བུད་མེད་འདི། This women 這女人

mages/stories/Gangkarsem/555555.jpgབུད་མེད་འདི།

ང་བུད་མེད་འདི་དང་སྤྱི་སྤྱོད་རླངས་འཁོར་དུ་ཐུག་སོང་། མོ་ནི་དབང་པོ་སྐྱོན་ཅན་ཞིག་རེད། སྐབས་དེར་ངས་སྤྱི་སྤྱོད་རླངས་འཁོར་དུ་མི་སྣ་ཚོགས་ཡོད་པའི་ནང་སོ་སོའི་ལས་གནས་དང་ཐད་ཀར་འབྲེལ་ཡོད་བུད་མེད་དབང་པོ་སྐྱོན་ཅན་རྐང་འཁོར་ལྟ་བུའི་འཕྲུལ་ཆ་བཞོན་མཁན་འདིར་དོ་སྣང་མང་ཙམ་བྱུང་། ངས་མཐོང་ཐུབ་པ་ནི་མོའི་གཟུགས་ཕུང་ཧ་ཅང་ཆུང་ལ་ཕྲུ་གུ་ལོ་བཞི་ལྔ་ཙམ་ཞིག་དང་འདྲ།

མོའི་སྐྲ་སྐྱ་སེར་མདོག་དེ་ཐོད་པར་གྲལ་ལྟར་བྲེགས་ནས་འདུག་པ་དང་། སྐྲ་ཅུང་རིང་བ་ནི་རྒྱབ་ཕྱོགས་སུ་ཕྲག་པ་བརྒལ་ཙམ་ལ་བཞག་འདུག ཐོག་མར་མོ་རང་སྤྱི་སྤྱོད་རླངས་འཁོར་དུ་ཡར་འཛུལ་མ་ཐག ལག་མགོ་གཉིས་ཀྱི་ཚིག་ཐོ་འགྱུར་ཚར་བ་རེད་འདུག་ཀྱང་དེས་བྱང་ཆ་དོད་པོའི་སྒོ་ནས་མོའི་རླངས་འཁོར་དུ་འཛུལ་ཆོག་པའི་བྱང་བུ་དེ་འཕྲུལ་ཆར་བརྡར་རྗེས་དམིགས་བསལ་གྱི་མི་སྣའམ་རྒས་འཁོག་དང་དབང་པོ་སྐྱོན་ཅན། ཕྲུ་གུ་ཆུང་ཆུང་གི་འཁོར་ལོ་འཇོག་ས་དེར་མོའི་འཕྲུལ་འཁོར་བྱང་ཟུར་དུ་དུས་ཡུན་ནང་བདེ་བརླག་ངང་གིས་བཞག་སོང་།

 

རྐུབ་བཀྱག་དེའི་གཤམ་གྱི་སྡོད་སའི་བང་ཕྲེང་ལ་ང་རང་སྡོད་ཡོད་པས་མོ་ལ་བལྟས་ནས་འཛུམ་ཙམ་བྱས་པར་མོས་ཀྱང་ང་ལ་ཚུར་འཛུམ་བྱུང་བ་མ་ཟད། མགོ་བོ་འདེམ་ཙམ་འདེམ་ཙམ་ཡང་བྱས་བྱུང་། ངའང་ཅུང་ཟུར་དུ་ཡར་བཅར་ནས་དེ་རིང་གི་གནམ་གཤིས་དེ་འདྲ་ཡག་ག་ལ། ཞེས་མོ་དང་ཁ་བརྡ་བྱ་འདོད་པའི་རྣམ་འགྱུར་འདྲ་སྟོན། མོས་ཀྱང་རེད་རེད། དེ་རིང་གནམ་གཤིས་ཡག་པོ་འདུག་པས་ང་ཚོང་ཁྲོམ་དུ་ཅ་དངོས་ཏོག་ཙམ་ཉོ་སར་འགྲོ་དགོས་བསམ། ཞེས་པར་ངས་དེ་མུར་ཁྱེད་རང་གིས་འཁོར་ལོ་འདི་བསྐོར་དུས་ངོ་མ་ཧ་ཅང་བྱང་ཆ་དོད་ཅིང་སྟེར་བཟོ་དོད་པ་ཞིག་རེད་འདུག ཁྱེད་ཀྱི་འཁོར་ལོ་འདི་གསར་ཐོན་གྱི་རིགས་ཡིན་པ་འདྲ། ངས་སྔོན་མར་དེ་ཙམ་མང་པོ་མཐོང་མ་མྱོང་། ཞེས་བཤད། མོས་ལགས་རེད། འདི་གསར་དུ་ཐོན་པའི་གྲལ་རེད། རིན་གོང་ཡང་ཧ་ཅང་ཆེན་པོ་རེད། དངུལ་ལ་དཔག་པའི་སྤྱོད་སྒོའང་ཡག་པོ་དང་སྟབས་བདེ་པོ་རེད་འདུག་ཟེར།

 

 

ངས་ཀྱང་དེ་མུར་མོ་ལ་ང་ཕ་ཡུལ་བོད་དང་ཁ་བྲལ་ཞིང་སྐྱབས་བཅོལ་དུ་ཡོང་དགོས་བྱུང་ལུགས་དང་ཨོ་གླིང་དུ་སླེབས་རྗེས་ཀྱི་མྱོང་ཚོར་སོགས་གང་ཡོང་ཡོང་གིས་མོ་དང་ཁ་བརྡ་བྱས་ཤིང་། དེ་རྗེས་ཀྱི་སྐར་མ་བཅུ་གྲངས་ཙམ་གྱི་རྗེས་སུ་ངེད་གཉིས་སྤྱི་སྤྱོད་རླངས་འཁོར་ནས་སོ་སོར་ཁ་བྲལ་སྐབས་ཀྱང་ཕན་ཚུན་དབར་ཁ་ཡག་ངོ་དགའ་གང་ལེགས་བྱས།

ཉིན་ཞིག་ངའི་ལས་རོགས་མཛེས་མ་དེས་ལྷ་མོ་ཁྱོད་ལས་ཀ་གསར་པ་ཞིག་ལ་འགྲོ་འདོད་ཨེ་ཡོད། ངས་ཁྱོད་རང་གཅིག་ལ་ངོ་སྤྲོད་བྱ་ཆོག་ཟེར། ངས་ཡིན་དང་ཡིན། དེ་འདྲ་ཡིན་ན་ཐུགས་རྗེ་ཆེ། ང་ལས་ཀ་གསར་པ་ཞིག་ལ་འགྲོ་འདོད་ཧ་ཅང་ཆེ་ཞེས་པར་མོས་ང་ལ་ཕ་ཡུལ་གཅིག་པའི་དབང་པོ་སྐྱོན་ཅན་གྱི་བུད་མེད་ཅིག་ཡོད། མོ་རང་གཟུགས་ཕུང་ཧ་ཅང་ཆུང་ལ་རྐང་འཁོར་དུ་སྡོད་ནས་འགྲོ་དགོས། འོན་ཀྱང་མོ་དང་མཉམ་དུ་ལས་ཀ་བྱེད་སྟངས་ནི་མོ་ལ་མཚམས་རེར་གཟུགས་པོ་འཁྲུ་རོགས་དང་ནང་ལས་འདྲ་ལས་བསྡད་རྒྱུ་མ་གཏོགས་གཞན་དཀའ་ངལ་ཆེ་བའི་ལས་གང་ཡང་ཡོད་མ་རེད། དེ་བས་མོའི་ཁང་པ་ནི་ཧ་ཅང་གཙང་སྦྲ་དོད་ཅིང་མོ་རང་ཡང་ཧ་ཅང་སེམས་བཟང་ཅན་མ་ཞིག་རེད་སོགས་ཟེར། ངས་འོ་ན་ཁྱོད་ཀྱིས་ང་མོ་ལ་ངོ་སྤྲོད་ཅིག་བྱ་རོགས། ང་རང་མོ་དང་གཅིག་ཐུག་འདོད་ཡོད་ཅེས་སོགས་བཤད། མོས་ཡ་ཡ་ཡ་སེམས་འཁུར་མི་དགོས་ཟེར།

 

 

དེ་རྗེས་ཀྱི་བདུན་འགའི་རྗེས་སུ་ཡིན་པ་ཡོད། མོས་བུད་མེད་དེའི་ཁ་པར་ཨང་གྲངས་ང་ལ་སྤྲད་སོང་བས་ངས་ཀྱང་ཁ་པར་བརྒྱུད་བུད་མེད་དེ་དང་ཁ་བརྡ་མང་ཙམ་བྱས་པ་ཡིན།

ཉིན་གྲངས་གང་ཙམ་སོང་རྗེས་ཀྱི་ཉིན་ཞིག་ལ་བུད་མེད་དེས་ང་ལ་ཁ་པར་གཏོང་ནས་མོ་རང་ཡོད་སར་གཅིག་ཤོག་དང་། ལས་ཀའི་སྐོར་བཤད་རྒྱུ་ཡོད་ཟེར། ང་དེར་སོང་རྗེས་ཁོར་ཡུག་དེར་མཐའ་བཞི་ནས་ར་བ་བསྐོར་ཞིང་དེའང་གཙང་སྦྲ་ཧ་ཅང་དོད་པའི་ས་དང་། དེར་ཐོག་བརྩེགས་གཅིག་ཅན་གྱི་སྒེར་ཁང་ཕལ་ཆེར་བཅུ་གྲངས་ཤིག་བང་སྟར་བསྒྲིགས་པའི་ནང་གི་དཀྱིལ་དུ་ཁོང་མོའི་ཁྱིམ་ཆག་འདུག་ལ། ང་མོའི་ནང་དུ་ཡར་འཛུལ་དུས་ཁྱོ་ག་དར་མ་ཞིག་གིས་སྒོ་ཕྱེས་ནས་ང་ལ་ཏོག་ཙམ་སྒུག་དང་ཁོས་སྦྱིན་བདག་མ་སྐད་གཏོང་ཡོང་ཟེར། ང་ཁང་པའི་དཀྱིལ་དུ་ཡོད་པའི་འབོལ་གདམ་ཆེན་པོ་དེར་སྡོད་ཅིང་ཕྱོགས་ཡོངས་སུ་ཏོག་ཙམ་བལྟས་བསྡད་པའི་སྐབས་སུ་མོ་རང་ཁང་མིག་གཅིག་ནས་ཕྱིར་དོན་བྱུང་། བསམ་ཡུལ་ལས་འདས་པ་ཞིག་ལ་མོ་ནི་དེ་སྔོན་ངས་སྤྱི་སྤྱོད་རླངས་འཁོར་དུ་ཐུག་པའི་བུད་མེད་དབང་པོ་སྐྱོན་ཅན་དེ་རང་རེད་འདུག ངེད་གཉིས་ཀས་ཕན་ཚུན་ངོ་ཤེས་ནས་ཁ་བརྡ་བྱས་པའི་ཕྲོད་དུ་ཕན་ཚུན་དབར་འགོག་མི་ཐུབ་པའི་དགའ་སྣང་དང་སེམས་ཐག་ཉེ་རུ་སོང་།

 

 

དེའང་མོས་ང་མོའི་ཁང་མིག་གང་སར་ལྟ་བསྐོར་ལྟ་བུས་ངོ་སྤྲོད་ཚུལ་དུ་འཁྲིད་བྱུང་ལ། མོའི་ཁང་པའི་ནང་དུ་འཁྲུས་ཁང་གསང་སྤྱོད་གཉིས་དང་གཞན་ཁང་མིག་ཆེ་ཙམ་གསུམ་བཅས་བསྡོམས་ཁང་མིག་ལྔ་དང་། རླངས་འཁོར་བཞག་ས་ཁང་མིག་ཆེ་བ་བཅས་འདུག

ངས་ཐོག་མའི་སྐབས་སུ་མོ་རང་ཁེར་རྐྱང་ཡིན་ནམ། ཡང་ན་མོའི་ནང་མིས་མོ་ལ་ལྟ་སྐྱོང་བྱེད་མཁན་ཡོད་རྒྱུ་རེད་བསམ་མོད། འོན་ཀྱང་ང་དེར་འབྱོར་དུས་ང་ལ་སྒོ་ཕྱེ་མཁན་གྱི་ཕོ་དར་མ་དེ་མོའི་བཟའ་ཟླ་ཡིན་ལུགས་ཟེར། སྐབས་དེར་ང་རང་ཏོག་ཙམ་ཧ་ལས་པའང་གྱུར། ངས་སེམས་སུ་གནས་སྟངས་འདི་འདྲ་རེད་བསམ་པ་ཡིད་ལ་འཆར་མི་འདུག དེ་ནས་མོས་བཟའ་ཟླ་ངོ་སྤྲོད་བྱེད་དུས་མོའི་བཟའ་ཟླ་དེ་འདིར་སྡོད་ཡུལ་མིའམ་ས་ཁུལ་རང་གི་མི་ཡིན་པ་དང་། ཁོ་རང་གཉིས་ཆང་ས་བརྒྱབས་ནས་ལོ་མང་སོང་ལུགས་སོགས་བཤད་དུས་ངས་ཀྱང་མོའི་ཁྱོ་བོ་འདི་མི་ཁ་སངས་གོ་བདེ་གུ་ཡངས་པོ་འདྲའང་མཐོང་སྣང་བྱུང་བས་ངས་ཀྱང་ང་རང་ངོ་སྤྲོད་བསྡུས་ཙམ་དང་ཁོ་ལའང་ང་ཚོའི་བོད་ཀྱི་ད་ལྟའི་གནས་སྟངས། རྒྱལ་བ་རིན་པོ་ཆེའི་སྐོར་དང་ངའི་ཕ་མ་སྤུན་མཆེད་སྐོར་གཙོ་བོར་བཤད་རྒྱུ་བྱུང་།

 

 

གཞན་ཡང་ངས་ཁྱོ་ཤུག་འདི་གཉིས་ལ་ལྟ་ཤེས་བསྟུན་མཁས་ཆེད་དུ་ས་ཁུལ་རང་གི་མི་དྭངས་མ་ཚོ་གཙོས་འདིར་སྡོད་རྒན་རབས་མང་ཆེར་སེམས་པ་བཟང་ལུགས་དང་བསམ་བློ་གུ་ཡངས་ལུགས། དེ་བཞིན་གནས་ལུགས་གང་ཞིག་ཡིན་ཡང་ཕ་རོལ་པོར་གང་ཐུབ་ཀྱིས་ལས་སྟབས་བདེ་རེ་ཡོང་ཐབས་བྱེད་ཀྱི་ཡོད་ལུགས་བཅས་ངོ་དགའ་དང་ཚིག་ཡག་འགའ་ཡང་བཤད་པ་ཡིན།

ཁོས་ཀྱང་ངའི་སྐད་ཆ་དེ་དག་གོ་མ་ཐག་རྩེད་མཚར་དང་སྦྲགས་ང་ལ་ཐུགས་རྗེ་ཆེ་ང་རང་གིས་ཀྱང་སོ་སོ་མི་དེ་འདྲ་ཞིག་ཡིན་པ་རེ་བ་དང་འབད་བརྩོན་བྱེད་ཀྱི་ཡོད་ཟེར།

 

 

དེ་ནས་ངེད་གཉིས་ཀྱིས་ང་ལ་བདུན་འགའི་རིང་མོ་རང་ལ་ལྟ་རྟོགས་བྱེད་སྟངས་སམ་མོ་དང་མཉམ་དུ་ལས་ཀ་བྱེད་སྟངས་སྐོར་ཟབ་སྦྱོང་སྤྲོད་རྒྱུ་ཡིན་པ་དང་། དམིགས་བསལ་དུ་དགའ་འོས་པ་ཞིག་ལ་མོས་དེ་སྔོན་རྒྱལ་བ་རིན་པོ་ཆེ་ཨོ་གླིང་དུ་འབྱོར་དུས་ཆེད་དུ་མཇལ་ཁ་ཞུས་ཐུབ་པ་བྱུང་འདུག་པ་མ་ཟད། གོང་ས་མཆོག་དང་མཉམ་པར་ཡང་ལེན་འདུག་པ་དེ་ང་ལ་མིག་སྟོན་བྱེད་བཞིན་དུས་དེ་ནི་མོ་རང་ལ་མཚོན་ན་ཧ་ཅང་དགའ་སྤྲོའི་དུས་ཚོད་ཅིག་ཡིན་ལུགས་ཟེར་བས་ང་རང་ལྷག་པར་དུ་མོ་རང་སར་ལས་ཀ་གསར་པ་འདི་བྱེད་རྒྱུ་རག་པར་དགའ་སྣང་གི་ཚོར་བ་གཞན་དང་མི་འདྲ་བ་བྱུང་།

 

 

 

ཉིན་དེར་མོས་ང་ལ་དུས་ཚོད་དང་ཟབ་སྦྱོང་གི་ནང་དོན་གཙོ་བོ་མོའི་ཉིན་ཞག་དུས་དྲུག་གི་བཅུད་སྨན་དེ་དག་སྤྱོད་སྟངས་དང་གྲངས་ཀའི་སྐོར་ཞིབ་ཚགས་མགོ་ཚོས་དགོས་ལུགས་དང་། དེ་ནས་ཉིན་མ་གཉིས་རེར་གཟུགས་པོ་ཐེངས་རེར་འཁྲུ་དགོས་ལུགས། གཞན་ཡང་མོས་རྒྱུན་སྤྱོད་བྱེད་སྡོད་པའི་དབང་པོ་སྐྱོན་ཅན་གྱིས་བཞོན་པའི་སྟབས་བདེའི་འཕྲུལ་འཁོར་དེ་ཡར་མར་བརྒྱུད་སྟངས་དང་གང་འདྲ་ཁ་ལོ་བསྒྱུར་དགོས་མིན་གཙོ་བོར་ཤེས་དགོས་ཚུལ། དེ་མིན་མོ་རང་གིས་དགའ་མོས་བྱེད་པའི་ཞོགས་ཇ་བཟོ་སྟངས་དམིགས་བསལ་བ་དེ་འདྲ་དང་། མཚམས་རེར་དགོས་མཁོར་གཞིགས་ནས་ཟས་བཟོ་སྟངས་ཀྱང་ཉུང་ཙམ་རེ་ཡོད་སྲིད་པའི་སྐོར། གྱོན་ཆས་རིགས་ཐ་དག་འཁྲུ་སྟངས་དང་སྐམ་སྟངས། སྟབས་ཚིག་རྒྱག་སྟངས་མི་འདྲ་བ་དགོས་ལུགས་བཅས་གཙོ་བོར་བསླབ་རྒྱུ་རེད་འདུག་པ་རྣམས་ངའི་ཡིད་ལ་དོ་སྣང་ཆེན་པོས་འཇོག་ཁུལ་བྱས།

 

 

ང་མོ་རང་ས་ནས་ཕྱིར་ལོག་ཚར་དུས་སེམས་ནང་མོ་ནི་གཟུགས་ཕུང་ཧ་ཅང་ཆུང་ཞིང་། རྒྱུན་གཏན་དུ་འཕྲུལ་འཁོར་དེ་དང་ཉལ་ཁྲི་གཉིས་སུ་སྡོད་ཡུན་རིང་ཤོས་དགོས་མཁན་ཞིག་ཡིན།  ད་དུང་ངས་མོས་ལག་མགོའི་ཚིག་ཐོག་ཀྱོག་ཚར་ཡང་མཛུབ་མོས་ཚིག་ཐོ་བེད་སྤྱོད་དེ་གློག་ཀླད་དུ་ཁ་ཕྱེས་ཏེ་ཡི་གེ་འབྲི་བ་མཐོང་བས་ང་རང་མོ་ལ་ལྷག་ཏུ་ཡིད་མོས་སྐྱེས། དེ་མིན་ངའི་སེམས་ནང་མོའི་བཟའ་ཟླ་དེ་མི་བཟང་པོ་ཞིག་ཡིན་སྲིད་པ་དང་། གཞན་ཡང་མོའི་མི་གཤིས་ཀྱི་སྤུས་ཚད་ཀྱིས་ཁོའི་སེམས་པ་འགུག་ཐུབ་པ་བྱུང་ཡོད་ཚོད་དེའང་ཡིད་དུ་འོང་པའི་གཉེན་བསྒྲིགས་ཤིག་ཡིན་ངེས། འོན་ཀྱང་མོའི་གཟུགས་ཕུང་སྐམ་ལ་རེད་ཅིང་ཕྲུ་གུ་ཆུང་ངུའི་སྟབས་ཙམ་མེད་པས་མོས་ཕྲུ་གུ་སྐྱེ་མི་ཐུབ་པ་ནི་ཧ་ཅང་གསལ་པོ་ཡིན་རུང་། འོ་ན་མོ་རང་གིས་ཕོ་མོ་གཉིས་སྦྱོར་གྱི་བྱ་བ་དེ་ཉེན་ཁ་མེད་པའི་སྒོ་ནས་བྱེད་ཐུབ་ཀྱི་ཡོད་མེད་ཀྱི་ཐེ་ཚོམས་སྐྱེས་པ་སོགས་གང་བྱུང་མང་བྱུང་དྲན་རྒྱུ་འབེལ་བའི་ངས་བསམ་བློ་འདྲ་མིན་བཅོ་བརྒྱད་གཏོང་ནས་བསྡད།

 

 

དེ་རྗེས་ང་མོའི་སར་ལས་ཀ་བདུན་འགའི་རིང་བྱས་རྗེས་དེ་མིན་མོའི་སྒེར་སྐོར་ལ་རྒྱུས་ལོན་ཡང་མང་ཙམ་བྱུང་བ་ནི་འདི་ལྟར། མོ་རང་དེ་སྔོན་སློབ་གྲྭར་འགྲིམས་མྱོང་ཞིང་ཤེས་ཡོན་གང་ཙམ་སྦྱངས་ཐུབ་པ་བྱུང་འདུག མོས་ཟེར་ན་མོ་རང་ད་ལྟའི་ཆར་རྒྱལ་ཁབ་ཀྱིས་རོགས་དངུལ་གྱི་གསོ་བཞིན་ཡོད་ཀྱང་མོས་དེ་སྔོན་ལོ་གཞོན་ནུ་མའི་དུས་ནས་བཟུང་( ད་ལྟའི་ཆར་མོ་རང་དར་གཞོན་མ་ཞིག་རེད།) སོ་སོའི་ཁྱིམ་ཚང་ནང་ནས་རང་ཁ་རང་གསོ་ཆ་ཚང་བའི་སྒོ་ནས་བྱ་རྒྱུའི་འཆར་གཞི་དང་གྲ་བསྒྲིག་ཨང་གསར་ཡོད་པ་ལས་ཕ་མའི་ཤུལ་ཟ་ནས་སྡོད་ཐབས་མེད་པ་སེམས་ཐག་ཆོད་འདུག དེ་ནས་མོས་ད་ལྟའི་བཟའ་ཟླ་འདི་དང་ཐུག་ནས་ཁོ་རང་གཉིས་ཀྱི་ཕ་མ་སྤུན་མཆེད་དང་བཅས་པས་མོས་མཐུན་དང་གཅེས་སྐྱོང་ཡོད་པའི་སྒོ་ནས་གཉེན་བསྒྲིགས་ཀྱི་རྒྱས་སྟོན་ཡང་གཤམས་པའི་པར་རིས་མང་དག་གློག་ཀླད་ནས་ང་ལ་མིག་སྟོན་བྱུང་བས་ངའི་སེམས་ནང་ནས་མོའི་མི་ཚེ་ལ་བདེ་སྐྱིད་ལྡན་པའི་སྨོན་ལམ་ཡང་འདེབས་རྒྱུ་བྱུང་།

 

 

གཞན་ཡང་ངའི་སེམས་ནང་ང་ཚོའི་ནང་པ་ཚོ་ལྟར་ན་བུད་མེད་འདི་ཚེ་འདིར་དབང་པོ་སྐྱོན་ཅན་ཡིན་པ་ཙམ་གྱིས་མོས་ཚེ་སྔོན་མར་ཅིག་ཅིག་མིག་མིག་གིས་རྐྱེན་པས་སྡུག་སྡིག་པ་བསགས་ཡོད་ངེས་སོགས་བཤད་རྒྱུ་ཡོད་ངེས་སྙམ། འོན་ཀྱང་ངས་བསམ་པར་མོས་ཚེ་སྔོན་མར་ལས་བཟང་པོའང་བསགས་ཡོད་པའི་རྒྱུ་མཚན་གྱིས་ཚེ་འདིར་མོ་རང་དབང་པོ་སྐྱོན་ཅན་གྱི་ལུས་རྟེན་འདི་ལེན་ཡང་གཞན་མང་པོར་མེད་པའི་མོ་ལ་བརྩེ་དུང་བཅང་མཁན་བཟའ་ཟླ་འདི་དང་། གཞན་ང་ལྟ་བུ་ལྟ་སྐྱོང་བ་མང་པོའི་རོགས་རམ་དང་ཕན་པ་སྒྲུབ་མཁན་ཡོད་པ་ནི་མོའི་བསོད་བདེ་བསོད་ནམས་མིན་ན་གང་ཡིན་བསམ་པ་དང་།

ད་དུང་ངས་བུད་མེད་འདིའི་ངོ་ནས་སེམས་ཁོང་རུས་པའི་གསེང་གི་སྤོབས་པ་དང་བག་ལྷིང་ཞིག་མཐོང་གི་འདུག་ལ། རྒྱུན་དུ་མོས་ཁྱོ་བོའི་སེམས་ལ་ལྟ་རྟོགས་ཀྱི་སྐད་ཆ་བཤད་མཁས་ཤིང་། མོ་རང་གིས་མོའི་ཁྱོ་གའི་སེམས་ཡོངས་རྫོགས་མོ་ལ་ཕྱོགས་ཅིང་གཅིག་སེམས་གཅིག་སྦྲིལ་གྱིས་ཁོ་རང་གཉིས་ཀྱི་བརྩེ་བ་སྐྱོང་སྟངས་དེ་འདྲ་ངས་གསལ་པོ་མཐོང་སོང་།

 

 

 ཞོར་དུ་བཤད་འདོད་པ་ཞིག་ལ་དབང་པོ་སྐྱོན་ཅན་མིན་པའི་མོའི་ཁྱོ་ག་དེའི་བྱ་སྤྱོད་འགའི་ཐོག་ནས་ངས་མཚམས་རེར་ཁོ་རང་སྐྱེས་པ་ཞིག་བུད་མེད་དབང་པོ་སྐྱོན་ཅན་འདིའི་མདུན་དུ་ཅིའང་མི་ཤེས་ཅིང་། གང་ཡང་བྱེད་མི་དགོས་པའི་གཞན་རྟེན་དགོས་པའི་ཕྲུ་གུ་ཆུང་ངུ་ཞིག་དང་ཧ་ཅང་མཚུངས་བསམ་མྱོངས་། དེའང་ཁོས་དོན་དག་ཆེ་ཆུང་གང་ཡིན་ཡང་འདི་འདྲ་བྱའམ་གང་འདྲ་བྱེད་འདོད་ཡོད་སོགས་མོ་ལ་སྐད་ཆ་རྫོགས་མེད་འདྲི་བ་ལས་སོ་སོས་ཐག་གཅོད་ཀྱི་མི་འདུག ཁོས་བྱེད་སྟངས་འདིར་ངས་ལས་བཟང་ངན་བཤད་ཤེས་ཀྱི་མི་འདུག་ཀྱང་གང་ལྟར་ངའི་མཐོང་སྣང་ལ་བུད་མེད་དབང་པོ་སྐྱོན་ཅན་འདི་ཁོའི་བཟའ་ཟླ་ཡིན་པ་ཙམ་མ་ཟད་ཁོའི་ཨ་མའི་ཚུལ་དུའང་འདུག་བསམ་པ་ཐེངས་མང་བྱུང་།

མདོར་ན་སྡུག་ངལ་བ་ནི་འཇིག་རྟེན་འདིར་འཚོ་བཞིན་པའི་སེམས་ཅན་ཡོངས་ཀྱི་མྱོང་བྱང་ངམ་ཆོས་ཉིད་ཡིན་ལུགས་ནང་པ་ཚོས་བཤད་ཀྱི་ཡོད་པ་ལྟར་བུད་མེད་དབང་པོ་སྐྱོན་ཅན་འདིའང་རྒྱ་དེ་ལས་ཐར་ཐབས་མེད་པ་ང་ཚོ་ནང་བཞིན་ལོས་ཡིན།

 

 

འོན་ཀྱང་མོས་སོ་སོ་དབང་པོ་སྐྱོན་ཅན་ཡིན་པའི་གནས་སྟངས་དེ་སྔོན་མ་ནས་བརྗེད་ཟིན་པ་ལྟར་གང་ཟག་བདེ་ཐང་ཅན་ཚོ་དང་མི་འདྲ་བ་གང་ཡང་མེད་པར་གང་ཐུབ་ཀྱིས་གཞན་ལ་བརྟེན་མི་དགོས་པར་སོ་སོའི་སྒེར་གྱི་བྱ་བ་ཡོངས་ལས་སྟབས་བདེ་རུ་སྒྱུར་གྱི་འདུག དེའང་གཙོ་བོར་རྒྱལ་ཁབ་འདིས་དབང་པོ་སྐྱོན་ཅན་ལ་གཏོང་བའི་རོགས་དངུལ་ཕོན་ཆེན་ཡོད་པ་དང་། དེ་བཞིན་མོའི་འཚོ་བའི་དངོས་ནང་ལྟ་སྐྱོང་བ་ཚོའི་རོགས་རམ་ལ་གཙོ་བོར་བརྟེན་དགོས། འོན་ཀྱང་དབང་པོ་སྐྱོན་ཅན་གྱི་བུད་མེད་འདིས་རྒྱུན་གཏན་གྱི་འཚོ་བའི་གོ་རིམ་དུ་མོས་སྒེར་དང་འབྲེལ་བའི་གནད་དོན་ཆུང་ཙག་ཡིན་རུང་དེ་དག་གོ་རིམ་དང་ལྡན་པའི་སྒོ་ནས་ཞིབ་ཚགས་ཀྱིས་བཀོད་སྒྲིག་བྱེད་སྟངས་ལ་ང་ཡིད་སྨོན་ཐེངས་འགར་ཤོར།

 

 

 

དེ་མིན་བུད་མེད་འདིས་ང་ལ་དམིགས་བསལ་བའི་བག་ཆགས་ལྟ་བུ་བཞག་བྱུང་བ་དེ་ནི་མོས་གནད་དོན་ཐག་གཅོད་དུས་གཡོ་འགུལ་ཙམ་ཡང་མི་བྱེད་པའི་མོའི་བག་ལྷོད་པའི་ངོ་གདོང་དུ་མིག་གཉིས་ཀྱི་གཏིང་རིང་ཞིག་ནས་ངས་རྒྱུན་དུ་མཐོང་ཐུབ་པ་དེ་ནི་མོས་སོ་སོས་སྦ་བསམ་ཡང་སྦས་མི་ཐུབ་ལ། གཞན་གྱིས་ཀྱང་མོ་ལ་ཁྲེལ་མེད་སྣང་ཚུལ་གྱིས་ལྟ་སྲིད་ཀྱང་དེས་མོའི་བསམ་བློའི་གདིང་ཚོད་ལ་སྐྱོན་བཟོ་ཐུབ་ས་མ་རེད་སྙམ། དེ་ནི་བུད་མེད་དབང་པོ་སྐྱོན་ཅན་འདིའི་སེམས་བསམ་བློའི་སྤོབས་པ་དང་སེམས་ཤུགས་དེ་རེད་བསམ་གྱི་ཡོད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།