ཚ་མོ་ཆུང་ཆུང་ལ་སྤྲེངས།

images/stories/45/37014723_2069411419757495_8233989477991710720_n.jpg

ཚ་མོ་ཆུང་ཆུང་ལ་སྤྲེངས།

To my little niece

給小姪女

 

ལས་དང་བསྐལ་པས་བཀོད་ཇུས་བཟང་བའི་ཤུལ།།

ཚ་མོ་ང་ཡི་སྙིང་གི་ཕྱེད་ཀར་གྱུར།།

ཁ་ནང་བཞག་ན་ཞུ་དོགས་ཞིག་དོགས་བཅས།།

ཤ་ཚ་རུས་ལ་ཐིམས་པའི་བརྩེ་བ་དྭངས།།

ཕ་མ་སྤུན་ཚོའི་དྲིན་ཆེན་གོང་བཀུར་མུས།།

ཞབས་ཕྱི་ཞུ་དུས་ལྟོ་དགོས་ཁོ་ན་མིན།།

རྒན་འཁོག་ཡིད་ལ་སེམས་འཁུར་མང་ཙམ་དགོས།།

སྙིང་གཏམ་དྲོན་མོ་མང་ཙམ་སྙན་ལ་ཕུལ།།

 

 

བསླབ་བྱ་བརྒྱ་ལས་དངོས་མྱོང་གཅིག་གིས་དགའ།།

སོ་སོའི་མི་ཚེ་སོ་སོས་བཀོད་ཇུས་བྱོས།།

ལ་ལུང་ཇི་ཙམ་བརྒལ་ཡང་ཧུར་བརྩོན་དགོས།།

སྐྱབས་དང་མགོན་དེ་སོ་སོས་ཤེས་པར་བྱོས།།

 

 

དགའ་རོགས་བསྒྲིག་དུས་ངོ་ཚ་དགོས་དོན་མེད།།

ཕ་རོལ་པོ་དེ་སྒེར་བདག་བྱེད་མི་རུང་།།

སོ་སོའི་དགའ་བའི་མི་དེར་གཅེས་པས་སྐྱོངས།།

དགའ་ནའང་མི་དགའ་མདོག་མདོག་འཁྲབ་མི་དགོས།།

 

 

མི་འདོད་བཞིན་དུ་མགོ་བསྐོར་གཏོང་མི་ཉེན།།

གྲོགས་ཀྱི་བརྩེ་བ་བཅང་ན་མུ་མཐའ་སྐྱོངས།།

མཛའ་བརྩེ་བཅང་སར་ཡིད་ཆས་མང་ཙམ་བྱོས།།

ཡུན་ཐུང་ཨ་གསར་ཙམ་གྱིས་ཕན་པ་མིན།།

 

 

མི་ལུས་འཇིག་རྟེན་རྙོགས་འཛིང་ཚ་མོའི་ནང་།།

གཞན་ཟེར་རྗེས་འབྲང་གཤིས་ཀའི་གཤེད་མ་ཡིན།།

སོ་སོའི་རིག་པ་སྤྱོད་དེ་དཔྱད་པ་བྱོས།།

སེམས་ཐག་གཙང་བཅད་བདེ་དགེ་གཅེས་པར་སྐྱོངས།།

 

 

གནམ་ལ་འཕུར་སྙིང་འདོད་ན་གཤོག་པ་ཐོག།།

མཚོ་ནང་དཀྱལ་སྙིང་འདོད་ན་དཀྱལ་རྩལ་སྦྱོངས།།

རང་ལ་དགོས་པའི་ཤེས་བྱར་ཨུ་ཚུགས་རྒྱོབས།།

གཞན་ལ་དགོས་པའི་མཛའ་བརྩེ་དྭངས་མ་བཅང་།།

 

 

འཇོན་ཐང་བཏོན་དུས་སྤྱི་དགེ་གཉིས་ཕན་ལྟོས།།

རྒྱུ་དང་གོ་ས་གཙོ་བོར་འཛིན་མི་དགོས།།

མཛེས་པའི་ངོ་གདོང་དུས་ཀྱི་སྤྲིན་ཕུང་ལ།།

ཡིད་གཏད་མི་དགོས་བྱ་བཞག་འགྲུབ་ཐབས་བྱོས།།

 

 

ངོ་ལོག་མཁན་ལ་སེམས་པ་ཤི་སོང་ན།།

ཁོ་རང་འགྲོ་སར་རང་དབང་ཆ་ཚང་སྤྲོད།།

གཞན་གྱི་རྐང་པར་ཞག་པ་གཡོག་མི་རུང་།།

མི་ཚེ་ཡོངས་རྫོགས་འདྲ་མཉམ་ཡིན་པ་བྱོས།།

 

 

བྱ་བ་ཡོངས་ལ་སེམས་ཀྱི་མྱོང་ཚོར་དགོས།།

སེམས་ཁམས་དྭངས་མར་རྣམ་དཔྱོད་བློ་རིག་དགོས།།

ཐབས་དང་ཤེས་རབ་མང་ཙམ་སྦྱོང་ཐབས་བྱོས།།

རང་དབང་མང་ཙམ་ལག་ཏུ་འཛིན་ཐབས་བྱོས།།

 

 

ལས་དང་རྒྱུ་འབྲས་མིག་འབྲས་བཞིན་དུ་སྲུང་།།

དགེ་བའི་ལས་ལ་མང་ཙམ་གཞོལ་ཐབས་བྱོས།།

ལས་ངན་བྱ་བ་མཆི་ཞག་བཞིན་དུ་དོར།།

བྱམས་དང་སྙིང་རྗེ་མང་ཙམ་བཅང་ཐབས་བྱོས།།

 

 

མི་རིགས་འདིའི་རྗེས་འཛིན་ཡིན་པའི་ཕྱིར།།

ལམ་དང་ལུགས་བཟང་སྐྱོང་ན་ཁེ་བཟང་ཡོད།།

རིགས་ལ་སྐྱོན་ཆ་ཡོད་པ་བདེན་ན་ཡང་།།

རིགས་ཀྱི་ལ་རྒྱ་འཛིན་ལ་ཧུར་པོ་བྱོས།།

 

 

རིགས་གཞན་ཡིན་ཡང་ལེགས་ཆ་མང་བ་དག།།

སྦྱོང་སྟེ་དམངས་ལ་ཕན་ཐབས་ཅི་འཇོན་བྱོས།།

མི་ཚེ་བསྐྱེལ་དུས་ཆོས་དང་མཐུན་ཐབས་བྱོས།།

རྒྱུ་དང་ལོངས་སྤྱོད་རྟག་བརྟེན་མིན་པ་ཤེས།།

 

 

ང་ཚོ་ནང་པ་ཡིན་སྟབས་སེམས་ཅན་སྒོམ།།

ལེགས་ཉེས་འབྱེད་ལ་དབྱེ་མཚམས་གསལ་པོ་བྱོས།།

ཧུར་བརྩོན་རྟ་ཕོ་བཞོན་ནས་མདུན་དུ་སྐྱོད།།

མུ་མཐའ་སྐྱོང་ན་གྲུབ་འབྲས་ཡོད་པར་ངེས།།

 

 

སུ་དང་ཐུག་ན་དྲང་པོར་དྲང་བཞག་དགོས།།

གང་དང་འགྲོག་ན་བྱམས་དང་སྙིང་རྗེ་སྒོམ།།

ཚིག་གསུམ་དངུལ་དང་རྒྱུ་ནོར་ཙམ་གྱིས་མིན།།

སྲུ་མོའི་སྙིང་གཏམ་ཡིད་ལ་ཉར་ཐབས་བྱོས།།

 

 

༢༠༡༨ ཟླ་ ༨ ཚེས་ ༢༦ ཉིན་ཚ་མོ་དང་ཁ་བྲལ་རྗེས་བྲིས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།