ཨོ་གླིང་གི་གད་སྙིགས།

images/stories/333.pngཨོ་གླིང་གི་གད་སྙིགས།

Australia's garbage

澳大利亞的垃圾 

དེ་རིང་དུས་ཁོམ་ཅུང་བྱུང་བས་ཨོ་གླིང་གི་གད་སྙིགས་སྐོར་ཏོག་ཙམ་འབྲི་སྙིང་འདོད་བྱུང་།

སྔོན་གླེང་།

སྤྱིར་ན་ཕ་ཡུལ་ནས་གད་སྙིགས་ཟེར་བ་ཙམ་གྱིས་མི་ཚོས་དེ་ཕན་མེད་བརྩིས་ཏེ་བེད་མེད་དུ་བཏང་བའི་རིགས་སུ་རྟོགས། འོན་ཀྱང་མགོ་སེར་ཚོས་བེད་མེད་ཀྱི་རིགས་འདི་དག་སླར་བེད་ཡོད་དུ་བསྒྱུར་ནས་སྤྱོད་སྟངས་ནི་མང་པོའི་ནང་ནས་ལེགས་ཆ་ལེན་དགོས་ས་ཅིག་ལ་ངས་མཐོང་སོང་།

 

༡། ཕ་ཡུལ་གྱི་གད་སྙིགས་རིགས།

ཕ་ཡུལ་ནས་གད་སྙིགས་ཟེར་བ་ཙམ་གྱིས་བེད་མེད་དུ་ངོས་འཛིན་གསལ་པོ་ཡོད་པ་མ་ཟད། དེ་དག་སླར་སྤྱོད་མཁན་ཉུང་། དེ་བས་ཞིང་འབྲོག་ཁུལ་དུ་ས་སྟོང་ཞིག་ལ་རས་འཛར་སོགས་ཀྱིས་གྲུབ་པའི་གད་སྙིགས་རིགས་ནི་མཐོང་བ་ཙམ་གྱིས་སྐྱུག་མེར་བར་བརྩིས་ནས་བཙོག་སྣང་གིས་ཟུར་དུ་འགྲོ་བའི་སྲོལ་མེད། འབྲོག་པའི་ཁུལ་ཡང་གཅིག་མཚུངས་མིན་འགྲོ དེང་གྲོང་ཁྱེར་དུ་སྡོད་མཁན་རིགས་ནས་ཀྱང་གད་སྙིགས་སླར་སྤྱོད་མཁན་ཉུང་། རྒྱ་གཞུང་ངོས་ནས་དེ་དག་ལ་མཐོང་ཆུང་དང་ནུས་པ་ཆེན་པོ་སྟོན་པའམ་མཐོང་ལམ་དུ་མ་གྱུར། དམིགས་བསལ་དུ་ཕ་ཡུལ་དུ་གད་སྙིགས་སུ་བརྩི་སྲོལ་གསལ་པོར་ཡོད་པའི་ཤི་ཕོའི་གྱོན་ཆས་རིགས་ནི་དགོན་པས་དུས་ཤིག་ཏུ་སར་བཀྲམ་ནས་མི་ཚོས་ལེན་ཆོག་པའི་སྲོལ་ཁག་ཅིག་མཐོང་མྱོངས། དེ་ལེན་པ་ལའང་དགེ་འདུན་པས་རོ་ཤུལ་ལམ་གྱོན་ཆས་ལེན་ནས་ཤི་ཕོར་བསྔོ་བ་སྨོན་ལམ་འདོན་དགོས་རེད་གསུངས་ཀྱི་འདུག

 

 

གཞན་ཡང་དེང་རྒྱ་གཞུང་ནས་འགྱིག་གི་གད་སྙིགས་རིགས་སྤྱོད་སྟངས་ལ་དོ་དམ་དང་སྟངས་འཛིན་ཚད་ལྡན་མེད་པའི་རྐྱེན་གྱིས་བོད་ཀྱི་ཞིང་འབྲོག་གཉིས་དང་། དེ་བཞིན་གྲོང་ཁྱེར་ཆུང་འབྲིང་ཁག་ཏུ་འགྱིག་གི་གད་སྙིགས་ནས་ཁྲོམ་ལམ་འབག་བཙོག་དང་དབུགས་གཙང་མ་རྡུབ་པར་གནོད་པ་མང་། ཁྲོམ་ལམ་དུ་གཡེང་བཞིན་པའི་བ་ཕྱུགས་གླང་གོག་རིགས་ཀྱིས་འགྱིག་གིས་བཟོས་པའི་ཟས་དྲི་དྲོ་མཁན་དེ་དག་ཟོས་རྗེས་མི་ཟོག་གཉིས་ལའང་གནོད་ཀྱི་ཡོད་པ་རེད།

དེ་མིན་གཞན་ལ་མི་འདི་གད་སྙིགས་དང་གཅིག་པ་རེད་ཟེར་ནས་གཤེ་བའམ་དམད་ན་གང་ཟག་དེ་ནི་ཐ་གཅིག་ཏུ་བེད་མེད་ཐ་ཤལ་བ་ཞིག་ལ་བརྩི་བ་ཡིན། གང་ལྟར་ཡང་ཕ་ཡུལ་ལུང་པར་གད་སྙིགས་ཟེར་དུས་མང་ཆེར་གྱིས་དེ་དག་རྩ་བ་ནས་བེད་མེད་དུ་ངོས་འཛིན་གྱི་ཡོད་པ་རེད་སྙམ།

 

 

༢། ཨོ་གླིང་གི་གད་སྙིགས།

 

ཨོ་གླིང་དུ་འབྱོར་རྗེས་འདིར་གད་སྙིགས་རིགས་རྒྱ་གར་ལྟར་མེ་བསེགས་བཏང་བ་མིན་པར་ཕྱིར་བེད་སྤྱོད་ཡོང་ཐབས་སྤེལ་ནས་གད་སྙིགས་རིགས་སླར་ཡང་བེད་ཡོད་དུ་བྱེད་སྟངས་ལ་སེམས་གཏིང་ནས་ཡིད་རང་སྐྱེས། སྤྱིར་ན་ནུབ་གླིང་དུ་འཚོ་མཁན་རིགས་མཐུན་ཚོས་གད་སྙིགས་སླར་སྤྱོད་ཀྱི་གོ་རིམ་ཤེས་སླ་མོད། ང་ཨོ་གླིང་དུ་སླེབས་ནས་ཟླ་ཁ་ཤས་རྗེས་གད་སྙིགས་དབྱེ་སྟངས་སྐོར་སློབ་གྲྭའི་དགེ་རྒན་གྱིས་ཅུང་ར་སྤྲོད་གནང་སོང་མོད། དེའང་ང་སྡོད་སར་དུད་ཚང་ཡོད་ཚད་ཀྱི་སྒོ་འགྲམ་དུ་གད་སྒམ་ཁ་ཤས་ཤིག་ཡོད་པས་དེ་དག་ནི་གད་སྒམ་སེར་པོ་དང་སྔོན་པོ། དམར་པོ་བཅས་མཚོན་མདོག་གསུམ་རེད། གད་སྒམ་སེར་པོའི་ནང་ཕྱིར་སྤྱོད་ཆོག་པའི་རིགས་བླུགས་ས་ཡིན། དེའི་ནང་ཤེལ་དམ་དང་ཤོག་སྒམ་རིགས་བླུགས་ས་གཅོ་བོ་རེད་འདུག ཤེལ་དམ་ནང་གི་ཆུ་ལྷག་གཙང་མ་གཤོལ་རྗེས་གད་སྒམ་དུ་བླུགས་པ་དང་། ཤོག་སྒམ་རིགས་ལེབ་ལེབ་བཟོས་ནས་བླུགས་དགོས། འོན་ཀྱང་ཕྲུ་གུའི་གཅིན་གདན་རིགས་འདིའི་ནང་བླུགས་མི་ཆོག་པ་རེད་འདུག འདིའི་སྐོར་ཨོ་གླིང་དུ་འཚོ་བཞིན་པའི་ཕྲུ་གུའི་ཨ་མ་མང་པོས་དེ་སྔོན་ཕྲུ་གུའི་གཅིན་གདན་གད་སྒམ་སེར་པོར་གཡུག་ནས་སྲིད་གཞུང་གིས་དེར་རྒྱུན་རིང་ནོར་བཅོས་ཀྱང་བྱས་ཡོད་པའི་དགོད་བྲོའི་གཏམ་ཞིག་ཀྱང་འདུག

 

 

གད་སྒམ་ལྗང་ཁུའི་མདོག་ནང་ཕྱིར་སླར་གསོ་མེད་པའི་ཟས་སྙིགས་རིགས་གཙོ་བོར་བླུགས་དགོས་ཀྱི་འདུག འགའ་རེས་གད་སྒམ་ལྗང་ཁུའི་མདོག་ཆེ་ཆུང་གཉིས་ཙམ་ཉར་ནས་དེའི་ནང་ཟས་རིགས་དང་ཟས་ཀྱིས་བཙོག་པ་བཟོས་པའི་ཅ་དངོས་རིགས་གཙོས་ཕྱིར་སྤྱོད་མེད་པའི་རིགས་བླུགས་ཀྱི་ཡོད།


ཡིན་ཡང་ཅ་དངོས་འགའ་རེ་གད་སྒམ་སེར་དམར་གཉིས་གང་ཡང་བླུགས་མི་ཆོག་པ་རེད་འདུག་ལ་དཔེར་ན་གློག་རྫས་རིགས་དང་ས་རྡོ། རླངས་འཁོར་དང་འབྲེལ་བའི་ཆ་ཤས་རིགས་ཐ་དག་བཅས་ནི་གད་སྒམ་ནང་བླུགས་མི་ཆོག་པ་རེད་འདུག

 

 

གད་སྒམ་གནམ་སྔོན་པོའི་ནང་དཔེར་ན་ལྕང་ལོའི་རིགས་སུ་ལྕང་མའི་ཡ་ག་དང་ལྕང་ལོ། རྩ་ལྡུམ་བཅས་བླུགས་ཀྱི་འདུག

གད་སྒམ་དམར་པོའི་ནང་ལའང་ཤོག་བུ་གཙོས་པའི་རིགས་བླུགས་ཀྱི་འདུག མདོར་ན་འདིར་གཙོ་བོ་ལྗང་ཁུ་དང་སེར་པོ། དམར་པོ་མཚོན་མདོག་གསུམ་ལས་མེད་པས་ཅུང་དབྱེ་བདེ་སྙམ། ཤེས་གསལ་ལྟར་ན་ཉི་ཧོང་གི་གད་སྙིགས་དབྱེ་སྟངས་ཧ་ཅང་ཞིབ་ཚགས་ལ་ཧོན་འཐོར་བ་ལྟ་བུ་རེད་ཟེར་ལ་དེ་ནི་འདིར་ཞོར་འཕྲོས་ཙམ་ཡིན།

 

 

ངས་ཨོ་གླིང་གད་སྙིགས་གཞུང་ལམ་ཟུར་དུ་བཞག་པའམ་གཡུགས་པའི་ལུགས་སྲོལ་དེར་ཡིད་རང་དང་སྤྲོ་སྣང་འདྲའང་བྱུང་སོང་།  

འདིར་ལོ་གཅིག་ནང་དུ་ཟླ་བ་གཉིས་ནི་གད་སྙིགས་ཕྱིར་བཀྲམ་པའམ་གཡུག་པའི་དུས་ཚོད་རེད་འདུག

 

 

ལམ་ཟུར་གྱི་གད་སྙིགས་རིགས་སུ་གང་དགོས་མི་ཚང་བ་མེད་པ་ལྟ་བུ་རེད། དཔེར་ན་ནང་ཆས་རིགས་སུ་གློག་འཕྲུལ་རིགས་བརྙན་འཕྲིན་གཙོས་མ་ཚང་བ་མེད་པ་དག ཤིང་ཆའི་རིགས་སུ་གཏོགས་པའི་ནང་ཆས་ཅོག་ཙེ་དང་རྐུབ་སྟེགས། ཆག་སྒམ། ཆུང་ཙག་སྒྲིག་གཤོམ་རིགས་སོགས་མི་འདྲ་བ་ཡོངས། ལྷམ་དང་ཕྱི་ནང་གི་གྱོན་ཆས་རིགས་ཐ་དག ནང་གི་ཁྱིམ་ཆས་རིགས། ཁྱོད་ལ་དགོས་མཁོ་ཡོད་པའི་རིགས་ཐ་དག་གད་སྙིགས་ནང་མེད་པ་མི་འདུག་ཟེར་ནའང་འགྲིག་པ་འདྲ།

 

 

ང་གསར་འབྱོར་ཡིན་སྐབས་སུ་ང་དང་ཁྱིམ་འཚེས་ཨ་ཅག་ངེད་གཉིས་གད་སྙིགས་ལ་ལྟ་རུའམ་ལེན་དུ་ཐེངས་ཁ་ཤས་སོང་བ་ཡིན་ལ། དེའི་ནང་ནས་སོ་སོར་དགོས་པའི་ཅོག་ཙེ་དང་ཐབ་ཆས་འགའ་ཡང་བསྒྲུབས་ཡོད། འགའ་རས་གད་སྙིགས་སྒྲུབ་པར་སྣང་ཆུང་བྱེད་སྲིད་མོད་དེ་ནི་ལྟ་བ་རྗེས་ལུས་ཙམ་ལས་མིན་པས་འདིར་བཤད་འདོད་ཙམ་ཡང་མི་འདུག་གོ ཧཧཧ

 

 གང་ཡིན་ཟེར་ན་འདིར་ཁྱིམ་ཚང་དབུལ་ཕྱུག་དང་གོ་ས་མགོ་དམན་གྱི་དབྱེ་བ་ནས་གད་སྙིགས་སྒྲུབ་མིན་མ་ཡིན་པར་མི་ཚོས་སོ་སོར་དགོས་མཁོའི་ཅ་དངོས་རིགས་ཐ་དག་སྒྲུབ་ཆོག་ཅིང་མི་དགོས་པ་དག་ཕྱིར་གཡུགས་བཞག་ན་འགྲིག་པ་དེ་ཡིན།

 

 

འདིའི་ནང་མི་མང་པོས་རླངས་འཁོར་གཏོང་ནས་ལམ་ཟུར་ནས་སོར་སོར་དགོས་པའི་སྒྲིག་ཆས་དང་གློག་ཆས། ཉལ་ཁྲི་དང་རྐུབ་སྟེགས་སྒྲོག་ཙེ་སོགས་དབོར་འགྲོ གད་སྙིགས་གཡུག་པའི་དུས་སུ་མཚམས་རེར་རིན་གོང་ཆེ་ལ་རྒྱུན་སྤྱོད་ཆེ་རིགས་དག་གི་ནང་ཅ་དངོས་རིགས་གསར་པའང་མཚམས་རེར་གཡུགས་ཡོང་གི་འདུག

 

གཞན་ཡང་གྱོན་གོས་རྙིང་པའི་རིགས་ནི་ཅ་དངོས་སྙིང་པ་བཙོང་ས་དང་། དམིགས་སུ་ས་གཅིག་ཏུ་གྱོན་ཆས་གཡུགས་སའང་གོ་བསྒྲིག་ཨང་གསར་བཟོས་བཞག་འདུག་གོ

 

 

མཇུག་བསྡོམས།

ཨོ་གླིང་དུ་གད་སྙིགས་ཕྱིར་བསྡུ་དང་སླར་སྤྱོད་བྱེད་སྟངས་ལུགས་སྲོལ་ཡག་མོ་འདི་ཕ་ཡུལ་དུ་གཅིག་བསླབ་ཐུབ་ན་ཅི་མ་རུང་སྙམ་པ་བྱུང་།

དམིགས་བསལ་དུ་ཞིང་འབྲོག་ཁུལ་དུ་སྲོལ་འདི་གཅིག་སྤེལ་ཐུབ་ན་ཡག་པོ་ཡོད་ས་རེད་དྲན་ཡོང་གི་འདུག གང་ཡིན་ཟེར་ན། ཁྱོད་ཚང་ལ་མི་དགོས་པའི་ཅ་དངོས་གད་སྙིགས་དེ་ངེད་ཚང་ལ་ཧ་ཅང་དགོས་མཁོ་ཅན་ཡིན་སྲིད། ངེད་ཚང་ལ་མི་དགོས་པའི་ཅ་དངོས་རིགས་དེ་ཁྱོད་ཚང་ལ་དགོས་ངེས་ཀྱང་སྲིད།

 

 

སུ་ཚང་ལ་ཡོད་པའི་གད་སྙིགས་རིགས་སུ་གཏོགས་པ་དག་གཞན་ལ་ངོ་གསོ་གཏོད་མི་དགོས་ལ་ངོ་དགའ་འཁྲབ་མི་དགོས་པའི་སྒོ་ནས་སྦྱིན་པ་གཏོང་ན་ཁེ་བཟང་མ་གཏོགས་གྱོང་རྒུད་ཅི་ཡང་མེད། དེ་འདྲ་ཡིན་དུས་གཅིག་གིས་གཅིག་ལ་གད་སྙིགས་སྟེར་སྲོལ་ཡོད་སྲིད་ཀྱང་བདག་པོ་དེའི་ངོ་སྲུང་མི་དགོས་པ་དུས་གཅིག་ལ་ཁྲོམ་དུ་གཤམ་བཞག་ནས་བེད་ཡོད་ཚོ་གཞན་གྱིས་རང་དགའི་སྒོ་ནས་ལེན་སོང་ན་དེ་ནི་ཅུང་དགའ་སྣང་སྐྱེ་འོས་པའི་སྦྱིན་པ་རྣམ་དག་ཅིག་ཀྱང་ཡིན་བསམ་འོང་གི་འདུག

 

 

དེ་སྔོན་སྒེར་གྱི་ཉམས་མྱོང་ལྟར་ན་ཕ་ཡུལ་ལུང་པར་ད་དུང་ཡང་ལུགས་སྲོལ་སྡུག་ཆག་དེ་འདྲ་མང་པོ་རེད། དཔེར་ན་དེང་དུས་ལྟར་ན་རྒྱས་ཟ་རྒྱས་འཐུང་། བག་མེད་ལོངས་སྤྱོད། ལས་ལ་གཙང་བཙོག་དབྱེ་བ་དང་། མི་ལ་དབུལ་ཕྱུག་དབྱེ་ཆེ་བའམ་རིགས་ལ་མཐོ་དམན་དབྱེ་བ་སོགས་ས་གཞན་ལའང་ཡོད་སྲིད་པའི་ལུགས་སྲོལ་ཞིག་ཡིན་ཡང་གཙོ་བོ་རང་རིགས་ནས་སྤྱོད་ངན་དང་རྨོངས་དད་ཀྱི་རིགས་དེ་དོར་ནས་བག་ཡོད་ཚུལ་ལྡན་གྱི་འཚོ་བ་ཡ་རབ་ཅིག་རོལ་ན་ཡག་པོ་རེད། 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།