རྒས་མོ་འདི།

images/stories/754078592_453ba2abc8_o.jpgརྒས་མོ་འདི། The old women 老婦人

ངའི་ལས་ཀ་བྱེད་ཡུལ་བུ་མོ་རང་ལོ་ཉེར་བརྒྱད་ལ་སླེབས་པ་དེའི་ཨ་མ་ལགས་དང་ངེད་གཉིས་དེང་སང་འཆམ་རུ་འཆམ་རུ་འགྲོ་བཞིན་ཡོད།

ཁོང་མོ་ནི་ཨོ་གླིང་དུ་སླེབས་ནས་ལོ་ངོ་ཉེར་གྲངས་ལྷག་སོང་ཡོད་ལ། ཨོ་གླིང་དུ་འབྱོར་བའི་ཐོག་མའི་སྐབས་སུ་ཁོང་མོ་གཞན་གྱི་མ་ཚབ། རྒན་རྒོན་གཡོག་ལས། ཕྲུ་གུར་ལྟ་སྐྱོང་། གཙང་སྦྲ་གད་ཕྱིས་སོགས་བུད་མེད་ཀྱིས་འཇོན་ངེས་ཤུགས་ལས་རིགས་ཐ་དག་བྱས་ཟིན་འདུག་ཟེར་ནའང་འགྲིག་པ་འདྲ། དེང་སྐུ་གཟུགས་བདེ་མིན་གཙོས་རྒལ་ཡོལ་ལྟ་བུས་ཁྱོ་ཤུག་གཉིས་ཀ་ནང་ལ་ལྷོད་བསྡད་བྱས་ཡོད། ཁོང་གཉིས་ལ་བུ་མོ་དབང་པོ་སྐྱོན་ཅན་འདི་ལྟ་རྒྱུ་ཡོད་པའི་རྐྱེན་གྱིས་ཕྱི་ལ་དེ་ཙམ་འགྲོ་མི་ཐུབ་ཅིང་རྒྱུན་དུ་དེར་ལྟ་སྐྱོང་དགོས་སྟབས་ང་ལྟ་བུའི་ལྟ་སྐྱོང་བ་འགའ་འཚོལ་ནས་བུ་མོ་དབང་པོ་སྐྱོན་ཅན་གྱི་ཚོགས་པར་ལས་འགུལ་སྤེལ་སར་བསྐྱེལ་རོགས་དང་། རྒྱུན་དུ་ཞོགས་སྔ་ལང་ནས་མཚན་ཕྱི་ཉལ་བར་བུ་མོའི་གཟུགས་པོ་འཁྲུ་རོགས། གྱོན་ཆས་བརྗེ་རོགས། ཟས་སྤྲོད་རོགས། ཕྱི་རུ་འཆམ་འཆམ་ལ་འཁྲིད་རོགས་སོགས་རྒྱུན་གཏེན་གྱི་འཚོ་བའི་གོ་རིམ་བཞིན་ཟུར་ནས་ལྟ་སྐྱོང་དགོས་པ་ཞིག་རེད།

 

 

ང་ལྕམ་འདིའི་བུ་མོར་རོགས་སྐྱོར་བྱེད་དུ་ཡོང་ནས་ད་བར་ཟླ་བ་དྲུག་ལྷག་སོང་འདུག ཁོང་མོའི་ཕ་ཡུལ་ནི་ཨོ་གླིང་ནས་གནམ་གྲུའི་ནང་ཆུ་ཚོད་བཞི་དང་སྐར་མ་སུམ་བཅུའི་མཚམས་སུ་གནས་པའི་ཏཱོང་རྔ་ (https://en.wikipedia.org/wiki/Tonga ) ཟེར་བ་དེ་ནས་ཡིན་ཞིང་། ཨོ་གླིང་དུ་འབྱོར་ནས་ལོ་ངོ་ཉི་ཤུ་བརྒལ་ཟིན།

ཁོང་མོ་ནི་བུད་མེད་སྐུ་ཤ་རྒྱགས་ལ་སྐུ་གཟུགས་རིང་། སྐྲ་ལོ་སུ་ལུ་བསྣག་ལ་སྣུམ་ཞིང་། ངོ་གདོང་གི་ཁ་འབྲས་རྩིང་ཞིང་ལྗིད་ཆགས་པོ། ཕོ་སྐད་ཏོག་ཙམ་ལྡན་ཞིང་དུས་ཚོད་མང་ཆེར་ཧ་ཅང་རང་ཚུགས་འདྲ་བཟུང་མཁན་ཞིག་ཡིན།

 

 

བློ་ཕམ་པ་ཞིག་ལ་ཉེ་དུས་ཁོང་མོར་སྔར་ནས་ཡོད་པའི་ན་ཚའི་སྒང་རྐང་པ་འཆུས་ནས་སར་རིལ་རྗེས་དེ་ནས་ཡར་ལང་མ་ཐུབ་པར་མྱུར་སྐྱོར་ཛ་དྲག་གིས་སྨན་ཁང་དུ་བསྐྱེལ་སོང་བ་དེ་ཡིན། བདུན་འགའི་རྗེས་སུ་ཁོང་མོ་ནང་དུ་འབྱོར་བྱུང་མོད། ཞབས་གཅིག་མཁྲེགས་གཟུགས་ལྟ་བུའི་བསྟུམ་བྱེད་ཀྱིས་སྤུས་མོ་མ་ཆོད་ཚང་མ་དམ་དུ་བཅིངས་བཞག་འདུག ཁོང་མའི་གཅུང་མོས་རྐང་པ་གཤག་བཅོས་རྩ་བ་ནས་མ་བྱེད་ན་བཟང་ལུགས་བཤད་འདུག་ཀྱང་ད་ལྟའི་ཆར་ཐག་དེ་འདྲར་ཆོད་ཡོད་པ་མ་རེད། དེ་ནས་ཁོང་མོར་སྨན་ཁང་ནས་རྐང་པར་བྱམས་ཕྱིར་འཁོར་ལོ་ཅན་གྱི་ལག་འཇུ་ཞིག་ཀྱང་མཉམ་དུ་འཁྲིད་ཆོག་པ་བྱས་བཞག ཡིན་ཡང་ཁོང་མོ་སྔར་ལྟར་ཁྱིམ་ནང་དུ་ཅ་དངོས་ཆེ་ཆུང་མེད་པར་ཚང་མ་ཉར་ཚགས་དོ་དམ་ནན་པོས་མ་འོངས་པར་ཕ་ཡུལ་དུ་འཁྱེར་འགྲོ་གི་ཡིན་གསུངས་རྐྱང་གནང་གི་ཡོད་པ་རེད།

 

ཁོང་མོའི་ཕ་ཡུལ་ནི་ད་ལྟའི་ཆར་རྒྱལ་པོ་རིགས་ལུགས་ཀྱི་སྲོལ་ཡིན་འདུག འོན་ཀྱང་ཉེ་དུས་མི་ཤོག་ཁག་ཅིག་གིས་རྒྱལ་པོ་ལམ་ལུགས་དེ་དམངས་གཙོར་བསྒྱུར་དགོས་ཟེར་ནས་ལས་འགུལ་སྤེལ་གྱི་ཡོད་བཟོ་འདུག འོན་ཀྱང་ངའི་སྦྱིན་དབག་མའམ་ཁྱོ་ཤུག་འདི་གཉིས་དེ་སྔོན་གྱི་རྒྱལ་པོའི་ལམ་ལུགས་ལ་ཤིན་ཏུ་མོས་འདོད་ཆེ་བ་མ་ཟད། ད་ལྟའི་ཆར་དམངས་གཙོ་དགོས་འདུན་བཏོན་མཁན་གྱི་འགོ་གཙོ་དེ་མི་མགོ་བདེ་དྲན་འཕྲུལ། དབང་ཆར་འདོད་རྔམ་ཅན། མི་དམངས་མགོ་བསྐོར་གཏོང་ནས་ཁོ་རང་དབང་ཆའི་ཁྲི་ཐོག་སླེབས་ཐབས་གཙོ་བོར་བཙེགས་འཛིན་བྱེད་མཁན་ཞིག་དང་། མི་དམངས་ནས་ད་ལྟའི་ཆར་གྱི་རྒྱལ་པོ་འདི་མི་ཡ་རབ་བག་འཕེལ་ཞིང་སེམས་བཟང་ཅན། ཁུལ་རང་གི་མི་དམངས་ཀྱི་བདེ་སྡུག་ངོ་མ་ལ་གཟིགས་མཁན་ཞིག་ཡིན་ཚུལ་དང་། དེའང་རྒྱལ་པོས་མུ་མཐུད་ཡུལ་འདིའི་ཆེས་མཐའི་དབང་ཆ་བཟུང་རོགས་བྱས་ན་བསམ་ནས་རེ་བ་ཆེན་པོ་ཡོད་རྒྱག་མཁན་གྲལ་རེད།

 

 

ངས་ང་ཚོའི་བོད་ཀྱི་གནས་སྟངས་སུ་དམངས་གཙོར་ཕྱོགས་རྒྱུ་གལ་ཆེན་དོན་ཆེན་ཡིན་ཞིང་དམར་ཤོག་གཅིག་བསྡུས་རིང་ལུགས་ཀྱིས་ང་ཚོའི་མི་རིགས་འདིར་གྱོང་རྒུད་མཛོ་རོ་འདྲ་པོ་འཁྱེར་དགོས་བྱུང་བར་བཟོས་ལུགས་དང་། ཡག་ཤོས་འབྱུང་ན་ཆབ་སྲིད་དམངས་གཙོར་བསྒྱུར་ཐབས་སྤེལ་རྒྱུ་དང་། དེའང་རྒྱལ་པོ་འདི་མུ་མཐུད་དབང་ལྡན་དུ་འགྱུར་ན་བཟང་ལུགས། གལ་ཏེ་རྒྱལ་པོ་འདི་མ་བཞུགས་པའི་དུས་སུ་གཞན་རྒྱལ་པོ་འདི་ལྟ་བུ་བཟང་པོ་ཞིག་ཡོང་ཐུབ་མིན་ཐེ་ཚོམ་ལས་དམངས་ཚོས་མི་རེ་ངོ་རེས་ཆབ་སྲིད་ཀྱི་གཙོ་འཛིན་འོས་འདེམས་བྱས་ན་ལེགས་ཚུལ་སོགས་སྒེར་གྱི་བསམ་ཚུལ་བཤད་ཡོད་མོད།

 

 

ཁོང་མོས་མི་བཟང་པོ་ཞིག་ཁྲི་ཐོག་ཏུ་མ་སླེབས་ན་དམངས་གཙོ་མི་དགོས་གཞན་ཆབ་སྲིད་ལམ་ལུགས་གང་འདྲ་ཡིན་ཡང་སྟོང་པ་རེད། མྱོང་མཁན་ག་དུས་ཡིན་ཡང་མི་དམངས་དཀྱུས་མ་རེད། དེ་བས་ཆབ་སྲིད་ལམ་ལུགས་སྲོལ་རྒྱུན་ལྟར་ཡིན་རུང་མི་བཟང་པོ་ཁ་ཞེ་གཉིས་མེད་ཀྱིས་མི་དམངས་ཀྱི་བདེ་སྡུག་ལ་ལྟ་མཁན་བྱུང་ན་དེ་གས་འགྲིག་པ་རེད་སོགས་གསུངས་ཏེ་ངའི་བསམ་འཆར་ལ་ཉན་བརྩིས་མི་འདུག་ལ། ད་དུང་ཁོང་མོར་དུས་ཚོད་ནམ་འབྱུང་ལ་དྲ་ཐོག་ནས་གཉེན་ཉེ་ངོ་ཤོས་ཚོར་ཁ་བརྡ་སོགས་གནང་ཞིང་མུ་མཐུད་རྒྱལ་པོ་འདི་ཡོང་ཐབས་ལ་རེ་བ་བཅང་བཞིན་འདུག

 

 

ཁོང་མོས་ངའི་ཕྱོགས་ནས་ང་ཚོའི་བོད་ཀྱི་གནས་སྟངས་མཁྱེན་རྟོགས་ཡོད་ཕྱིན། ཁོང་ཚོའི་ས་ལའང་དེང་རྒྱ་མིས་ཅ་དངོས་མང་པོ་གུང་ཆུང་བཙོང་བ་དང་། ས་བཅུད་ཡུལ་བཅུད་བསྔོག་ནས་དངུལ་བཟོས་རྗེས་རྒྱ་ནག་ལ་འཁྱེར་ཐབས། དེ་མིན་འབྲས་ནང་བྱེ་མ་མང་པོ་ཡོད་པ་དེ་དག་དམངས་ལ་བཙོང་བ། འཇིག་འབྲེལ་སྡོད་པའི་གྱོན་ཆས་རིགས་མང་པོ་གུང་ཆུང་གི་ཡུལ་མིར་བཙོང་བ། ཡུལ་མིའམ་དར་གཞོན་གྱི་ལས་མིར་གླ་ཆ་ཉུང་ཉུང་སྤྲད་དེ་ཨར་ལས་སུ་འཁྲིད་འགྲོ་བ་སོགས་རྒྱ་མི་འདི་ཚོ་ངན་དགུ་ཚང་བ་ལྟ་བུ་གཟིགས་བཞིན་པར་བརྟེན། ཁོང་མོས་རྒྱུན་དུ་ནས་གང་ནུས་ཅི་གཅོག་གིས་ཨོ་གླིང་གི་གད་སྙིགས་དང་ཅ་དངོས་གུང་ཆུང་རིགས་བསྡུས་པའམ་སྡེབས་ཉོས་ཀྱིས་ཕ་ཡུལ་དུ་བསྐྱེལ་ཐབས་དང་བཙོང་ཐབས་གནང་གི་འདུག

 

 

ངས་མཚམས་རེར་ཁོང་མོའི་དབང་པོ་སྐྱོན་ཅན་གྱི་བུ་མོ་ཐ་ཆུང་གི་གཟུགས་པོ་འཁྲུ་རོགས་གཙོས་གཙང་མ་བཟོས་ནས་སློབ་གྲྭའམ་བྱ་འགུལ་དུ་བསྐྱེལ་ཚར་རྗེས་ངའང་ལས་ཀ་གཞན་མེད་པའི་དུས་དང་བསྟུན་ནས་ངེད་གཉིས་ལྷོད་ལྷོད་ཀྱིས་ཁོང་མོས་གང་ས་གང་ལ་བསགས་བསྒྲུབས་གནང་བཞག་པའི་ཅ་དངོས་དེ་དག་བསྡུ་གསོག་རྒྱག་ནས་ཁོང་མོའི་ཕ་ཡུལ་དུ་བསྐུར་ཆོག་ཆོག་བཟོ་གི་ཡོད།

 

 

སྐབས་དེར་ཁོང་མོའི་བཟའ་ཟླས་རྟག་ཏུ་ད་ཡིན་ན་ཁྱོད་གཉིས་ཀྱིས་གད་སྙིགས་དེ་དག་ལ་བདག་པོ་ཡག་པོ་རྒྱོབས་ཤོག་ཨ། ཧ་ཧ་ཧ་ཧ་ཟེར་ནས་རྩེད་མཚར་གནང་གི་ཡོད་པ་རེད།

ངས་ཀྱང་སྦྱིན་བདག་ཨ་མ་ལགས་ཀྱི་རྒྱབ་རྩར་ལང་གི་ཡོད་མདོག་གིས། ཨོ་གླིང་དུ་མི་མཁོ་བའི་ཅ་དངོས་དེ་དག་ཚང་མ་ཁྱེད་ཚོའི་ཕ་ཡུལ་བསྐྱེལ་ཐུབ་ན་དགའ་བ་ལ། ངས་ཀྱང་དེ་འདྲ་བྱ་འདོད་ཀྱང་ཡོང་ཐབས་མི་འདུག་མ་གཏོགས་་་ ཁོང་མོས་བྱ་བ་བཟང་པོ་ཞིག་གནང་བཞིན་ཡོད་པ་དེར་ཁྱེད་ཁོང་མོའི་བཟའ་ཟླ་ཡིན་པའི་ཆ་ནས་དེར་རྒྱབ་སྐྱོར་དང་ཕྱག་གྲུ་མཉམ་འདེགས་གནང་དགོས་པ་རེད་སོགས་བཤད་དེ་ངེད་གསུམ་རྒས་མོའི་ཅ་དངོས་མང་དག་དེ་དག་སྤུངས་སར་སྡོད་དེ་རྩེད་མོ་བཤད་ཀྱི་ཡོད།

 

 

གང་ལྟར་རྒས་མོ་ཁོང་ཉིན་འགའི་རིང་སྨན་ཁང་དུ་སོང་རིང་ང་རང་སྔར་བཞིན་ཁོང་མོའི་བུ་མོ་དབང་པོ་སྐྱོན་ཅན་དེའི་གཟུགས་པོ་འཁྲུ་རོགས་དང་། ཕྱིར་འཁྲིད་དེར་ལྡུམ་རའི་ནང་གོམ་བགྲོད་བྱེད་རོགས་སོགས་དགོས་པ་གོར་མ་ཆག ཁོང་མོ་ཁྱིམ་དུ་མེད་རྐྱེན་མཚམས་རེར་ཁང་པ་ཆེན་པོ་འདིའི་ནང་ད་དུང་ཡང་ཁོང་མོའི་བཟའ་ཟླ་དང་བུ་མོ་གཞན་ཞིག་དང་མོའི་བུ་ཆུང་། དབང་པོ་སྐྱོན་ཅན་གྱི་བུ་མོ་དེ། ད་དུང་ང་བཅས་ངེད་ཚོ་མི་ལྔ་ཡོད་ཀྱང་ངའི་སེམས་ནང་སྟོང་ལྷང་ལྷང་གི་ཚོར་བ་ཞིག་ཡོང་གི་འདུག

 

 

དེའི་རིང་སྒེར་ངོས་ནས་ལས་བྲེལ་གྱིས་དབང་གིས་ཁོང་མོ་སྨན་ཁང་དུ་ཡོད་དུས་ལྟ་ས་ལའང་བཅར་མ་ཐུབ་ཀྱང་དེང་སང་ཁོང་མོ་ཕྱིར་ཁྱིམ་དུ་འཁོར་ཉིན་ཤིང་ཏོག་སོགས་ཉོས་ནས་ལྷོད་བཅར་ཞུས་པ་མ་ཟད་ང་རང་ཡང་སེམས་པ་དགའ་ལྷང་ལྷང་ལྟ་བུ་ཞིག་ཡོང་གི་འདུག་གོ

 

 

དེང་སང་ང་ནི་ལས་ཀའི་སྟབས་ཀྱིས་ཁོང་མའི་ཁྱིམ་དུ་བདུན་གཅིག་ནང་ཉིན་མ་བཞི་ཙམ་རེ་འགྲོ་བཞིན་པའི་སྒང་ཡིན། ངའི་སེམས་ཀྱི་རེ་བ་ཉག་ཅིག་གམ་གཙོ་བོ་ཁོང་མོའི་ཞབས་གང་མགྱོགས་ཡར་དྲག་བསྐྱེད་ཀྱིས་ཁྱིམ་འདིའི་བདག་མོ་ངོ་མ་སྔར་བཞིན་ཡོང་ཐུབ་པར་སྒེར་ངོས་ནས་གང་ས་ཅིའི་ཐད་ནས་ཁོང་མོར་རོགས་ཕན་གང་ཐུབ་དང་སེམས་ནས་ཀྱང་སྨོན་ལམ་འདེབས་ཀྱི་ཡོད་དོ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།