རྒན་རྒོན་འདི་གཉིས།

images/stories/gdimage_temp1.jpgརྒན་རྒོན་འདི་གཉིས། 

These two old people

這倆個老人

 

ང་ཉིན་འདི་དག་གི་རིང་སེམས་པ་ཏོག་ཙམ་སྐྱོ་ནས་བསྡད་ཡོད། གང་ཡིན་ཟེར་ན། ང་ལས་ཀ་བྱེད་སའི་མ་རྒན་དགུང་ལོ་གོ་གཉིས་ལ་ཕེབས་པའི་ཁོང་མོ་ང་ལས་ཀ་བྱེད་ཉིན་མོར་ཛ་དྲག་གི་སྨན་ཁང་དུ་བསྐྱེལ་སོང་།

 

ཉིན་དེའི་ཞོགས་པ་ཆུ་ཚོད་བརྒྱད་ཡོལ་ཙམ་ལ་ངས་སྒོ་རྡུང་སྐབས་མྱུར་སྐྱོར་བའི་སྒྲིག་ཆས་ཆ་ཚང་སྤྲས་པའི་མི་སྣ་ཞིགིས་སྒོ་ཕྱེས་བྱུང་། ངས་སོ་སོ་ངོ་སྤྲོད་བྱས་རྗེས་ཁོང་གིས་རྒས་མོ་ཏོག་ཙམ་བདེ་མིན་བཤད་ཅིང་དུས་མཚུངས་སུ་ཐོག་བརྩེགས་སྐས་འཛེགས་ནས་མྱུར་སྐྱོར་བ་བུད་མེད་ཅིག་གིས་ལག་གཅིག་གིས་ཕྱག་ཟུང་ལ་གནམ་ཁབ་བརྒྱབ་ཅིང་སྨན་ཆུ་བཏང་བའི་ཤེལ་དམ་ལག་གཅིག་འདེགས་ཡོད་པའི་རྒས་མོ་སྐྱོར་ནས་མར་དལ་བུར་ངང་སླེབས་བྱུང་།

 

 

ང་ལམ་སེང་རྒས་མོ་སར་བཅར་ཞིང་མོའི་འགྲམ་པར་འོ་སྦྱོར་ཞོར་ཁྱེད་རང་ག་རེ་གནང་སོང་ངམ། ཞེས་དྲིས། ཁོང་མོས་ངའི་སྙིང་ནད་དེའི་རྐྱེན་གྱིས་རེད། ནང་ལ་ངའི་བཟའ་ཟླ་ཡོད་རེད། སེམས་འཁུར་མ་བྱེད། སྨན་ཁང་དུ་སླེབས་སོང་ན་འགྲིག་ཚར་རེད་ཅེས་གསུངས། ང་རང་སེམས་པ་ཏོག་ཙམ་སྐྱོ་བཞིན། ཁྱེད་རང་མགྱོགས་པོ་ཕྱིར་ཁྱིམ་ལ་ལོག་ཤོག་ཨང་། ཞེས་བཤད་རྗེས་མོ་རང་མྱུར་སྐྱོར་བས་ཕྱི་ལ་འཕྲིད་སོང་། ངས་འཁྲུས་ཁང་དུ་གྱོན་གོས་འཁྲུ་རྒྱུ་བཞག་ཡོད་མེད་ལྟ་བཞིན་པའི་སྒང་ཁོང་མོའི་བཟའ་ཟླ་རྒས་པོ་སྐས་འཛེགས་ནས་མར་བབས་བྱུང་། ང་དེ་མུར་ཕར་སོང་ནས་ཁོང་མོ་ལ་སྐྱོན་ཆེན་པོ་མེད་པ་ཤོག ཅེས་པར་ཁོང་གིས་ལྷ་མོ། ངའང་དེ་རིང་སྨན་ཁང་དུ་ངའི་བཟའ་ཟླར་རོགས་པ་བྱེད་དུ་འགྲོ་དགོས། ཁྱིམ་ནང་སྔོན་མ་ལྟར་ག་རེ་དགོས་མིན་ཁྱོད་ཀྱིས་ལྟ་རོགས། དཀའ་ལས་ཁག་བྱུང་ན་ཐབ་ཚང་ནས་ཚིགས་ཇ་བཟོས་ནས་འཐུང་། མངར་མོ་ཟ་ནའང་ཐབ་ཚང་གི་ཅོག་ཙེའི་སྒང་ལ་ཡོད། དེ་ནས་ང་ཁྱོད་ཀྱི་ལས་ཀའི་དུས་ཚོད་ཡོལ་རྗེས་ཀྱང་ང་ཕྱིར་འཁོར་མ་བྱུང་ན་ཁྱོད་རང་གིས་སྒོ་བརྒྱབ་ནས་ལོག་འགྲོ་ན་འགྲིག་གི་རེད། ཅེས་ཟེར་ནས་ཕྱིར་དོན་སོང་།

 

 

ང་གཅིག་པུར་ཁང་པ་ཐོག་བརྩེགས་ཉིས་ཐོག་འདིའི་ནང་ཅི་བྱ་གཏོལ་མེད་ལྟར་འབོལ་གདན་ཐོག་བསྡད་ནས་ཅུང་ཙམ་ལུས། ངས་གྱོན་ཆས་རྣམས་འཁྲུས་འཁོར་དུ་བླུགས་ནས་ཁོང་གཉིས་ཀྱི་ཉལ་སར་སོང་། མལ་ཆས་གྲ་འགྲིག་བཅས་ནས་གཞན་གྱོན་ཆས་འགའ་རེར་དབུགས་ཐིག་རྒྱག་བརྩིས་བྱས། ཁུ་སིམ་སིམ་གྱི་ཁང་ཆེན་དེའི་ནང་རླུང་འཕྲིན་འཁོར་ལོ་ནས་ཁྱེད་ནི་ངའི་སེམས་ཀྱི་ནོར་བུ་ཡིན། ཁྱོད་དང་ཁ་བྲལ་ན་ང་འཇིག་རྟེན་འདིར་བསྡད་ཐབས་དཀའ་་་སོགས་མཛའ་གཞས་དེའི་སྐད་གོ་དུས་ངའི་སེམས་སུ་ཆང་ས་བརྒྱབས་ནས་ལོ་ངོ་ཧྲིལ་པོ་དྲུག་བཅུ་བརྒལ་ཟིན་པའི་རྒས་འཁོག་འདི་གཉིས་རྒྱུན་དུ་ནས་ཕན་ཚུན་དབར་བརྩེ་དུང་བཅང་ཞིང་ཕན་ཚུན་གཅེས་སྤྲས་བྱེད་སྟངས་འགའ་ཡིད་ལ་འཆར་བཞིན་མི་ལུས་འདི་ངོ་མ་རྟག་པ་བརྟེན་པ་མེད་པ་རེད་བསམ་ནས་མིག་གཉིས་ཆུ་ཡིས་བརླན་པར་བཟོས།

 

 

 

རྒས་འཁོག་འདི་གཉིས་དབར་ཕན་ཚུན་བརྩེ་དུང་བཅང་སྟངས་ལ་ང་རང་ཡིད་སྨོན་ཐེངས་མང་འཆོར་མྱོང་། སྤྱིར་ན་ཁོང་གཉིས་ཀྱིས་ཞོགས་ཇ་འཐུང་བའི་དུས་དང་བསྟུན་ཕྱི་ནང་གསང་གསུམ་གྱི་གནས་སྟངས་ཐོག་བགྲོ་གླེང་ལྟ་བུ་གནང་གི་ཡོད་ལ། སྤྱིར་ན་མགོ་སེར་འདི་ཚོ་ཕལ་ཆེར་ང་ཆེ་ང་རྫིགས་ང་ལས་མི་མིན་རྐུབ་ལས་ཤ་མེད་ཟེར་མཁན་འདྲ་ངས་རྟག་པར་མཐོང་སྣང་དུ་ཡོང་གི་ཡོད་མོད། འོན་ཀྱང་རྒས་འཁོག་འདི་གཉིས་ནི་ང་ལ་འཛེམས་དོགས་ལྟ་བུ་ཁྱོན་ནས་གནང་གི་མེད་ཅིང་དེ་སྔོན་ཉིན་ལྟར་འཚོ་བའི་གོམས་གཤིས་ལྟར་རང་འཇག་གནང་སྲོལ་ཡོད།

མཚམས་རེར་ཁོང་གཉིས་བསམ་ཚུན་མཐུན་མིན་འདྲ་ཡོང་གི་ཡོད་ཚོད་རྒས་པོའི་སྐད་མགོ་མཐོ་རུ་འགྲོ་བཞིན་ཁོའི་ཁ་ལ་ངེས་པར་མ་ཉན་ན་མི་འགྲིག་པ་ལྟ་བུ་མངོན་པའི་སྐབས་དེར་་རྒས་མོས་ག་དུས་ཡིན་ཡང་མཚར་གཏམ་འདྲ་བཤད་དེ་རྒས་པོའི་ཚོར་བ་ལྷོད་ལ་འབབ་བཅུག་གི་འདུག་པ་ངས་ཐེངས་འགར་མཐོང་བས་ཁྱོ་བོར་བཟོད་སྒོམ་གནང་མཁན་གྱི་རྒས་མོ་འདི་ལ་ངས་སྨོན་པའང་གཞན་ལས་མང་བ་ཤོར་མྱོང་།

 

 ཁོང་གཉིས་ཧ་ཅང་འཆམ་མཐུན་སྐབས་སུ་ཕན་ཚུན་ལག་ནས་འཇུས་ཏེ་མདུན་ཅོག་ཕྱོགས་སུ་འགྲོ་བ་དང་ཚིགས་ཇ་མ་འཐུང་བའི་སྔོན་དུ་ཕན་ཚུན་བརྩེ་བ་ཟབ་མདོག་གིས་འོ་སྦྱོར་གྱི་ཡོད། ཡང་ཐེངས་ཁ་ཤས་ཁོང་གཉིས་མདུན་གྱི་མེ་ཏོག་ལྡུམ་རའི་ནང་ཕན་ཚུན་འཐམ་ནས་ཅུང་ལང་བསྡད་པའང་ངས་མཐོང་སོང་། སྐབས་དེ་འདྲའི་དུས་ངའི་སེམས་ལའང་སྤྲོ་སྣང་གིས་སེམས་རྩ་དྲོད་སོབ་སོབ་འདྲ་ཡོང་གི་ཡོད། ཁོང་གཉིས་ནང་དུ་བཞུགས་སྐབས་དུས་ཚོད་མང་ཆེར་སོ་སོའི་དགའ་མོས་ཀྱི་ལས་འདྲ་གནང་ནས་ཡོད་པ་རེད། རྒས་པོས་གཤམ་འོག་གི་ཁང་པའི་ནང་རླངས་འཁོར་དང་འཕྲུལ་ཆས་བཅོས་བསྒྲིག་འདྲ་རྐྱང་གནང་ནས་ཡོད་པ་རེད་ལ། རྒས་མོས་ནང་གི་ཙག་ཙིག་འདྲ་གཙང་སྦྲ་དང་དེབ་ལྟ་བ། ང་དང་ཁ་བརྡ་ཅུང་གནང་རྒྱུ། དེ་མིན་དུས་ཚོད་མང་ཆེར་མོའི་མདུན་ཅོག་ཆེན་པོ་དེའི་ཐོག་ནས་རི་མོ་འབྲི་ནས་བཞུགས་ཀྱི་ཡོད་པ་རེད།

 

 

རྒས་འཁོག་ཁོང་གཉིས་ཆང་ས་བརྒྱབས་ནས་ད་བར་ལོ་ངོ་ཧྲིལ་པོ་རེ་གཉིས་འགྲོ་གི་ཡོད་པ་རེད་འདུག དེའང་ཡཱེ་ཤུའི་ཆོས་ལུགས་ནང་གི་སྡོམ་ཁྲིམས་ལྟ་བུས་ཕོ་མོ་སུ་ཡིན་རུང་གཞན་ལ་ལོག་གཡེམ་གྱི་བྱ་སྤྱོད་ལ་ཧ་ཅང་འཛེམས་ཟོན་གྱིས་མི་ཚེ་མཐའ་འཁྱོལ་གནང་སྟངས་སྐོར་ཁོང་གཉིས་ཀས་སྤོབས་པ་དང་དགའ་སྣང་བཅས་ང་ལ་གསུངས་མྱོང་།

ཤེས་གསལ་ལྟར་ན་རྒས་པོ་འདི་དེ་སྔོན་གྲུ་གཟེངས་ཀྱི་བདག་པོ་དང་གྲུ་གཟེངས་བཟོ་མཁན་ཡང་ཡིན་པ་དང་། ཁོང་ལོ་ཆུང་དུས་རྒྱ་མཚོའི་ནང་དཀྱལ་རྒྱུར་ཧ་ཅང་དགའ་མཁན་དང་པང་ལེབ་སྟེང་རྒྱ་མཚོའི་རྦ་རླབས་བརྒལ་རྒྱུའི་འགྲན་བསྡུར་ཁྲོད་ནས་བྱ་དགའ་གཟེངས་རྟགས་ཀྱང་ཐོབ་མྱོང་མཁན་རེད་འདུག ཁོང་གིས་སོ་སོས་སྨྱུག་ཤིང་གིས་བཟོས་པའི་གྲུ་ཆུང་དེ་དང་གཟེངས་རྟགས་རག་པའི་བུམ་གཟུགས་དེ་མལ་མགོའི་འཁྲིས་ཀྱི་མདུན་ཅོག་ཐོག་མཐོང་བདེ་སར་བཞག་ཡོད། འོན་ཀྱང་ད་ལྟའི་ཆར་ཁོང་ནི་ལོ་རྒན་བརྒྱད་བཅུ་བརྒལ་ཟིན་ཞིང་། རྐང་པ་གཉིས་ཅུང་བདེ་མིན་གྱིས་རྒྱུན་དུ་ཏོག་ཙམ་འཁྱར་འཁྱོར་གྱིས་འགྲོ་གི་ཡོད། མ་ཁང་འོག་གི་རླང་འཁོར་བཞག་སའི་ཁང་མིག་དེ་ནི་ཁོང་ཉིན་ལྟར་དུས་ཚོད་གཏོང་སའི་ཁོར་ཡུག་དེ་ཡིན་ལ། སྐབས་དེར་ཟུར་དུ་རླུང་འཕྲིན་ནང་གི་མཛའ་གཞས་ཉན་རྒྱུར་དགའ་བ་དེ་ནི་སེམས་སྤྲོ་པོ་ཡོང་ཐུབ་པའི་བྱ་བ་ཆུང་ཙག་ཡིན་ཡང་དགའ་སྣང་འོས་པ་ཞིག་རེད་སྙམ། དེར་ཁོང་གིས་རླངས་འཁོར་དང་སྦག་སྦག་གི་སྐྱོན་ཆ་བཅོས་པ་དང་། ཡང་ན་ཀློག་གི་འཕྲུལ་ཆས་ཆུང་ཙག་རིགས་ལ་དཔྱད་པ་སོགས་གང་ལྟར་མདུན་དུ་པང་གདན་ཆེན་པོ་ཞིག་གྱོན་ཞིང་། གང་ལྟར་དགུང་ཟས་ཟ་རན་དུས་རྒས་ཤེལ་འོག་ནས་ལག་གཉིས་དང་གདོང་ལ་ནག་ནོག་འདྲ་བཟོས་ནས་འཛུམ་མུལ་མུལ་གྱིས་ཡར་ཕེབས་ཀྱི་ཡོད།  

 

 

དེ་ནས་ཞོགས་ཟས་དང་དགུང་ཟས་ཀྱི་དུས་ལ་སླེབས་ན་ཁོང་གིས་ཁ་ངོ་འཁྲུས་ཏེ་རྒས་མོས་ཁོ་པར་གྲ་བསྒྲིགས་ཨང་གསར་བྱས་པའི་ཟས་དང་ཚིགས་ཇ་མཉམ་དུ་ལྷོད་དུ་འཐུང་སྲོལ་ཡོད། ཁོང་ནི་ཞལ་ལ་ཧ་ཅང་ཡིད་འོང་གི་འཛུམ་ལྡན་པའི་རྒས་པོ་ཞིག་ཡིན།

འོག་ཁང་ནས་སྒང་ལ་ཕེབས་དུས་ཀྱང་ག་དུས་ཡིན་ཡང་ཐོག་མར་རྒས་མོའི་མཆུ་ཏོར་འོ་སྦྱོར་ནས་ཁོང་གཉིས་མཉམ་དུ་ལྷོད་དལ་ངང་བཞུགས་གནང་སྲོལ་ཡོད།

ཁོང་གཉིས་ལ་བུ་རྒྱུད་བཞི་ཡོད་པའི་ནང་ང་ལས་ཀ་བྱས་ཡུན་རིང་བུ་མོ་ཆེ་བ་དེ་དང་བུ་ཞིག་ནང་དུ་ཐེངས་གཉིས་ཙམ་སླེབས་མྱོང་། བུ་མོ་དེ་ནི་ཕོའི་བཟོ་ལྟ་ཆེན་པོ་དོད་ཅིང་བཤད་སྲོལ་ལྟར་ན་མོ་རང་སྦག་སྦག་བཞོན་རྒྱུར་ཤིན་ཏུ་དགའ་མཁན་ཞིག་ཡིན་པ་ལས་རླངས་འཁོར་ལ་དེ་ཙམ་མི་དགའ་མཁན་ཞིག་ཡིན་ཟེར། མོས་རླངས་འཁོར་དུ་སྦུ་སུག་དོགས་ལུགས་དང་སྦག་སྦག་ལམ་དུ་ཆས་བདེ་ལུགས་ཕྱིའི་ཁ་རླུང་རྔུབ་ཐུབ་ལུགས། སྟེར་བཟོ་དོད་ལུགས་སོགས་བཤད་ཅིང་བུད་མེད་ཁ་གསང་པོ་ཞིག་རེད་འདུག

 

 

འོན་ཀྱང་ང་རང་ནི་རྒས་མོ་དེ་ལ་ཅུང་དོ་སྣང་ཆེ་བའམ་སེམས་ཐག་ཉེ་བ་ལྟ་བུ་ཞིག་ཡིན། གང་ཡིན་ཟེར་ན། མོ་རང་སློབ་ཆེན་ནས་ཐོན་རྗེས་ཆེད་ལས་རི་མོ་འབྲི་མཁན་གྱི་སྒྱུ་རྩལ་བ་ཞིག་གི་ལས་སུ་འཇུག་ཅིང་ད་བར་སློབ་གྲྭ་དང་ཚོགས་པ་ཁག་ཅིག་གི་ནང་དུ་རི་མོའི་དགེ་རྒན་ཡང་བྱས་མྱོང་འདུག ཁང་པའི་གྱང་ཐོག་གང་སར་མོས་བྲིས་པའི་ནང་ཁྱབ་ཆེའི་ཡུལ་ལྗོངས་ཀྱི་རི་མོ་ནི་ཧ་ཅང་ཉུང་། དེ་མིན་ངོ་གདོང་མི་གསལ་བའི་མི་སྣའི་པར་དང་། གཞན་ཤིང་སྣ་དང་མེ་ཏོག ཤིང་ལོའི་ཟིལ་པ་སོགས་དངོས་པོ་རེ་ཟུང་གི་ཟུར་གྱི་མཛེས་པ་མངོན་ཞིང་། རྒྱ་མཚོའི་ནང་གི་ཉ་མོ་དང་རྩི་ཤིང་། ཕྲུ་གུས་རྩེད་མོ་རྩེད་སྟངས། ཁྱི་དང་བིའུ་སོགས་སྲོག་ཆག་རིགས་ལ་རྣམ་འགྱུར་མི་འདྲ་ཞིང་ཁྱད་ཆོས་མི་འདྲ་བ་ཧ་ཅང་ལྡན་ཡོད།

 

 

དེ་མིན་མོས་དེང་དུས་ནས་འགོ་བརྩམས་ཆོས་ལུགས་འདྲ་མིན་གྱི་ལྷ་སྐུ་ཐུགས་བརྟེན་འདྲའང་འབྲི་བཞིན་འདུག་པ་མཐོང་སོང་སྟབས་དེ་མུར་ངས་ནང་པ་ཚོས་སངས་རྒྱས་ཀྱི་སྐུ་སྣ་ཚོགས་གཟུགས་ཅན་དུ་བྲིས་ཡོད་ཅིང་། ཆོས་ལུགས་དང་འཇིག་རྟེན་གཉིས་མཉམ་གཅིག་ཏུ་བསྲེས་པའི་ལྷ་བྲིས་མང་པོ་ཡོད་ལུགས་དང་། དེའང་རི་མོའི་སྒྱུ་རྩལ་གྱི་ཚད་ཧ་ཅང་མཐོན་པོ་ཡིན་ལུགས་ཕྱི་ལུགས་མཁས་པས་གསུངས་མྱོང་ཞིང་དགའ་མོས་ཀྱང་ཆེ་ལུགས་སོགས་བཤད་རྗེས་ངེད་གཉིས་མཉམ་དུ་དྲ་ཐོག་ནས་ཐུགས་སྐུ་འགའི་འདྲ་པར་ལ་མཉམ་དུ་བལྟས་པས་མོས་བོད་བྲིས་ཐང་གའི་སྒྱུ་རྩལ་མཛེས་རིས་ནི་སྤུས་ཚད་ལ་ཧ་ལས་ཧོན་འཐོར་དགོས་པ་རེད་གསུངས་སོང་།

 

 

ངས་ཁྱེད་ཀྱིས་ང་ལ་ཐེངས་ཤིག་སངས་རྒྱས་སམ་ཡང་ན་རྒྱལ་བ་རིན་པོ་ཆེའི་སྐུ་པར་ཞིག་འབྲི་རོགས་གནོངས། ཁྱེད་ཀྱིས་དེ་བྲིས་ཚར་སོང་ན་ངས་བྲིས་གླ་ཕུལ་ཆོག་ཅེས་རྩེད་མཚར་དང་སྦྲགས་བཤད་པར་ཁོང་མོས་འཛུམ་དང་བཅས་ང་མིའི་ངོ་གདོང་འབྲི་རྒྱུར་དེ་ཙམ་དགའ་པོ་མེད། འོན་ཀྱང་ཁྱོད་ཀྱིས་ང་ལ་ཏཱ་ལའི་བླ་མའི་པར་ཞིག་འཁྱེར་ཡོང་ན་ངས་ཚོད་ལྟ་ཞིག་བྱ་ཆོག་གསུངས་སོང་བས་ང་རང་ཧ་ཅང་དགའ་པོ་བྱུང་།

དེང་སང་ཁོང་མོའི་སྐུ་གཟུགས་ཅུང་ཐང་དུ་སོང་བ་མ་ཟད། ང་རང་ཡང་མོས་ང་ལ་སངས་རྒྱས་སམ་རྒྱལ་བ་རིན་པོ་ཆེའི་པར་ཞིག་འབྲི་རྒྱུར་སྒུག་སྡོད་ཡོད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།