སྐྱུག་བྲོ་བའི་བོད་པ་ཁ་ཅིག

images/stories/777777.jpgསྐྱུག་བྲོ་བའི་བོད་པ་ཁ་ཅིག 

Some ugly Tibetans 

一些丑陋的藏人

 ཉེ་སྔོན་ཙམ་ལ་དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་བརྙེན་ཐུང་ཞིག་ནང་མཚམས་ཤིག་ལ་གོང་ས་མཆོག་གིས་དོན་དག་བགྲང་མཐར་མཚམས་རེར་བོད་པ་གཅིག་ཀྱང་མེད་སར་ཕེབས་འདོད་ཡོད་སྐོར་གསུངས་འབྱོན་པའི་སྐོར་གསུངས་སོང་བ་ཐོས།

མཐོ་བླ་མ་གོང་ཕུད་ཀྱིས་ཀྱང་དབུགས་དབྱུང་མཛད་སྟངས་འདི་ཅི་ཁག དེང་སང་བོད་མི་དཀྱུས་མ་ང་ལྟ་བུའང་མཚམས་རེར་འདས་མ་ད་གསུམ་གྱི་རང་རིགས་བོད་མི་ཁ་ཅིག་གི་བྱེད་ལུགས་འགྲོ་སྟངས་ལ་ངོ་མ་སེམས་པ་གཏིང་ནས་ཁོང་ཁྲོ་མེ་ལྟར་འབར་བའམ་ཡང་ན་ཡིད་ཐང་གཏིང་ནས་ཆད་ཡོང་གི་འདུག་ལ། མགོ་སེར་ཚོའི་ས་འདི་ནས་ཀྱང་ང་བོད་པ་གཅིག་ཀྱང་མེད་པའི་སར་འགྲོ་ཐབས་མེད་པ་ཡིན་ཡང་། ཤ་མདོག་དཀར་སེར་དམར་ལྗང་དང་སྐྱ་སེར་ཕོ་མོ་རྒན་གཞོན་སུ་འདྲ་ཡིན་མིན་ལ་མ་ལྟོས་པར་ཕ་རོལ་པོ་དེ་བསམ་བློའི་ཁོག་རྒྱ་ཅུང་གུ་ཡངས་པོ་འདྲ་ཡིན་ན་ཨང་བསམ་པ་དེ་སྔོན་མ་ནས་ཡོད།

 

 

གང་ལྟར་ཁྱོད་ལ་སེམས་སྐྱོ་བཅུག་པ་དང་ཁོང་ཁྲོ་སློང་མཁན། ཁྱོད་ཀྱིས་དེ་དག་མཐོང་དུས་སེམས་གཏིང་ནས་མི་རིགས་འདིར་རེ་ཐག་ཆད་དུ་བཅུག་པ་འདི་དག་སུ་འདྲ་ཞིག་ཡིན་རུང་ཁོ་ཚོར་དོན་དམ་པར་བོད་གངས་ཅན་པའི་མི་རིགས་འདིའི་སྤྱི་སྒེར་གཉིས་ལ་ཕན་གནོད་ཀྱི་རྒྱུ་མཚན་བཤད་ས་མི་འགྲོ་ལ་ཁོ་ཚོའི་གཙིགས་འཛིན་ཆེ་བའི་འདོད་དོན་དེ་དག་མ་འགྲུབ་ན་ཕ་བསད་བུས་རྒྱུ་མཚན་བགྲང་རྒྱུ་ཡོད་པའི་དཔེ་དང་ཨ་ན་མ་ན་བྱེད་འོང་དུས་ཁྱོད་ཅི་བྱ་གཏོལ་མེད་ཀྱི་གནས་སུ་བསྐྱེལ་འགྲོ

 

དེའང་ཉེ་དུས་ཙམ་ལ་ཨོ་གླིང་སཱིད་ཉི་ཊི་ཝེར་དུ་གནས་པའི་སྐབས་བཅོ་ལྔ་པའི་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་དང་ཨོ་གླིང་བོད་ཀྱི་དོན་གཅོད་གཉིས་དབར་ཛ་དྲག་གི་ཡི་གེ་ཕར་གཏོང་ཚུར་གཏོང་ཐེངས་འགར་བྱས་སོང་། སྤྱིར་ན་ཕྱིར་གནས་པའི་སྤུན་ཟླ་མང་པོས་དེ་ནི་ཧ་ལས་དང་ཧོན་འཐོར་འདྲ་ཚོར་སྲིད་མོད། འོན་ཀྱང་ང་རང་སྒེར་ངོས་ནས་དོན་དག་ཅི་འདྲ་ཞིག་ཡིན་ཡང་དེ་ཐག་གཅོད་བྱེད་པར་ཐབས་ལམ་མེད་པ་མིན་ལ། དེའང་ཕྱོགས་གཉིས་ཀས་རང་གི་སྤོ་སའི་གོམ་པ་དེ་ནས་ཕྱི་གཤོལ་ཏོག་ཙམ་ཐུབ་ནས་ཐབས་ལམ་མཉམ་སྤུངས་ཀྱིས་སྤྱི་ལ་ཕན་པ་ཞིག་ལེགས་གདམ་བྱ་བའི་ཁོར་ཡུག་ངེས་པར་དུ་ཡོད་དགོས་པ་རེད་བསམ་པ་ཡོད།  འོན་ཀྱང་འགག་རྩ་ཅི་ཞིག་ལ་ཐུག་མིན་མང་པོས་གླེང་བཞིན་པ་གང་ལྟར་མིག་སྔར་བྱ་བ་ལམ་དུ་འགྲོ་མི་ཐུབ་པའམ་འགྲོ་མ་བཅུག་པ་ཡིན་བཟོ་འདུག་པར་ངས་གླེང་གཞི་འདིར་དཀྱུས་རིང་པོར་འགྲོ་འདོད་རྩ་བ་ནས་མེད།

 

 

 འོོན་ཀྱང་ང་རང་སྒེར་ངོས་ནས་བསམ་ན་མིའི་ལུས་རྟེན་འདི་ལེན་པ་ནས་བཟུང་གང་ཟག་སུ་འདྲ་ཞིག་ཡིན་ཡང་དཀའ་ངལ་ཆེ་ཕྲ་ཆུང་གསུམ་འཕྲད་ཀྱིན་པ་སྤྱི་མཚུངས་ལྟར་ཡིན། དཀའ་ངལ་སེལ་ཐབས་ཀྱི་ལེགས་ཉེས་ནི་དེ་སེལ་མཁན་གྱི་གང་ཟག་དེའི་འཇོན་ཐང་དང་ཐབས་ཤེས་ལ་རག་གཙོ་བོར་ལུས་ཡོད་པར་འདོད། མཚམས་རེར་ཁྱོད་ནི་བྱེད་རྒྱུ་འབེལ་པོ་ཡོད་མཁན་ཞིག་ཡོང་ཐབས་ལ་འབད་བརྩོན་མི་དགོས་པར་ཁྱོད་ནི་དུས་དེར་ཁ་རུག་གེར་སྡོད་བཞག་མཁན་ཞིག་བྱེད་ན་ལེགས་པའི་ཟོལ་འདྲའང་འདུག ཧ་ཧ་ཧ་ཧ་།

 

ཕྱོགས་འདིའི་སྐོར་ཕྱོགས་གཉིས་ཀས་གནད་དོན་ཐག་གཅོད་དུས་ངེས་པར་དུ་སྤྱི་སྒེར་གཉིས་ལ་ཕན་གནོད་ཀྱི་ཉ་ག་དངོས་སུ་གཞལ་དགོས་པ་ལས་དུས་ཡུན་གྱི་དཀའ་ཁག་ལ་འཛེམས་རྒྱུ་མེད་པ་རེད་སྙམ་ལ་རེ་བའང་དེ་འདྲ་ཡིན།

དེའང་མིག་གཅིག་ལ་གནོད་ཀྱང་མི་བཅུ་ལ་ཕན་ཐུབ་པ་དང་། བཅུ་ལ་གནོད་ཀྱང་བརྒྱ་ལ་ཕན་པ། སྒེར་ལ་གནོད་ཀྱང་སྤྱི་ལ་ཕན་པ། ཁྱབ་ཆུང་ས་ལ་གནོད་ཀྱང་མི་རིགས་འདིའི་རྒྱ་ཆེ་སའི་ལ་རྒྱ་ལ་ཕན་པའི་བྱ་བ་ཞིག་ཡིན་མིན་དཔྱོད་རྗེས་ལེགས་སྤེལ་ཉེས་འགོག་གིས་དེ་དག་སྒྲུབ་རྐྱང་བྱེད་དགོས་པ་ལས་ཀར་ཀོར་བྱེད་སྡོད་ན་ཕན་པ་མེད།

 

 

མདོར་ན་ངས་འདི་ནས་བོད་པ་སུ་འདྲ་ཞིག་ཡིན་རུང་ས་ཡ་དྲུག་ལྷག་བགྲང་རྒྱུ་ཡོད་པའི་བོད་མི་རིགས་འདིའི་ནང་ཁུལ་ལ་འགལ་ཟླར་བཟོ་མཁན་དང་། མི་རིགས་འདིའི་ལ་རྒྱ་དང་བཟང་ཕྱོགས་ལ་ལུས་ངག་ཡིད་གསུམ་གང་རུང་ནས་ཕོག་གཏུག་གཏོང་མཁན་ཚོར་ཞེན་པ་གཏིང་ནས་ལོག་སོང་ཟེར་རྒྱུ་ཙམ་མ་ཟད། ཁྱོད་ཚོས་བོད་མིའི་ནང་ཁུལ་གྱི་བཟང་ཕྱོགས་ཀྱི་མཐུན་ལམ་རྡོག་རྩ་ཅིག་སྒྲིལ་ལ་ཡང་ནས་ཡང་དུ་བསམ་སྦྱོར་ངན་པས་ཆེ་ཕྲ་ཆུང་གསུམ་ནས་རྨ་འབྱིན་མཁན་རེད། ཁྱོད་ཚོས་བླ་མས་བཀའ་ཆད་མེད་གནང་བའི་དོན་སྙིང་སྟེ་གཞན་ལ་ཕན་པའམ་འགྲན་ཐུབ་པའི་མི་རིགས་འདིའི་བཟང་སྤྱོད་རྨང་ནས་ཞིག་སྟེ་དེ་བས་མི་དམངས་ཉམས་ཆུང་དཀྱུས་མ་རྣམས་ཀྱི་སེམས་ཁམས་ལ་ཕྱི་ནང་གསང་གསུམ་ནས་སྡུག་གི་འཁུར་པོ་གཡོག་མཁན་གང་ན་སུ་ཡོད་ན་དེ་དག་ལ།

རྡར་མ་ཚོ། ད་མཚམས་ཞོག

ཅེས་ཟེར་ནས་སྐད་གསང་མཐོན་པོས་གཤེ་འདོད་པ་འདི་འགོག་མ་ཐུབ་པར་འབྲི་མཚམས་འདི་ནས་སྐྱེས་བྱུང་བས་དེ་དག་འདི་ནས་བཤད་བཞག་ཡོད་ལ་སུ་ལ་ཕོག་ན་དེ་ལ་ཡིན་པ་ཤེས་པར་གྱིས། 

 

 

 

གཞན་བོད་ཀྱི་ལོ་རྒྱུས་སུའང་རྒྱལ་པོ་སྲོང་བཙན་སྐབས་ཡས་མས་ཙམ་ལ་ཆོས་སྲིད་གཉིས་ཀྱི་སྟོབས་འབྱོར་དང་དེའི་བཟི་བྱིན་དེ་བོད་མི་རིགས་ཞེན་དང་ལ་རྒྱ་ཅན་ཚོའི་སེམས་རྩ་གསོ་སའི་སྤོབས་པ་གཙོ་བོའི་གྲལ་ཞིག་ཡིན་སྲིད་ཀྱང་དེ་རྗེས་སྲིད་བུ་ཐོར་ནས་བཟུང་ནང་ཁུལ་མི་འཆམ་མ་མཐུན་པའི་དར་ཐག་ནག་པོའི་རྒྱུན་ངན་པ་དེ་ད་བར་ཆད་མྱོང་མེད་ཟེར་ནའང་འགྲིག་པ་འདྲ།

ཡ་མཐོན་ཅན་དུ་སྨྲ་བཞིན་པའི་འཛམ་གླིང་འདིའི་ནུབ་ཕྱོགས་རྒྱལ་ཁབ་མང་པོར་ཕྱི་དངོས་པོ་ཡར་རྒྱས་ཆེན་པོ་སོང་བའི་དུས་རབས་ཉེར་གཅིག་གི་སྐབས་འདིར་བོད་མི་ཚོར་ཕྱིའི་དཔལ་འབྱོར་དང་དངོས་པོ་གཞན་ལ་འགྲན་བཟོད་པའི་འཇོན་ཐང་བཏོན་རྒྱུ་མེད་པ་ནི་མངོན་གསལ་དོད་པོ་ཡིན་ལ་དེའི་ཕྱོགས་སུ་བརྩོན་པ་ཆེན་པོ་བྱེད་མཁན་ཡང་ཉུང་ཤོས་ཙམ་ལས་མེད་པ་ཧ་ཅང་གསལ་པོ་རེད་དེ་གཞན་ལ་འགྲན་བཟོད་ཀྱི་འཇོན་ཐང་ཤེས་བྱ་བཏོན་རྒྱུ་མེད་པར་ཁ་གཅིག་ནི་ནང་ཁུལ་འགལ་ཟླ་བཟོ་རྒྱུར་དགའ་པོ་འདྲ་བྱེད་ཁུལ་དེ་དག་ནི་ངོ་མ་དགོད་བྲོ་བ་རང་རེད།

 

 

གཞན་ཡང་ང་ཚོ་བོད་པ་ཚོ་ནི་ནང་བསམ་བློའི་ཕྱུག་པར་སྐད་གྲགས་ཆེ་བའི་ནང་ཆོས་ཀྱི་དོན་སྙིང་ལུས་ངག་ཡིད་གསུམ་ནས་ཉམས་ལེན་ཚུལ་མཐུན་གྱིས་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་སྒོམ་ནས་མཐར་བདེ་བ་ཉག་ཅིག་ཐོབ་ཅིང་སངས་རྒྱས་ཐབས་གནང་བའི་འདས་མ་ད་གསུམ་གྱི་སྐྱེས་ཆེན་དམ་པ་གཙོས་ཆོས་པ་རྣམ་དག་ཚོ་གོང་དུ་ཕུད་། དེ་རྗེས་དེ་ལའང་ལོག་འགྲེལ་ལྟ་བུས་ཆོས་བྱེད་མི་སྣ་འགའ་གཙོས་མི་དམངས་དཀྱུས་མ་རྣམས་རྨོངས་དད་ཀྱི་ཕྱོགས་སུ་འདྲེན་གང་ཐུབ་ཀྱིས་ནང་ཆོས་ཀྱི་སྙིང་པོ་དེ་ལྷ་འདྲེ་གདོན་འགེགས་ཀྱི་ཟློས་གཞུང་འཁྲབ་སྟོན་བྱེད་སའི་ཞིང་ཁམས་ཤིག་ཏུ་བསྒྱུར་བའི་རྩོལ་བ་མང་པོར་བྱས་པའི་འདས་སོང་གི་ལོ་རྒྱུས་དང་དེང་སང་གི་བོད་ཕྱི་ནང་གཉིས་ལའང་དཔེ་མཚོན་ཡང་མཐོང་ཐོས་རིག་ཆོག་པ་ཡོད་ཡོད་པ་རེད།

 

 

ད་ནི་ངས་འདི་ནས་བོད་མི་རིགས་འདིའི་ལོ་རྒྱུས་ཀྱི་ལེགས་ཉེས་བཤད་ཁུལ་དང་དཔེ་མཚོན་འདྲ་བགྲང་རྒྱུ་སོགས་དོན་མེད་དེའི་ཕྱོགས་སུ་དུས་ཚོད་གཏོང་མ་ཐུབ་ལ།  དེ་འདྲ་ཡིན་ཁུལ་བྱས་ཀྱང་གཞན་མཁས་པའི་དྲུང་ནས་ངོ་ཚ་ཉོ་འདོད་ཙམ་ལས་མི་ཡོང་བསམ་ནས་རེ་ཞིག་བཞག དེ་མིན་ངས་འདི་ནས་ཀློག་པ་པོ་ཚོར་རང་སེམས་ངན་པ་བཅུན་ཐབས་ལའང་བསླབ་བྱ་སློབ་གསོ་གང་ཡང་མི་འཇོན་པ་ང་རང་གིས་ཤེས་གསལ་ཡིན། འོན་ཀྱང་དུས་རྒྱུན་སྒེར་གྱི་མྱོང་ཚོར་དངོས་དང་བསྟུན་ནས་ང་དང་ང་འདྲ་བ་དགས་ལ་ཕན་ཐབས་ཅུང་ཙམ་བསམ་སྦྱོར་གཉིས་གང་ཐུབ་ཀྱིས་བཟང་པོར་ཕྱོགས་ནས་ཁྱེད་རྣམས་པར་བཤད་འདོད་བྱུང་བ་གཤམ་གསལ་འདི་ལྟར་ཡིན།

 

 

སྤྱིར་ན་ཚང་མས་ཤེས་གསལ་ལྟར་འཇིག་རྟེན་འདིར་གནས་ཚུལ་གང་ཡིན་རུང་དགེ་སྐྱོན་གྱི་ཕྱོགས་གཉིས་དམ་དུ་སྦྲིལ་ནས་ཡོད་པ་མ་ཟད། དེ་གཉིས་ཀྱི་ཕན་གནོད་ཀྱི་ཆའང་མ་ཉུང་བ་ཞིག་གཅིག་མཚུངས་ཀྱིས་གནས་ཡོད་པའི་བདེན་དོན་དེའི་ངོ་བོ་ངོ་མ་དེ་ང་ཚོས་ངེས་པར་དུ་ཤེས་དགོས།

འོ་ན་གནས་སྟངས་ཤིག་ལ་དབྱེ་ཞིབ་དང་ལེགས་ཉེས་གདམ་ཁ་རྒྱག་དགོས་དུས་སྤྱི་སྒེར་གཉིས་ལ་ཕན་གནོད་ཇི་ཡོད་གཙོ་བཟུང་གིས་ཐག་གཅོད་ན་ཕལ་ཆེར་འགྲིག་གི་ཡོད་པ་ང་རང་ལ་ཡིད་ཆེས་གཙང་མ་ཡོད། དཔེ་མཚོན་ལྟར་ན་གྲུ་གཟེངས་གཅིག་ནང་མི་གྲངས་སྟོང་ཚོ་བརྒལ་བ་ཡོད་སྐབས་སུ་དེའི་ནང་གི་གཅིག་གིས་ཤི་གསོན་མཉམ་འགྲོག་དགོས་པའི་སྟོང་ཚོར་གནོད་པའི་བྱ་བ་ཞིག་སྒྲུབ་ན། དེ་ནས་ཉེས་ཅན་གཅིག་དེ་མེད་པར་བཟོ་དགོས་ཐུག་སྲིད་པ་དང་། དེའང་ཉེས་ཅན་གཅིག་དེའི་ནག་ཉེས་དངོས་སུ་ངོས་ཟིན་པའི་སྒོ་ནས་ལོས་བྱེད་དགོས། དེ་མིན་དཔེ་མཚོན་དུ་ནང་ཁྱིམ་གཅིག་གིས་མི་རིགས་གཅིག་ལ་གནོད་པའི་བྱ་བ་ཅི་ཞིག་སྒྲུབ་ཀྱང་མང་པོས་ཁྱིམ་ཚང་གཅིག་དེ་བློས་གཏོང་གིས་ཁྱིམ་ཚང་གཞན་གྲངས་མང་བ་རྣམས་སྐྱབས་དགོས་པའང་ཡོང་སྲིད། ཡང་སྤྱི་དང་སྒེར་གཉིས་ཀྱི་ཁེ་ཕན་དང་སྒེར་འཁོན་དང་ནག་ནོག་གི་བསམ་སྦྱོར་ངན་པ་དབར་དབྱེ་མཚམས་གསལ་པོ་ངེས་པར་དུ་ཡོང་ཐབས་དགོས།

 

 

མགོ་སེར་ཚོར་མཚོན་ན་རྒྱལ་ཁབ་དང་སྒྲིག་འཛུགས་སོགས་རྒྱ་ཆེ་སའི་ཁྲིམས་སྒྲིག་བཅས་པ་ལྟར་མི་མང་པོས་ཐབས་དང་ཤེས་རབ་ཀྱིས་གང་སར་འབྱུང་བཞིན་པའི་གནད་དོན་ཐག་གཅོད་བྱེད་ཐབས་གཙོ་བཟུང་ཡོད་པའི་ཟོལ་འདྲ་མཐོང་ལ། ཁྲིམས་སྒྲིག་གི་མདུན་སར་མིའི་ཚོར་བར་ཆེར་བསྟུན་གྱི་མེད་པར་གང་ཟག་སུ་ཡིན་ཡང་གཅིག་མཚུངས་ཀྱི་ལྟ་བ་འཛིན་གྱི་ཡོད་པའི་ཕྱོགས་ལྷུང་ལྟ་བུ་འདུག

འོན་ཀྱང་སྤྱི་བཏང་མིའི་སྤྱི་ཚོགས་ཕལ་མོ་ཆེར་ནི་ཚོར་བ་ཁོ་ནར་བརྟེན་ནས་འཚོ་མཁན་ཡིན་དུས་མགོ་སེར་ཚོས་མཚམས་རེར་ཁྲིམས་དང་སྒྲིག་ལམ་བཙན་དྲག་ནས་མིའི་སྤྱི་ཚོགས་འདི་དམིགས་འདུན་དང་དགོས་མཁོར་བརྟེན་ནས་འཕྲུལ་ཆ་ཅན་དུ་བསྒྱུར་འདོད་དང་། ཕྱིའི་དངོས་པོར་གཙེགས་ཆེར་འཛིན་ཕྱིན་ཤ་ཁྲག་ལུས་ཕུང་གིས་གྲུབ་པའི་མིའི་སྤྱི་ཚོགས་འདི་དཔལ་འབྱོར་ཁོ་ནར་བསགས་སྒྲུབ་བྱེད་མཁན་འཁོར་ལོ་བཞི་ཅན་གྱི་འཕྲུལ་འཁོར་ཆེན་པོ་ཞིག་ལས་དགའ་སྐྱོ་ཆགས་སྡང་གིས་ཕྱུག་པས་མིའི་སྤྱི་ཚོགས་ཤིག་ལ་དགོས་ངེས་ཀྱི་ཀུན་སྤྱོད་ལེགས་ཉེས་དང་། བཟང་སྤྱོད་དར་སྤེལ་ཕྱོགས་ལ་མཐོང་ཆེན་དང་རྩ་ཆེར་དེ་ཙམ་མི་འཛིན་པའི་ཞེན་ཆ་འདུག་བསམ་པ་དེ་ང་ལ་མཐོང་སྣང་འདྲ་ཐེངས་མང་པོ་བྱུང་།

 

 

འོ་ཡ། དེ་རིང་འདི་ཙམ་གྱིས་འཐུས་པར་བྱོས། དེང་དུས་ཁོམ་དེ་ཙམ་མི་འདུག་པས་འདི་ནས་མཚམས་བཞག་དགོས་ཐུག་སོང་། རྗེས་སུ་དུས་ཚོད་སྟོང་པ་འདྲ་འབྱུང་རྒྱུ་ཡོད་པས་ན་སླར་ཀློག་པ་པོ་ཁྱེད་ཚོའི་མིག་མདུན་ནས་གུས་མོས་ཀ་ཁ་ཡིས་ཡིག་རྙོགས་འདྲ་སྤུངས་རྒྱུ་མི་བརྗེད་པ་ཏན་ཏན་བྱ་ཆོག ཧ་ཧ་ཧ་ཧ

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།