བོད་དོན་ལས་འགུལ་སྤེལ་སྟངས་ཤིག

images/stories/logo17.gifབོད་དོན་ལས་འགུལ།

Tibet issue in Australia

在澳洲說西藏

ཉེ་དུས་ཤིག་ལ་དྲ་གྲོགས་གཅིག་གིས་གུས་མོ་ཨོ་གླིང་དུ་སླེབས་ནས་བཟུང་རྒྱ་མཚོའི་ནང་རྡོ་གཡུགས་པ་ལྟར་བོད་དོན་ལས་འགུལ་སྤེལ་རྒྱུ་བཞག་སྟེ་གོ་རྒྱུ་ཚོར་རྒྱུ་མི་འདུག་གསུངས་འདུག སྐད་ཆ་དེ་ངོ་མ་ངའི་སེམས་ཀྱི་ཟབ་ས་ལ་ཕོག་བྱུང་། འོན་ཀྱང་ངས་ཁོང་ལ་འདི་ཕྱོགས་ཀྱི་དཀའ་ཁག་གི་གནས་སྟངས་ངོ་མ་དང་། ཨོ་གླིང་ནས་ང་ར་མ་ཇི་ལྟར་འཕགས་འཚག་རྒྱག་ཀྱང་རྒྱལ་ཁབ་འདིའི་སྒྲོམ་གཞིའི་ཀ་བ་བསློག་ཐབས་མེད་སྟངས་སྐོར་ཡུས་ཏོག་ཙམ་བཤད་བསམ་པ་དེའང་གཡུགས་བཞག་པ་ལས་ཞུ་སྙིང་མ་འདོད་པ་གྱུར།

སྤྱི་བཤད།

 

 

སྤྱིར་ན་འདི་གསར་དུ་འབྱོར་བ་རྣམས་ཕལ་ཆེར་ལོ་གསུམ་ཡས་མས་ཙམ་དུ་སྒེར་གྱི་འཚོ་བ་གཏན་འཇགས་བཟོ་རྒྱུའི་ཆེད་དུ་ལས་འཇུག་དང་། དེ་མིན་གྱི་ལམ་ལུགས་གསར་པར་གོམས་ལོབ་དགོས་པ་སོགས་ཀྱིས་མིག་གཡུག་ཙམ་གྱིས་དུས་ཚོད་འདའ་འགྲོ་གི་ཡོད་པ་རེད་ལ། གང་ཟག་སུ་འདྲ་ཞིག་ཡིན་ཡང་འཚོ་བའི་རྐང་ཚུགས་དགོས་ཤིང་མི་འགྲོ་འགྲོ་མི་འདུག་འདུག་ཅེས་པ་ལྟར་སྔོན་འགྲོའི་གོ་རིམ་འདི་འདྲ་ཞིག་ནས་གཡོལ་ས་གཟུར་ས་མེད་པ་རེད་འདུག

 

 

ང་ཚོའི་རིགས་སུ་ཨིན་སྐད་རང་རྐྱ་འཕེལ་ངེས་ཚོས་གཞུང་གི་རོགས་དངུལ་སྔ་ཙམ་དོར་ནས་ལས་འཇུག་དང་རང་ཁ་རང་གསོ་བྱེད་ཐུབ། དེ་མིན་འདིར་ལོ་མང་སོང་བ་ཚོར་མཚོན་ན་སྒེར་ཁང་ཡང་ཉོས་ནས་ལྷོད་ཙམ་ཡོད་པ་རེད་མོད། གུས་མོ་ལྟ་བུ་ཨིན་སྐད་ཀྱི་སྤུས་ཚད་ཞན་ཞིང་བར་རྡོའི་ལམ་ནས་ཤོར་སོང་བའི་བླ་ལྟར་ལས་འཇུག་ཚད་ལྡན་ལ་དཀའ་ངལ་ཡོད་ངེས་ཐོག སྒེར་གྱི་ལོ་ཚད་ཀྱིས་ཀྱང་གཅོག་ཐབས་མེད་པ་རེད་འདུག

 

 

དེ་བས་ང་ཚོ་ལས་ཨིན་སྐད་ཅུང་སྐྱོ་བའི་རིགས་ཀྱིས་ལས་གནས་སྤྱི་བཏང་བ་རེ་རག་འགྲོ་ནའང་ད་དུང་ཡང་ཨིན་སྐད་ཀྱིས་མདང་ངེས་མེད་པར་ཧ་ཅང་གསལ་པོ་རེད། འོན་ཀྱང་མང་ཆེར་གྱིས་ཤུགས་ལས་ལ་འཛེམས་དོགས་མེད་པའི་སྒོ་ནས་དངུལ་བསགས་སྒྲུབ་བྱེད་བཞིན་ཡོད་པ་རེད། ལ་ལས་འོ་ན་དངུལ་མང་པོ་མ་བསགས་ནས་བསྡད་བཞག་པ་འགྲིག་གི་རེད་པ་ཅེས་ཀྱང་གསུང་སྲིད་མོད། འོ་ན་ཁྱོད་རང་རྒྱལ་ཁབ་ཀྱི་རོགས་དངུལ་ལ་གང་ཐུབ་ཀྱིས་བརྟེན་ཐབས་དང་། ཁང་གླ་སོད་ཙམ་དང་ལྟོ་གོས་འཛོམས་ཙམ་ལ་ཞེ་དག་སོང་ན་འགྲིག་གམ་ཞེས་པའི་དྲི་བ་ཞིག་ཕ་རོལ་པོར་འདྲི་དགོས་པ་རེད་འདུག ཐོག་མའི་སྐབས་སུ་ཚང་མས་ཕྱི་སྐད་དང་ཆེད་ལས་སློབ་སྦྱོང་། དེ་བཞིན་ལས་འཚོལ་དགོས་པ་བཅས་ཀྱིས་ལོ་གཉིས་གསུམ་ཙམ་གྱི་དུས་ཚོད་གར་སོང་མེད་པར་རྫོགས་འགྲོ དེའི་རིང་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཁྱབ་ཁོངས་སུ་ལྷག་དཀར་སྲུང་བརྩི། གཙོ་བོ་ལོ་གཅིག་ནང་སྒེར་གྱི་གནས་སྟངས་ཅི་འདྲ་ཡིན་མིན་ལ་མ་ལྟོས་པར་མང་པོས་སྐུའི་འཁྲུངས་སྐར་སྲུང་བརྩི། གསུམ་བཅུ་དུས་དྲན་སྲུང་བརྩི་ནི་མཉམ་བཞུགས་སམ་ངེས་པར་སྤེལ་དགོས་པའི་བྱ་འགུལ་ཞིག་ཏུ་བརྩིས་སྲོལ་ཡོད།

 

 

གསུམ་བཅུ་དུས་དྲན་འདིའང་བོད་དོན་གྱི་ཆབ་སྲིད་ལས་འགུལ་ཞིག་རེད་མོད། འོན་ཀྱང་སྔོན་གྱི་འགྲོ་ལུགས་སྤྱི་མཚུངས་ལྟར་གྲོང་ཁྱེར་མི་ཚོགས་མང་ས་ནས་སྐད་འབོད་ལས་འགུལ་རེ་སྤེལ་སྲོལ་འདུག འོན་ཀྱང་སྐབས་དེར་གཞུང་ལམ་ཟུར་གྱི་ལམ་འགྲོ་བ་ཕྱི་མི་ཚོས་སྣང་ཚུལ་ནི་ངོ་མ་སེམས་སྐྱོ་དགོས་པ་ལྟར་མཐོང་། ཁོ་ཚོ་སོ་སོའི་ལས་ཀ་དང་འཚོ་བ་ལ་གཙོ་བོ་མགོ་འཁོར་ནས་འགྲོ་བ་ལས་མང་པོས་ངར་སྐད་སྒྲོག་མཁན་ནམ་སེམས་ཚོར་མེ་ལྟར་འབར་བཞིན་པ་ང་ཚོར་དོ་སྣང་ཆེན་པོ་མི་འདུག གང་ལྟར་ཡང་འཆར་ཅན་ཉེར་ལྔ་ཞེས་པའི་དཔེ་ལྟར་ང་ཚོས་བོད་རིགས་མཐུན་ཚོགས་ཀྱིས་སྣེ་ཤེན་འོག་གསུམ་བཅུ་དུས་དྲན་སྲུང་བརྩི་བྱེད་ལོས་དགོས།

 

 

དེ་མིན་འདིར་བོད་མི་མང་སྤྱི་འཐུས་ལས་ཐོག་ནས་སོ་སོའི་ལས་ཁུངས་ཁྱབ་ཁོངས་འོག་གི་ལས་འགུལ་ནང་བོད་དོན་ལས་འགུལ་ཞུ་འབོད་ཚུལ་གྱིས་རང་རིགས་མི་སྣ་གདམ་ནས་སྤེལ་གྱི་འདུག ཁོང་མོར་སྤྱི་འཐུས་ཀྱི་མཚན་ཞིག་ཡོད་པའི་ཁར་འདིར་ལོ་མང་པོར་སོང་ཞིང་། ཨིན་སྐད་ཀྱང་རང་རྐྱང་འཕེལ་ངེས་བཅས་ང་ཚོ་གསར་འབྱོར་ཚོ་དང་མི་འདྲ་བའི་དགེ་མཚན་དུ་མ་འཛོམས་ཡོད་པར་བརྟེན། བོད་དོན་ལས་འགུལ་འདིའང་གང་ལེགས་ཡོང་གི་ཡོད་པའི་ཟོལ་འདྲ་འདུག

 

 

ད་གཞན་གྱི་ལས་འགུལ་སྤེལ་བར་གཅིག་གཅིག་མིག་མིག་བཤད་བསྡད་པ་ལས་སོ་སོར་འོས་འགན་ལོས་ཡོད། ཡིན་ཡང་འདི་ཕྱོགས་སུ་ཕྱི་ནང་གསང་གསུམ་གྱི་ཆ་རྐྱེན་དང་མཐུན་སྦྱོར་མེད་པ་དང་གཅིག ཉིན་ཞག་དུས་དྲུག་ཏུ་ལས་ཀར་ཁྱི་རྒྱུགས་རྒྱུགས་མ་བྱས་ན་གཞུང་གི་རོགས་དངུལ་མཚམས་བཅད་དེ་རང་ཁ་རང་གསོ་དགོས་དུས་ཐ་ན་ཁང་གླའང་སོད་རྒྱུ་ཁག་པོ་དང་འཚོ་བའི་ཐད་ལྟོགས་པ་ལུས་དོགས་མེད་ནའང་སོ་སོའི་བསམ་པ་ནང་བཞིན་འབེལ་པོ་དེ་ཙམ་འགྲོ་སོང་གཏོང་མི་ཐུབ་པའི་དཀའ་ངལ་ཡོད། ཕྱི་རྒྱལ་སླེབས་མཁན་ཚོས་རང་གིས་དཀའ་ལས་རྒྱག་ནས་བསག་བསྒྲུབས་བྱས་པའི་རྐྱེན་གྱིས་སྒོར་མོར་འགྲོན་ཆུང་ངོ་མ་བྱེད་ཤེས་འདུག་བསམ་པའང་བྱུང་བ་འདི་དོན་མེད་ཞོར་འཕྲོས་ཙམ་ཡིན། ད་དེ་འདྲ་ཡིན་དུས་སྒེར་གྱི་བོད་དོན་ལས་འགུལ་ཆེན་པོའམ་ཁྱབ་ཚད་ཆེན་པོ་སྤེལ་མི་ཐུབ་པ་ནི་ཧ་ཅང་གསལ་པོ་རེད།

 

 

༢། བོད་དོན་ལས་འགུལ།

 

 

འོ་ན་བོད་དོན་ལས་འགུལ་ཟེར་བ་འདི་མི་རེ་ངོ་རེས་ཀྱང་སེམས་ནས་མ་དོར་ན་ཟ་དང་ཟུར་ནས་བྱེད་ཐུབ་པའམ་བྱེད་འོས་པ་ཞིག་རེད། བོད་པ་ཚོའམ་གཙོ་བོ་ཆབ་སྲིད་བཙོན་ཟུར་རམ་དེའི་འབྲེལ་ཡོད་འབྲེལ་ཆགས། གང་ལྟར་བོད་མི་ཞིག་འདིར་སླེབས་ནས་སྤྱི་ཚོགས་སུ་བཞུགས་པ་ཙམ་གྱིས་མགོ་སེར་ཚོས་འཛམ་གླིང་འདིར་བོད་ཅེས་པ་ཞིག་ཡོད་པ་ཤེས་འགྲོ གལ་སྟེ་ང་ཚོས་བོད་ཀྱི་གནས་སྟངས་ངོ་མ་དེ་དག་མགོ་སེར་ཚོའི་རྣ་བར་མ་བཤད་ན། གུས་མོ་ལས་ཀ་བྱེད་ཡུལ་ལམ་ཞབས་ཞུ་སྒྲུབ་ཡུལ་ཨིན་ཇིའི་རྒས་མོ་ལོ་རྒན་དྲུག་ཅུ་བརྒལ་ཚར་བ་ཨོ་གླིང་འདིར་ལོ་ངོ་ཉི་ཤུ་ལྷག་སོང་བ་ཞིག་གིས་ཀྱང་བོད་པའི་སྐོར་ཤེས་རྟགས་མེད་པ་རེད་འདུག ང་རང་ཧང་སང་དགོས་པ་ཞིག་ལ་ས་གནས་འདིར་བོད་མི་ཁོ་ན་སྟོང་ཚོ་བརྒལ་ཚུལ་བཤད་ཀྱི་ཡོད་རེད་དེ། འདིར་རྒྱུན་སྡོད་ལོ་སུམ་བཅུ་བཞི་བཅུ་སོང་བའི་ཡུལ་མི་གཞན་ཞིག་གིས་ང་ཚོའི་བོད་པའི་སྐོར་ཤེས་ཀྱི་མེད་པ་དེ་ནི་ང་ཚོའི་བོད་དོན་གྱི་ཚད་ཅི་འདྲ་ཡིན་མིན་ཟུར་ཙམ་ཤེས་ནས་སེམས་ཀྱང་ཕམ་པོ་འདྲ་འོང་གི་འདུག

 

 

ལས་ཀ་དང་འཚོ་བའི་ཟ་དང་ཟུར་ནས་དུས་སྟོང་ཡུན་ཙམ་རྫོགས་འགྲོ་བའི་གནས་སྟངས་འདི་འགོག་དཀའ་ཡང་། སྒེར་གྱི་ནུས་པ་གང་ཡོད་ཀྱིས་བོད་དོན་ཆེ་ཆུང་ལ་མ་ལྟོས་པར་ལག་བསྟར་བྱེད་ན་གྲུབ་འབྲས་ཀྱང་ཆེན་པོ་མིན་ཡང་སོ་སོའི་སེམས་ཁོང་རུས་པའི་གསེང་གི་གནོང་འགྱོད་དེ་ཏོག་ཙམ་ཉུང་དུ་འགྲོ་བའི་སེམས་གསོ་ཡག་མོ་ཞིག་རེད་བསམ་པ་བྱུང་།

ད་བརྒྱ་བཤད་སྟོང་ལ་འབབ་ན་ངའི་བསམ་པར་འདིར་ཡོད་ཡུལ་མི་གཞན་ལ་ངེས་པར་དུ་ཁྱོད་རང་སོ་སོ་ངོ་སྤྲོད་སྐབས་ངེས་པར་དུ་བོད་སྤྱིའི་གནས་སྟངས་འགྲེལ་བརྗོད་དགོས།

མགོ་སེར་རམ་ཕྱི་མི་སུ་དང་ཐུག་ན་སྒེར་ངོ་སྤྲོད་བྱེད་པ་དུས་མཚུངས་བོད་ནང་གི་ཛ་དྲག་གནས་སྟངས་ངེས་པར་དུ་གླེང་ཐབས་དགོས། ལ་ལས་དེ་ནི་ཆབ་སྲིད་ཀྱི་གནས་ཚུལ་ཡིན་སྟབས་དེ་འདྲ་གླེང་ན་མི་ལེགས་ཚུལ་བཤད་མཁན་འདུག འོན་ཀྱང་བོད་པ་རྣམས་ནི་གཞན་དང་མི་འདྲ་བའི་གནས་སྟངས་དེའང་ཚང་མའི་ཡིད་ལ་བཅང་ནས་བྱེད་དགོས་པ་ཞིག་རེད་བསམ་གྱི་ཡོད།

 

 

འདི་ཕྱོགས་སུ་ཕྱི་མི་ཚོས་རྒྱལ་ཁབ་དང་མི་རིགས་བྱེ་བྲག་པའི་གནས་སྟངས་འབུར་དུ་སྟོན་ནས་བཤད་རྒྱུར་མི་དགའ་མཁན་ཤ་སྟག་རེད་དེ་ཁོ་ཚོའི་འདོད་མོས་ལ་གཙོ་བོ་མ་འཛིན་པར་དུས་ཐོག་བོད་དོན་སྐོར་སྒེར་གྱི་ཤེས་ཚད་ལྟར་འགྲེལ་བརྗོད་བྱེད་རྒྱུ་གལ་ཆེན་རེད་བསམ་གྱི་ཡོད། གལ་ཏེ་ཁྱོད་ལ་གཞན་དང་འགྲོག་འབྲེལ་གཏིང་ཟབ་བྱེད་པའི་གོ་སྐབས་བཟང་པོ་རེ་རག་ན། གཙོ་བོ་སོ་སོའི་སྒེར་གྱི་ལོ་རྒྱུས་ངོ་མ་གཙོས་བོད་མི་སྤྱིའི་བདེ་སྡུག་བཤད་ཐུབ་ཅིང་། དེའང་ཕ་རོལ་པོའི་སེམས་ལ་ཟུག་ཐུབ་པ་ཞིག་བྱུང་ན། ཁྱོད་ཀྱིས་མགོ་སེར་གཅིག་ལ་བོད་ཀྱི་སྐོར་རམ་བོད་དོན་དྲིལ་བསྒྲགས་བྱེད་ཐུབ་ཡོད་པ་ངས་ཡིད་ཆས་གཙང་མ་བྱེད་ཀྱི་ཡོད།

 

 

འོན་ཀྱང་ཕྱི་མི་མང་ཆེར་སོ་སོའི་ལུས་སེམས་གཉིས་ཀྱི་གནས་སྟངས་ལ་བརྟེན་ནས་ཉིན་ཞག་དུས་དྲུག་གི་ཁ་ཡོད་ལག་ཡོད་ཀྱིས་འཚོ་བ་དངོས་སུ་རོལ་བ་ལས་གཞན་ལ་དེ་ཙམ་ལེགས་ཉེས་ཀྱི་ཇུས་རྟོགས་མི་བྱེད་མཁན་ནམ་དེའང་འདིར་གཙོ་བོར་མི་ཚང་མ་འདྲ་མཉམ་ཡིན་རབས་ཤིག་བཤད་ཀྱི་ཡོད་སྟབས། ཁྱོད་ཀྱིས་ཕ་རོལ་པོ་བོད་ལ་དོ་སྣང་ཡོད་པ་ཞིག་བཟོ་ཐུབ་པ་དང་། དེ་བས་ཁ་ཞེ་གཉིས་མེད་ཀྱིས་བོད་དོན་གྱི་བདེན་པར་རྒྱབ་སྐྱོར་གནང་མཁན་ཞིག་ཏུ་བཀུར་ཐུབ་ན་དེ་ནི་ཁྱོད་ཀྱི་འཇོན་ནུས་ངོ་མ་ལ་རག་ལུས་ཀྱི་ཡོད་པ་རེད་སྙམ།

 

 མི་རེ་ངོ་རེའི་ལས་འགུལ་འདི་ནི་ལོ་མང་རྗེས་ཀྱི་མ་འོངས་པར་མེ་སྟག་ཅིག་གིས་རྩ་ཐང་བསེགས་ཐུབ་པ་དང་། འུར་རྡོ་གཅིག་གིས་བྱ་བརྒྱ་བསད་ཐུབ་ཅེས་པའི་དཔེ་ལྟར་འོང་ཐུབ་པའང་སྲིད་པ་རེད། བོད་དོན་ལས་འགུལ་ནི་ཡུལ་དུས་སོ་སོའི་གནས་སྟངས་ལ་བརྟེན་ནས་ཁྱབ་རྒྱ་ཆེ་ཆུང་ངམ་ཕན་ནུས་ཆེ་ཆུང་ཡོང་གི་ཡོད་པ་དངོས་ཡོད་རེད། འོན་ཀྱང་ཕྱི་མི་ཚོས་བོད་ཀྱི་དངོས་ཡོད་གནས་སྟངས་ཤེས་པ་དང་། རྒྱུས་ལོན་བྱེད་པ། དེ་ནས་དེར་དོ་སྣང་གནང་བ། མཐར་ཐུག་དེར་རྒྱབ་སྐྱོར་གནང་བ་བྱུང་བ་བཅས། དེའང་ཕན་ནུས་ཐོན་པའི་རྒྱབ་སྐྱོར་གནང་བ་ནི་བདེན་དོན་དངོས་སུ་འཆད་ཅིང་། ཁྱོད་ཀྱི་སྒེར་གྱི་མི་གཤིས་ཀྱི་ཤུགས་རྐྱེན་ལ་གཙོ་བོར་རག་ལོས་པར་བརྟེན། མིང་གྲགས་ཆེ་ཆུང་དང་། མི་ཚོགས་མང་ཉུང་། མཚམས་རེར་ཨིན་སྐད་ཀྱི་སྤུས་ཚད་ལྡན་མིན་བཅས་ཀྱང་གཙོ་བོ་མ་ཡིན་པར་མཐར་གཏུག་ན་གཙོ་བོ་དེ་གང་ཟག་མི་རེ་ངོ་རེའི་མི་གཤིས་ཀྱི་ནུས་པ་ངོ་མ་དེ་དང་འཇོན་ནུས། ལྷག་བསམ་དང་སྤུས་ཚད་ལ་རག་ལོས་ཡོད་པར་འདོད།

 

 

༣། ལས་གནས་དང་འབྲེལ་ནས་ཀྱང་བོད་དོན་སྤེལ་ཐུབ།

 

བོད་མི་ཚང་མར་སྒེར་གྱི་འཚོ་བའི་ཁོར་ཡུག་རེ་ཡོད། དེའི་ནང་ལས་གནས་སུ་འཇུག་མཁན་ཚོར་མཚོན་ན་སྤྱི་བཏང་ནས་ལས་ཀའི་དུས་སུ་བོད་ཀྱི་སྐོར་བཤད་པའི་གོ་སྐབས་རྩ་བ་ནས་མེད་ཅིང་ལས་ཀའི་གོ་རིམ་བརྒྱུད་དགོས་པ་རེད། འོ་ན་ཁྱོད་ཀྱི་ལས་རོགས་ཕྱི་མི་ཚོས་ཁྱོད་ནི་རྒྱལ་ཁབ་གཞན་གྱིས་བཙན་འཛུལ་བྱས་ཟིན་པའི་ཡུལ་གྱར་བ་ཞིག་གི་ངོ་བོར་གནས་པ་དང་། ད་ལྟའི་ཆར་བོད་དོན་གྱི་གནས་སྟངས་ཤེས་མཁན་ཇི་ཙམ་ཡོད་དམ་ཞེས་པའི་དྲི་བ་དེ་བོད་མི་ཡིན་ནོ་ཅོག་གི་སོ་སོར་གཅིག་འདྲི་དགོས་པ་འདུག སྒེར་ངོས་ནས་ཨོ་གླིང་དུ་འབྱོར་རྗེས་འཚོ་བའི་ཉག་ཉོག་དག་ལ་ཞིབ་ཆ་དགོས་ངེས་རིགས་དང་། གཙོ་བོ་ཕྱི་སྐད་ཞེན་པའི་རྐྱེན་གཙོ་བོར་བརྟེན་རང་གི་བསམ་པའི་བྱ་བ་བསྒྲུབ་དཀའ་ནའང་ཕྱི་མི་ཅིང་ལྷོད་ལ་ཐུག་ཚད་ལ་སོ་སོའི་ཆབ་སྲིད་ཀྱི་རྒྱབ་ལྗོངས་གཙོས་ལོ་རྒྱུས་དང་བོད་ཀྱི་གནས་སྟངས་རང་ནུས་ཅི་ཅོག་ཧུར་པོའི་སྒོ་ནས་བཤད་ཁུལ་བྱེད་ཀྱི་ཡོད།

 

འོན་ཀྱང་ང་རང་ལས་ཀ་བྱེད་སའི་མི་སྣ་ཚོར་མཚོན་ན་མང་ཆེར་རིག་པ་སྐྱོན་ཅན་དང་གཟུགས་ཁམས་སྐྱོན་ཅན་ཤ་སྟག་ཡིན་པས་གོ་དཀའ་ཡང་། ངས་གང་ཐུབ་ཀྱིས་དེ་ཚོའི་ཁྱིམ་མིའམ་ཤ་ཉེ་བུ་སྤུན་སུ་འདུག་ན་དེ་དག་ལ་བོད་ཀྱི་སྐོར་བཤད་ཐབས་བྱེད་ཀྱི་ཡོད། ངའི་སེམས་ནང་ཨོ་གླིང་ནས་མགོ་སེར་གཙོས་ཕྱི་མི་ཚོར་བོད་སྐོར་ཤེས་རྟོགས་ཡོད་པ་ཏོག་ཙམ་མ་བཟོས་ན་ཁྱོན་ནས་འགྲིག་ས་མ་རེད་བསམ་པ་ཐེངས་མང་བྱུང་། དེར་བརྟེན། ངས་ད་བར་ལོ་གཉིས་ལྷག་རིང་ལས་གནས་དང་སྒེར་གྱི་འཚོ་བའི་ཁོར་ཡུག་དང་འབྲེལ་ཡོད་མི་སྣ་བརྒྱ་སྐོར་ཙམ་ལ་དོ་སྣང་ཆེ་མིན་ལ་མ་ལྟོས་པར་ངས་བོད་ཀྱི་སྐོར་གང་ནུས་བཤད་འདུག ཅུང་བཤད་བཞག་པ་དེ་དག་ཀྱང་འུར་བརྗོད་དང་སྡུག་བཤད་མིན་པར་ང་རང་སྒེར་གྱི་གནས་སྟངས་དང་འབྲེལ་ནས་བཤད་ཡོད་ལ་ཕན་པ་ངོ་མ་ཡོད་རེད་བསམ་པའི་ཡིད་ཆས་དང་སྤོབས་པ་འདུག

 

མཇུག་གཏམ།

 

ད་ནས་ཨོ་གླིང་འདིར་གནམ་མགོ་སེར་ཚོའི་རེད་ལ་ས་སྦར་མོ་གང་གི་བདག་པོའང་མགོ་སེར་ཚོའི་རེད་བསམ་གྱི་མི་འདུག་ལ། དེ་བས་ལྡོག་ནས་ངའང་མ་འོངས་པར་ས་སྐྱིད་མོ་ལྷ་ཡུལ་འདྲ་བ་འདིའི་ཆ་ཤས་ཅིག་ཡིན་བསམ་པ་ཡོད། འོན་ཀྱང་རང་ལ་མགོ་སྐོར་ཇི་ཙམ་གཏོང་ཡང་ནང་སྒོའི་ཕྱི་ལ་སོང་ན་རིགས་མཐུན་རེ་ཐུག་ན་སེམས་བསམ་པའི་གཏིང་གི་དགའ་སྣང་དེ་འགོག་ཐུབ་ཀྱི་མི་འདུག་ལ། ནང་ཁྱིམ་ལ་སླེབས་ནའང་སེམས་ཀྱི་ཟབ་ས་ནས་གངས་ལྗོངས་བདག་གི་ཕ་ས་དྲོན་མོ་དང་ཕ་མ་སྤུན་མཆེད་དྲན་པ་དེ་ཤ་ཁོང་རུས་གསེང་དུ་ཐེམས་ཟིན་ནས་སྡོད་ཡོད། 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།