ཡུལ་དུ་བྲོལ་བྱོལ་འགྲོ་དགོས་པ་བཟོ་མཁན་གཏེ་ཕོ་དེ་དམར་ཤོག་གཞུང་རེད། བོད་ཀྱི་དོན་དག་ངོ་མ་ཤེས་འདོད་ཡོད་ན་ཐོག་མ་ང་ཚོས་བོད་ཀྱི་ཁྱོད་ཚོ་རྒྱ་མི་རིགས་བཙན་གྱིས་དབང་སྒྱུར་བྱས། ད་དུང་ཁྱོད་ཚོའི་མི་རིགས་ཀྱི་འདོད་མོས་དང་སེམས་ཀྱི་དད་པ། རིག་གཞུང་དང་གོམས་གཤིས་བཟང་པོ། སྐད་དང་ཡི་གེ་ལ་འཛེམས་ཟོན་ཙམ་ཡང་མེད་པར་བཙན་གྱིས་བཅུན་ཐབས། དེ་མིན་སེམས་ཀྱི་དད་འདུན་གཙང་མ་ཡོད་མཁན་གྱི་ཆོས་ལྡན་ཞིང་ཁམས་ཀྱི་མི་དམངས་རྣམས་ལ་དེ་ཚོའི་བླ་མར་དད་པ་བྱེད་རྒྱུ་མེད་ལུགས་སོགས་བཤད་ཡོད་ན་ཁྱོད་ཚོས་ཁ་རུག་གེར་ཚུར་ཉན་ནས་སྡོད་རོགས་བྱེད་ཀྱི་རེད་དམ། དེ་འདྲ་མི་སྡོད་སར་སོ་སོ་བཞག་ནས་བསམ་བློ་གཏོང་ན་དེ་ནས་དོན་དག་རྟོགས་ཡོང་གི་རེད། ཅེས་པར་མོས་ཁྱོད་ཀྱིས་བཤད་པ་ངས་ཚང་མ་ཧ་གོ་གི་མི་འདུག་སྟེ་ཁྱོད་ཚོས་རང་བཙན་རྩོད་ན་གྱོང་སོ་སོར་རག་གི་རེད། ལྟོས་དང་། ད་ལྟ་འཛམ་གླིང་དུ་རྒྱ་ནག་གི་དཔལ་འབྱོར་དང་དམག་དོན་སོགས་ཡར་རྒྱས་སོང་བའི་རྐྱེན་གྱིས་མགོ་སེར་ཚོས་(མོས་རྒྱ་ཡིག་ཚིག་འདི་བེད་སྤྱོད་བཏང་སོང་།(鬼佬)ཡིན་ཡང་ང་ཚོར་ལྟ་སྟངས་མི་འདྲ་བ་འཛིན་གྱི་རེད། ཁྱོད་ཨོ་གླིང་དུ་སླེབས་ནས་དུས་ཚོད་མང་པོར་སོང་མེད་པ་འདྲ་མ་གཏོགས། འདིར་ཡོད་ངའི་ངོ་ཤེས་ཚོས་ཟེར་ན་མགོ་སེར་ཚོས་འདི་ནས་མི་རིགས་དབྱེ་འབྱེད་བྱེད་སྟངས་ཧ་ཅང་ཚབ་ཆེན་པོ་རེད་ཟེར། དེ་བས་རྒྱ་ནག་དར་རྒྱས་སོང་ན་འདིར་སྡོད་མཁན་བོད་པ་ཡིན་ནའང་ཀྲུང་གོ་མི་ཚང་མར་ཕན་གྱི་རེད། ཅེས་ཟེར། ང་དགོད་མོ་ཤོར་བཞིན། ལྟོས་དང་། ཁྱོད་རང་ལོ་ཚད་འདི་ཙམ་ལ་སླེབས་ཀྱང་རྒྱལ་ཞེན་དང་ཁེངས་དྲེགས་ག་ཚོད་ཅིག་མི་འདུག་གམ། ང་བོད་ནང་བསྡད་དུས་རྒྱ་གཞུང་གིས་གཙོ་བོ་ངས་སྐད་ཆ་འདྲ་མིན་བཤད་ཆོག་གི་མེད་ཟེར་ནས་ང་བཙོན་ཁང་དུ་བཅུགས་སོང་།

 

 

དེ་རྗེས་ང་ལས་འཇུག་བྱེད་པར་དཀའ་ཁག་མང་པོ་བཟོས་སོང་། ང་བོད་དུ་འཚོ་མ་ཐུབ་ནས་བཙན་བྱོལ་དུ་བྲོས་ཡོང་པ་ཡིན། བཙན་བྱོལ་དུ་ཡོང་མཁན་གྱི་ང་ལྟ་བུ་མང་པོར་རྒྱ་གར་གཞུང་དང་ཨོ་གླིང་གཞུང་གིས་ང་ཚོ་གུ་ཡངས་ཀྱིས་སྡོད་བཅུགས་སོང་། དེ་མ་ཚད་ང་ཚོས་སོ་སོའི་གཞུང་དང་མི་དམངས་ཚོས་མི་རིགས་ཀྱི་རིག་གཞུང་དང་ཆོས་དད་རང་མོས་སོགས་འགྲོ་བ་མི་ལ་རང་ཆས་སུ་ཡོད་པའི་ཐོབ་ཐང་དེ་ལོངས་སུ་སྤྱོད་བཅུག་གི་འདུག ང་ལ་ཨོ་གླིང་གཞུང་ནས་སློབ་སྦྱོང་གི་གོ་སྐབས་སྤྲད་སོང་། ད་ལྟའི་ཆར་སོ་སོས་ཧུར་བརྩོན་བྱས་ན་ད་དུང་མདུན་ལམ་གཞན་ལའང་འབད་ཆོག་པའི་གོ་སྐབས་ཆ་ཚང་འདུག ང་ལ་བཀའ་དྲིན་གནང་མཁན་རྒྱ་གར་གཞུང་དང་ཨོ་གླིང་གཞུང་ཡིན། དེས་ན་ཁྱོད་ཀྱིས་ཟེར་བ་བཞིན་རྒྱ་ནག་འཕེལ་རྒྱས་སོང་ནས་ང་ལ་ཕན་པ་ག་རེ་ཡོད་དམ། ཞེས་བཤད། རྒྱ་མོས་ཡ་ཡ་ཡ། ད་ངས་ཁྱོད་ལ་མང་པོ་མི་བཤད། འདིར་ལོ་མང་ཙམ་སོང་རྗེས་ཁྱོད་ཀྱིས་ངས་བཤད་པའི་ནང་དོན་དེ་ཚོ་ག་ལེར་ཤེས་ཡོང་གི་རེད། ད་རྗེས་མར་ཐུག་ཡོང་ཟེར་ནས་སྣ་ཟུར་གྱི་སྐྲ་ལོ་དེ་དག་རྒྱབ་ལ་དེད་ཙམ་དེད་ཙམ་གྱིས་རླུང་ལང་པའི་ཚུལ་གྱིས་འགྲོ་བརྩིས་བྱས་སོང་། ངས་དེ་མུར་དྲང་པོར་བཤད་ན་ངས་ཀྱང་ཁྱོད་མི་དགའ་བ་བཟོ་འདོད་མེད་དེ་ཁྱོད་ཀྱིས་ཉན་འདོད་ཡོད་མེད་ལ་མ་ལྟོས་པར་ད་དངོས་ཡོད་གནས་ཚུལ་དེ་འདྲ་རེད། རྗེས་མར་ཐུག་ཡོང་། ལམ་འགྲོ་རྒྱུག་པ་ཤོག ཅེས་བཤད་དེ་ངེད་གཉིས་དེ་ནས་ཁ་བྲལ།

 

 

དེ་རྗེས་ཟླ་གྲངས་ཁ་གང་མཚམས་ཙམ་གྱི་ཉིན་ཞིག རྒྱ་མོ་རྒས་མོ་འདི་དང་ངེད་གཉིས་སྤྱི་སྤྱོད་རླངས་འཁོར་དུ་སླར་ཐུག་བྱུང་། མོས་ང་མཐོང་མ་ཐག་དགའ་མདོག་ཆེན་པོའི་སྒོ་ནས་ངའི་འཕྲིས་ལ་སླེབས་ནས་རྒྱུན་རིང་པོར་ཐུག་མ་སོང་བདེ་པོ་ཡིན་ནམ་ཟེར་བྱུང་། ངས་ང་བདེ་མོ་ཡིན་ཁྱོད་བདེའམ། ཞེས་དྲིས། མོས་ཁྱོད་རང་ལས་ཀ་བྲོལ་སོང་ངམ། ད་ལྟ་དུས་ཚོད་ཡོད་དམ། ངེད་གཉིས་ཁ་བརྡ་ཏོག་ཙམ་བྱ་འདོད་འདུག ཟེར་བས་ངས་ང་ལས་ཀ་ཚར་ཙམ་ཡིན། ཁྱོད་ལ་དུས་ཚོད་ཡོད་ན་ངེད་གཉིས་མཉམ་དུ་ཇ་འཐུང་སར་འགྲོ ཅེས་མོས་མཐུན་བྱས། དེ་ནས་ངེད་གཉིས་ཅི་ཡིན་ཆ་མི་འཚལ་བའི་སྒོ་ནས་གྲོགས་པོ་རྙིང་པ་ཐུག་པ་ནང་བཞིན་ཉེ་འཁོར་གྱི་ཇ་ཆང་ཆུང་ངུ་ཞིག་ཏུ་མཉམ་དུ་སོང་།

 

 

མོས་སྣེ་ལེན་བྱེད་སར་སོང་ནས་ཇ་མངགས་སོང་། ངས་ཚིགས་ཇ་འཐུང་གི་མེད་ཅེས་པར་མོས་གཞན་འོ་ཞོའམ་དཀྲི་དཀར་གྱི་ཁུ་བ་ཞིག་མངགས། དེ་ནས་ངས་ད་རས་ངས་སྦྱིན་བདག་དོན་གྱི་ཡིན། ཁྱོད་རང་དེ་རིང་སྐྱིད་པོ་ཡོང་བ་ཤོག ཅེས་བཤད་དེ་ངེད་གཉིས་ཉེ་འགྲམ་གྱི་མེ་ཏོག་དང་ཚིགས་ཇ་མཉམ་དུ་བཙོང་སའི་ཇ་ཁང་ཆུང་ངུ་དེར་མཉམ་དུ་མར་བསྡད། མོས་ང་ལ་ངེད་གཉིས་མ་ཐུག་ནས་རྒྱུན་རིང་པོར་སོང་། དེ་རིང་ཁྱོད་བདེ་མོ་ཡིན་པའི་རེ་བ་ཡོད། ད་ཐད་ཀར་བཤད་ན་དེ་སྔོན་ཁྱོས་བོད་ཀྱི་སྐོར་བཤད་པ་དེ་ཚང་མ་བདེན་པ་རེད་འདུག དེའང་ངའི་བུ་སར་སྡོད་ཡོད་སྟབས་ཁོ་ལ་ཨོ་གླིང་འདིར་སློབ་གྲོགས་དང་ངོ་ཤེས་ཁག་ཅིག་ཡོད། ཁོ་ཚོས་ཀྱང་ངའི་བུའི་ནང་ལ་ཡོང་དུས་ང་ལ་བོད་ཀྱི་སྐོར་དང་། རྒྱ་ནག་ཏུ་ཆོས་འཁོར་སྒོམ་སྒྲུབ་ཚོགས་པའི་གནས་སྟངས་སྐོར་མང་པོ་བཤད་བྱུང་། ངས་དེ་སྔོན་ངོ་མ་ཆབ་སྲིད་དེ་ཙམ་ཤེས་ཀྱི་མེད་ལ། དེར་དོ་སྣང་ཡང་མེད། འོན་ཀྱང་ང་འདིར་བུས་སྐད་གཏོང་ནས་ངས་ཚ་མོ་འཁྲིད་དེ་བུ་སར་་་གཏན་སྡོད་ཡོང་ཐབས་བྱེད་བཞིན་པ་དང་། དེའི་རིང་ཚ་མོ་ལ་ལས་ཀ་འཚོལ་ཕྱིར་དཀའ་ངལ་ཏོག་ཙམ་འཕྲད་བྱུང་། དེའང་གཙོ་བོ་མོས་ཨིན་སྐད་ཡག་མོ་མི་ཤེས་པས་རེད། འོན་ཀྱང་ང་ཚོར་ངོ་ཤེས་དེ་ཚོས་ཐུགས་འཁུར་གྱིས་ངའི་ཚ་མོ་ད་ལྟ་ཟ་ཁང་ཞིག་ཏུ་ལས་ཀ་ཐབས་ཆག་ཅིག་རག་སོང་། དེ་ནས་ངའི་བུས་ཚོ་མོའི་ཨིན་སྐད་ཡར་རྒྱས་གཏོང་ནས་ལས་ཀ་དེ་བས་ལེགས་ཙམ་ཞིག་རག་ན་བསམ་ནས་སྡོད་ཡོད་པ་རེད། དེའི་རིང་ངའི་བུའི་གྲོགས་པོ་གྲོགས་མོ་དེ་དག་ང་ཚོ་མཉམ་དུ་འཛོམས་དུས་ང་ལ་བོད་ཀྱི་སྐོར་དང་། རང་རྒྱལ་དུ་གཞུང་གིས་བསྒྲགས་བཞག་པ་ཙམ་མིན་པའི་གནས་སྟངས་ངན་པའི་དཔེ་མཚོན་ཡང་མང་པོ་བཤད་སོང་། ངས་དངོས་ཡོད་གནས་སྟངས་དེ་ཚོ་ཤེས་རྗེས་ང་ལ་མཚོན་ན་ངོ་མ་ཤུགས་རྐྱེན་ཆེན་པོ་ཐེབས་སོང་། ངོ་མ་བཤད་ན་ང་ལོ་ཆེན་པོ་དྲུག་བཅུ་བརྒལ་ཚར་མཁན་ཞིག་གིས་དེ་དག་ལ་སྣང་བ་དེ་ཙམ་བཞག་འདོད་མི་འདུག་མོད། འོན་ཀྱང་དེ་སྔོན་ངེད་གཉིས་སྐད་ཆ་ཐོག་མར་བཤད་དུས་ངས་ཁྱོད་ནི་མི་རིགས་རིང་ལུགས་ཀྱི་ལྟ་བ་མཁྲེགས་བཟུང་བྱེད་མཁན་བོད་པ་ཞིག་དང་། རྒྱལ་ཁབ་ལ་ངོ་ལོག་པའམ་ཁེངས་དྲེགས་ཚ་པོ་ཞིག་ལ་མཐོང་སོང་། གང་ཡིན་ཟེར་ན། ངའི་འདས་སོང་གི་བསམ་བློ་དང་སློབ་གསོའི་ནང་བོད་ནི་རྒྱ་ནག་གི་ཆ་ཤས་ཅིག་དང་གྲངས་ཉུང་མི་རིགས་ཅིག་ཙམ་ལས་ཁྱོད་འདྲ་བའི་གྲལ་ནི་མེས་རྒྱལ་ལ་ངོ་ལོག་མཁན་རེད་བསམ་ནས་སྣང་ཆུང་གི་ཚོར་བ་ཤུགས་ཆེན་པོ་བྱུང་། འོན་ཀྱང་དེ་རྗེས་ངས་རྒྱལ་ཁབ་ནང་གི་གནས་སྟངས་ངོ་མ་གཞན་མང་པོའང་ཤེས་པ་མ་ཟད། དམིགས་བསལ་དུ་ངའི་བུའི་གྲོགས་པོ་ཞིག་ཡོད་པ་ཁོས་ཆོས་འཁོར་སྒོམ་སྒྲུབ་བྱེད་མཁན་ཚོས་བསམ་ཡུལ་ལས་འདས་པའི་དཀའ་སྡུག་ཅི་འདྲ་མྱོང་ཡོད་མེད་སྐོར་ཞིབ་ཕྲ་བཤད་སོང་བས་ང་ལ་མཚོན་ན་ཧོན་འཐོར་དགོས་པ་ཞིག་ཡིན། ཁོས་ད་དུང་བོད་ལའང་གནས་སྟངས་གཅིག་མཚུངས་ཀྱི་སྡུག་ཆགས་མང་པོ་བྱུང་ལུགས་དང་། ཁོང་ལའང་བོད་པའི་གྲོགས་པོ་ཡོད་ལུགས་སོགས་ཟེར་བས་ངས་ཁྱོད་ཚོའི་སྐོར་ལའང་མང་ཙམ་ཤེས་ཐུབ་པ་བྱུང་། དེ་སྔོན་ངས་གང་ཡང་མི་ཤེས་པས་ཁྱོད་ལ་རྣམ་འགྱུར་ངན་པ་བཏོན་ཡོད་པར་ད་ལྟ་ངས་སེམས་ཁོངས་རུས་པའི་གསེང་ནས་དགོངས་དག་ཞུ། ཞེས་བཤད་ཞོལ་ང་ལ་ལག་ཡ་གཅིག་གཏོང་ནས་གཡུག་ཙམ་ཡང་བྱས་བྱུང་།

 

 

ངས་དུས་ཡུན་ནང་མོ་ལ་ཅི་བཤད་དགོས་མ་ཤེས་པ་གྱུར། ངས་ཀྱང་རང་དབང་མེད་པར་དགོངས་དག་བཤད་དགོས་མ་རེད། ཁྱོད་ཀྱིས་དངོས་ཡོད་གནས་སྟངས་མ་ཤེས་པ་རེད། མི་ཤེས་པ་ལ་ཉེས་པ་མེད

(不知者無罪)ཟེར་སྲོལ་ཡོད་པ་བཞིན་རེད། འོན་ཀྱང་ད་ཁྱོད་ཀྱིས་བོད་སྐོར་དང་གཞན་གྱི་སྐོར་ཡང་ཤེས་འདུག་པར་ངའང་དགའ་པོ་བྱུང་། ཁྱོད་ཀླད་རྙིང་མཁྲེགས་བཟུང་གི་རྒྱ་མི་གཞན་དང་མི་འདྲ་བ་ང་ཚོར་བསམ་གཞིགས་བྱེད་པ་ངོ་མ་ཡག་པོ་རེད། ཅེས་བཤད། མོས་ལྷ་མོ། རྗེས་མར་ངས་ཀྱང་ག་རེ་ཤེས་པ་དེ་དག་གཞན་རྒྱ་རིགས་ལ་བཤད་ཀྱི་ཡིན། ངས་བསམ་པ་རྒྱ་རིགས་མང་པོ་ང་དང་འདྲ་བ་གཞུང་གི་ཁྱབ་བསྒྲགས་དེ་དག་མ་གཏོགས་གཞན་རྒྱ་ནག་ཏུ་ལྡོག་ཕྱོགས་ཀྱི་གནས་སྟངས་སྐོར་གང་ཡང་ཤེས་ཀྱི་ཡོད་མ་རེད་བསམ་གྱི་ཡོད། དེ་བས་ང་ཚོས་རྒྱལ་ཁབ་ཀྱི་འགོ་འཁྲིད་ཚོར་སྐྱོན་བརྗོད་ཅིའང་བྱེད་མི་ཆོག་པ་འདི་ངོ་མ་ཡག་པོ་རྩ་བ་ནས་མཐོང་མ་སོང་། ང་བུ་ཁོ་ཚོས་འདི་ནས་ཨོ་གླིང་གི་དབུ་འཁྲིད་གདམ་དུས་གཅིག་འགྲིག་གི་མི་འདུག་གཉིས་འགྲིག་གི་མི་འདུག་མང་པོ་ཟེར་བ་གོ་སོང་། ང་ངོ་མ་ཨོ་གླིང་དུ་འབྱོར་རྗེས་ཀྱང་ངའི་བུའི་ཤུགས་རྐྱེན་ལྟ་བུར་ཐེབས་ནས་ངའི་རྗེས་རབས་པ་ཚོས་འདིར་ཡོང་ནས་གཙོ་བོ་དངུལ་བསགས་ཏེ་ཁ་ཡོད་ལག་ཡོད་ཀྱི་འཚོ་བ་ཉམས་ཆུང་བསྐྱེལ་ཐུབ་ན་བསམ་པ་དེ་ཙམ་ལས་གཞན་ལ་ཇུས་རྟོགས་བྱ་་བཅུག་བརྩིས་མེད། འོན་ཀྱང་ངའི་བུའི་ཕ་ཡུལ་གཅིག་པའི་གྲོགས་པོ་དེ་དག་གི་ཁ་ནས་བོད་དང་གྲངས་ཉུང་མི་རིགས་གཞན་ཤཱིང་ཅང་(新疆)དང་སོག་པོའི་蒙古)གནས་སྟངས་ཀྱང་ཅུང་ཤེས་རྟོགས་བྱུང་བས་ང་མ་རྒྱལ་ཁབ་ཀྱི་འགོ་འཁྲིད་ཚོར་བཅོས་བསྒྱུར་ཏོག་ཙམ་དགོས་འདུག་བསམ་པ་བྱུང་། འོན་ཀྱང་ངས་ཁྱོད་ལ་ངའི་ཕ་ཡུལ་དང་བུའི་སྐོར་མང་པོ་བཤད་མེད་པ་དེའང་མ་འོངས་པར་ང་རྒྱ་ནག་ཏུ་ཕྱིར་ལོག་དུས་གནས་ཚུལ་མི་ལྷག་པའི་ཆེད་དུ་ཡིན་སོགས་ཟེར།

 

 

ངས་གེ་ཡོད་མ་རེད། ངས་ཀྱང་ཁྱོད་ཀྱི་ཁྱིམ་མིའི་གནས་སྟངས་གང་ཡང་ཤེས་འདོད་མེད། གཙོ་བོ་ངས་ཁྱོད་ཚོའི་རྒྱ་མི་རིགས་ཚོས་ད་དུང་ཡང་བོད་སྐོར་མང་པོ་ཤེས་མེད་པ་རེད་བསམ་དུས་ཡིད་ཐང་ཆད་ཡོང་གི་འདུག བོད་དུ་བསམ་ཡུལ་ལས་འདས་པའི་གནས་སྟངས་མང་པོ་བྱུང་བ་དེ་ཚོ་ཁྱོད་ཚོས་ཤེས་ཀྱི་མེད་པ་རེད།  དེའང་ང་རང་སྒེར་གྱི་ཉམས་མྱོང་དངོས་དང་གནས་སྟངས་ཁོ་ན་ཡིན་ཡང་ཁྱོད་ལ་བཤད་ནས་ཁྱོད་རང་ཏོག་ཙམ་སད་ཐུབ་ཀྱི་རེད་བསམ་ཡོད། ངའི་ཁྱིམ་ཚང་གི་ནང་མི་ཕ་མ་སྤུན་མཆེད་ཚང་མ་རྒྱ་ནག་གཞུང་དུ་ལས་ཀ་བྱེད་མཁན་ཤ་སྟག་ཡིན། ང་ལའང་རྒྱ་གཞུང་གིས་བཤད་པ་ལྟར་ངོ་ལོག་ཤོག་ཁག་ཟེར་བའི་རྒྱབ་ལྗོངས་གང་ཡང་མེད། འོན་ཀྱང་ང་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད་དེ་སྒེར་ལ་སྡུག་ངལ་མང་པོ་འཕྲད་སོང་བ་དང་། ང་ཚོ་སྡོད་ས་འདིར་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་འབྲེལ་ཆགས་ཉིས་སྟོང་ཙམ་བསྡད་ཡོད་པ་རེད། ཁོང་ཚོ་ཚང་མར་སྡུག་གི་མྱོང་བྱང་རེ་ཡོད་པ་རེད། ང་ཚོ་ཕ་མ་སྤུན་མཆེད་དང་ཁ་བྲལ་དེ་ལོ་མང་པོ་སོང་བ་རེད། ད་དུང་ཡང་ཕྱི་རྒྱལ་ལུང་པར་ག་ཚོད་ཅིག་བསྡད་དགོས་མིན་མི་ཤེས། འོན་ཀྱང་དེ་རིང་དུས་ཚོད་ཞི་དྲག་མི་འདུག་ད་རྗེས་མར་ངེད་གཉིས་སླར་ལྷོད་ལྷོད་ཐུག་དུས་ཁྱོས་ཉན་འདོད་ན་ངའི་སྐོར་ལྷོད་ལྷོད་ཁྱོད་ལ་བཤད་ཆོག ཅེས་པར་མོས་ཐུགས་རྗེ་ཆེ། ངས་ཉན་འདོད་ཡོད། ཉན་འདོད་ཡོད། ཅེས་ཟེར། དེ་ནས་ངེད་གཉིས་ལྷོད་དལ་གྱིས་ཇ་འཐུང་ཞིང་གཞན་མངར་ཟས་ཅུང་ཡང་ཟོས་ཏེ་གནས་ཚུལ་གཞན་གྱི་སྐོར་ཡང་གླེང་མོལ་བྱས་པ་ཡིན། མཇུག་ཏུ་རྒས་མོ་འདིས་ཨུ་ཚུགས་མཐའ་བསྐྱེལ་གྱིས་ངའི་་ཇ་རིན་ཡང་སྤྲད་སོང་།

 

 

 

རྒྱ་མོ་རྒན་མོ་འདི་དང་བྲལ་ནས་ཟླ་གྲངས་འཁོར་གྲབས་འདུག་ལ་ཡུན་རིང་པོའི་ནང་སླར་ཐུག་མ་སོང་མོད། འོན་ཀྱང་ངས་རྒྱ་མི་མང་པོས་ང་ཚོའི་བོད་ཀྱི་གནས་སྟངས་ངོ་མ་ཤེས་ཀྱི་མི་འདུག་སྟབས་ད་རྗེས་མར་རྒྱ་མི་གང་འདྲ་ཞིག་དང་ཐུག་ན་བོད་སྐོར་མང་ཙམ་ཅི་འཇོན་གང་ནུས་ཀྱི་བཤད་དགོས་ཀྱི་འདུག་བསམ་པ་འདྲ་བྱུངོ་།  

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།