ཨ་ཅེ།

ཨ་ཅེ།

images/stories/6666jpg.jpg

ཨ་ཅེ།Sister 姐姐 ད་ངས་ཁྱེད་ལ་ངོ་མ་ཅི་ཞིག་མོལ་དགོས་མི་ཤེས། ངའི་ཡ་ཆུང་སུན་གྱིས་ཁེངས་པ་དེ་ཁྱེད་ཀྱིས་མི་གཟིགས། ཡུལ་འཁྱམ་ཚེ་ཕྱེད་ལ་ཉེ་བའི་དུས་འདིར། ངས་ཁྱེད་རང་ལྷག་ཏུ་དྲན། དྲན་སྟངས་དེ་ཡི་གེས་འབྲི་མི་ཐུབ། མཚོན་ཁྲའི་སྨྱུ་གུ་ཡིས་ཀྱང་བཀོད་མི་ནུས། ཁ་ནས་འགྲེལ་བརྗོད་བྱེད་མི་ཤེས་པ་དེ་ཁྱེད་ཀྱིས་མཁྱེན་ནམ།

རང་གཤིས་ཚ་བའི་ངས་དེ་སྔོན་ཁྱེད་ལ་དཀའ་ངལ་ཅི་ཙམ་སྤྲད་མྱོང་། དེ་དག་གཅིག་གཅིག་གཉིས་གཉིས་དྲན་ཡོང་དུས། ང་རང་སོ་སོར་སུན་གྱི་འདུག ཨ་ཅེ། འདས་སོང་གི་སྡིག་པ་དེ་དག་དྲན་འོང་དུས་ངས་ཁྱེད་རང་འཐམ་ནས་ངུ་སྙིང་འདོད། ངས་ཁྱེད་ལ་ཅི་ཞིག་ཞུ་དགོས་སམ། སྤུས་མོ་ས་ལ་བཙུགས་ཏེ་ཁྱེད་ལ་ཕྱག་འཚལ་དགོངས་དག་སྟོང་ཚོ་ཞུས་ཀྱང་ངའི་སྡིག་གྲིབ་དྭག་ཐབས་ག་ལ་ཡོད།

སློབ་ཆུང་སྐབས་ང་ངར་ལང་ནས་བུ་ཞིག་དང་འཛིང་། ཁོས་ང་ས་ལ་རིལ་བཅུགས་པ་མ་ཟད། དབུགས་ཀྱང་གཏོང་ཁག་པོར་གྱུར་བའི་མུར་ཙོག་ལྕགས་འདྲ་པོ་ཡིས་རྫོགས། ནུས་ཤུགས་ཀྱིས་མི་འདང་བའི་རྐྱེན་གྱིས་ང་འུ་ཐུག་ཐབས་ཟད་དུ་བཏང་། དུས་དེར་ངའི་རེ་བཅོལ་གྱི་མིག་གཉིས་ཀེམ་ཀེམ་གཡོས་ཏེ་ཁྱེད་ཀྱི་ཕྱོགས་སུ་ཅེར་དུས། ཁྱེད་ཀྱིས་ནོར་འཁྲུལ་ཚང་མ་ངའི་གཅུང་མོས་བཟོས་པ་རེད། ངས་མོ་ལ་རོགས་པ་བྱེད་མི་ཐུབ་ཟེར་ནས་གཞན་ལ་སོང་མྱོང་བ་དེ་ད་ཆ་ཁྱེད་ཀྱིས་ཨེ་དྲན།

 

 

ཨ་ཅེ། འོན་ཀྱང་ངས་སྔོན་མར་ཁྱེད་ཀྱི་རྒྱབ་རྩར་ལང་ནས་ཁྱེད་ལས་ལོ་ཁ་ཤེས་ཆེ་བའི་གྲོང་པ་གཅིག་པའི་བུ་མོ་དེ་ས་ལ་རིལ་ནས་ཡིད་ཚིམས་པའི་སྒོ་ནས་ཁྱེད་ལ་དགྲ་ཤ་ལེན་མྱོང་བ་ཁྱེད་ཀྱིས་བརྗེད་ཟིན་པ་འདྲ། ངས་ཁྱེད་ཀྱིས་ཡིག་ཚད་མ་ལོན་སྟབས་ཐབས་ཤེས་བསླབས་ནས་ཁྱེད་རང་ལོ་རིམ་འཕར་བ་དེའང་དྲན་པ་བརྗེད་པ་འདྲ། ཨ་ཅེ། ད་ཆ་ང་ལ་རོགས་པ་དགོས། ངའི་ཁ་ནས་ངག་མ་དོན་ཡང་མིག་གཉིས་ཁྱེད་ཀྱི་ཕྱོགས་སུ་རེ་བས་ཁེངས་ནས་གཡོས། གཟུགས་པོའི་ནུས་པས་མི་ཐུབ་པའི་རྐྱེན་གྱིས་བུ་དེས་ཁྱེད་ཀྱི་གཅུང་མོ་མི་ཚོགས་མདུན་འདི་ནས་ཤི་ལ་ཉེ་བ་འདྲ་བཟོས་པ་ཁྱེད་ཀྱི་སྤྱན་གྱིས་མ་གཟིགས་པ་ག་ལ་ཡིན།

སྐབས་དེར་སྐད་ཅིག་ཉིད་དུ་ཕམ་ཁར་ལྷུང་བའི་ཁོང་ཁྲོ་དེས་ངའི་ཡོད་ཚད་སྨིད་མེད་དུ་བཏང་། ངས་མིག་གིས་མདུན་མི་མ་མཐོང་ལ་ངས་རང་གཞན་སུ་ཡི་སྐད་ངག་ཀྱང་མ་གོ ཨ་ཅེ། ང་བུ་དེས་ས་ལ་རིལ་ནས་རྫོག་པ་ལས་ཁྱེད་ཀྱིས་རེ་ཟད་ཐབས་སྡུག་ཏུ་ལྷུང་བའི་གཅུང་མོར་ཁ་ཡ་ཙམ་མེད་པར་གཞན་དུ་སོང་བ་དེས་ངའི་མི་ཚེའི་ནང་བརྗེད་མེད་ཀྱི་རྨ་ཁ་བཟོས་བྱུང་།

 

 

ངའི་སེམས་གཏིང་ནས་ངེད་གཉིས་ཕ་མ་གཅིག་པའི་སྲིང་མོ་དང་ཁྲག་རྒྱུན་གཅིག་པའི་མིང་སྲིང་རེད། ཅིའི་ཕྱིར་ཁྱེད་ཀྱིས་འཛིང་མོ་དེ་ངའི་ནོར་འཁྲུལ་དུ་ངོས་འཛིན་གྱིས་སློབ་གྲོགས་མང་པོ་དེའི་མིག་མདུན་ནས་ང་སྐྱ་ཐེང་ངར་སྣང་མེད་ངང་ཁེར་རྐྱང་དུ་བསྐྱུར་བ་ཡིན་ཞེས་སྒྲ་མེད་ཀྱི་སྐད་དེ་སེམས་ནས་ངར་ནས་འབོད་མྱོང་ཨང་།

ཨ་ཅེ། ཡང་ཐེངས་ཤིག་ངས་ཁྱེད་ཀྱིས་ང་སློབ་གྲྭར་མཉམ་འགྲོ་མི་བྱེད་ཅིང་ང་མ་སྒུག་པར་བརྟེན། ངས་ཐེ་ཚོམ་མེད་པར་ཟུར་ནས་རྡོ་ཧྲུག་འགའ་སྒྲུབ་ནས་ཁོང་ཁྲོ་མེ་ལྟར་སྦྲགས་ཁྱེད་ལ་བཞུས། རྡོག་ཅིག་གིས་ཁྱེད་ཀྱི་གཡོན་ཕྱོགས་ཀྱི་མདུན་ཟོ་དེ་ཕྱེད་ཀ་ཏག་ཏག་བཀོག་འདུག ཁྱེད་ན་ཟུག་གིས་ངུས་ནས་ས་ལ་འཁུམ་ནས་སྡོད་དུས་ངས་ཁྱེད་ལ་ཁ་ཡ་བྱེད་རྒྱུ་བཞག་ཏེ། སྐབས་དེར་ངས་ཁྱེད་ལ་སྙིང་རྗེ་སྐྱེ་རྒྱུ་བཞག་སྟེ་དེ་སྔོན་ཁྱེད་ཀྱིས་ང་སྣང་མེད་བསྐྱུར་བར་དགྲ་ཤ་ལོན་ཡོད་བསམ་པའི་གདུག་རྩུབ་ཀྱི་ཁེངས་དྲེགས་ཀྱིས་བསྡམས།

 

 

 

ཨ་ཅེ། ངེད་གཉིས་ཆེན་པོ་ཆག་རྗེས་ཀྱང་ངའི་རེ་ཞུས་ལྟར་ཁྱེད་ཀྱིས་མདུན་སོ་དེ་གསེར་གྱིས་མ་བསྟུམ་པར་དེ་མུར་བཞག་དོན་ཅི་ཡིན་ནམ། ངས་ཁྱེད་ཀྱི་མདུན་སོ་ཕྱེད་ཀ་དེ་མཐོང་ཐེངས་རེར་ཡ་ང་མེད་པའི་གཤིས་ངན་མ་ངའི་ནག་ཉེས་དྲན་འོང་གི་འདུག དེ་ལྟར་དྲན་ཐེངས་རེེར་ངའི་སེམས་ལ་སྐྱོ་བས་ཁེངས་འོང་ཞིང་། མིག་ནང་རང་དབང་བྲལ་བའི་མཆི་མའང་འཁོར་འོང་གི་འདུག

 

 ཨ་ཅེ། ད་ཆ་ང་རྒྱ་གར་འཕགས་པའི་ཞིང་དུ་འབྱོར་ཡང་ཚེ་འདས་ཀྱི་ཨ་ཕར་དགེ་རྩ་འདི་ཡིན་བསམ་པ་ཞིག་བསགས་ཐུབ་མ་སོང་། ངས་བརྩེ་ཆེན་གྱི་མ་ཡུམ་ལ་ཞབས་ཞུ་ཉིན་མོའི་སྐར་མ་གཅིག་ཙམ་གྱི་དགེ་བའང་བསྒྲུབས་མ་ཐུབ། ངའི་བརྩེ་ཆེན་གྱི་མ་ཡུམ་ད་ཆ་ཟིལ་པ་ཁྲོམ་མེར་ཁྱིམ་མི་ཆེ་ཆུང་ཡོངས་ཀྱི་མདུན་དུ་ཀ་བ་ལྟ་བུའི་གོ་ས་བརྟེན་པོ་དེ་བཟུང་ནས་ཞལ་བཞུགས་པ་འདི་མང་ཆེར་ཁྱེད་ཀྱི་བཀའ་དྲིན་ལ་ཚོར་གྱི་ཡོད།

 

ཨ་ཅེ། ཁྱེད་ཞོགས་སྔ་ལང་གིས་ཡུམ་ཆེན་ལ་ཚ་པོ་མལ་མགོར་འདྲེན་ཞིང་། མཚན་ཕྱི་ཉལ་ལ་ཡུམ་གྱི་ཞབས་གཉིས་ཆུ་དྲོན་མོས་འཁྲུས་ཐེངས་མང་བའི་ནུས་མཐུ་ལས་བྱུང་བ་འདོད། ཁྱེད་ཀྱིས་ཐ་ན་ཁོང་མོའི་ནང་གོས་ཀྱི་འཇམ་རྩུབ་དང་ཞལ་ཟས་ལ་བཅུད་ལྡན་མིན་བཅས་ནས་འགོ་བརྩམས་ནས་ང་ལ་བློ་ཡིད་ཚིམས་པའི་བདེ་དགེ་ཞིག་སྦྱིན་ཞིང་། དེའི་རྐྱེན་གྱིས་ཁྱེད་ཀྱིས་གང་གའི་བྱེ་མ་ལྟར་ང་ལ་གྲངས་ཀ་རྫོགས་པའི་ཚོགས་ཀྱང་བསགས་ཟིན།

 

 

ཨ་ཅེ། ཁྱེད་ཀྱི་མ་ཡུམ་དེ་ངའི་མ་ཡུམ་ཡང་རེད། ཁྱེད་ཀྱིས་མ་ཡུམ་ལ་ཞབས་ཞུ་བསྒྲུབས་པ་དེ་དག་ངས་རྩ་རྩེའི་ཟིལ་པ་ཙམ་ཡང་སྒྲུབ་མི་ཐུབ་པའི་ལས་ངན་དེ་ངས་ཚེ་རབས་གང་གི་དུས་སུ་བསགས་པའི་སྡིག་ལས་ཡིན་ནམ། ཇི་ལྟར་དག་ཐབས་དགོས་སམ། ངས་ད་ཆ་ཐ་ན་ངག་ནས་བརྩེ་ཆེན་མར་ངོ་ཡག་ཙམ་བཤད་རྒྱུའང་ཁག་པོ་ཆག་དོན་ཅི་ཡིན་ནམ།

 

 

ཨ་ཅེ། ད་ཡིན་ན་ངས་ཁྱིམ་ལ་རེ་བ་སྟོང་སོང་བ་འདྲ། ངས་ང་ཚོའི་ཁྱིམ་སྒོ་སྲུང་མཁན་འབྲོག་ཁྱི་རྒྱལ་འབྲུག་ལ་ལྟོ་སྤྲོད་རྒྱུ་ནས་གོ་རའི་མཐའ་ནས་བསྐོར་བའི་ཤིང་འབྲས་དེ་དག་ལ་ཆུ་འདྲེན་མ་ཐུབ་པ་ནས་བཟུང་ཚང་མར་སྡིག་པ་མིག་བཙུམ་གྱིས་ཁྱེད་ཚོ་དང་ཁ་བྲལ་ནས་སོང་བ་རེད། ངས་ཁྱེད་ཀྱིས་ཁྱིམ་འདི་སྐྱོང་བར་རོགས་ཕན་སྤུ་ཙམ་མེད་པའི་ཁར། ད་དུང་མ་ཡུམ་དང་ཁྱེད་མ་སྨད་གཉིས་ལ་སེམས་ཀྱི་དཀའ་ངལ་ཕལ་མ་ཞིག་བཟོས། ཁྱེད་མ་སྨད་གཉིས་ཀྱིས་ཟས་ཞིམ་པོ་ཁམ་གང་ཟོས་པ་དང་གོས་འཇམ་པོ་ལྷེབ་ཅིག་མཐོང་བ་ཙམ་གྱིས་ང་དྲན་སྟངས་དེས་ང་ལ་གཉིས་མི་ཁུག་པའི་རྡོག་འཕྲིས་འདུག ངས་ཁ་སྟོང་དཀྱལ་སྟོང་གིས་ཁྱེད་གཉིས་ལ་ཁ་ཡག་ངོ་འཛུམ་མུ་མཐུད་གང་ལེགས་བྱས་མོད། དེས་ཁྱེད་གཉིས་ཀྱི་གུས་མོར་བཅང་བའི་བརྩེ་བ་གངས་རི་འདྲ་པོ་དེར་དྲིན་མཇལ་ཅི་ལ་ཐུབ་ཨང་།

 

 

ཨ་ཅེ། ཁྱེད་ཀྱིས་ས་གང་དུ་སོང་ཡང་ཁྱིམ་ནི་གངས་ལྗོངས་ཕ་ས་རེད། ས་གང་དུ་མྱུར་ཡང་བོད་ནི་མ་ཡུམ་རེད། མཐོ་ལྷ་ཡུལ་སོང་ཡང་མཚར་རྒྱུ་མེད་ཅིང་དམའ་དམྱལ་ཁམས་ལྷུང་ཡང་སྡུག་རྒྱུ་མེད་ཅིང་ཚེ་འདིར་བསྒྱུར་ཐབས་མེད་པ་དེ་ནི་ང་ཚོ་ཁྱེད་ཀྱི་ཁྱིམ་མི་རེད་ཅེས་ང་ལ་གསུངས་མྱོང་། འོན་ཀྱང་ད་ཆ་ང་ནི་ཟང་ཟིང་ལང་ལོང་གིས་ཁྱིམ་ངོ་མི་ཤེས་པའི་འཁྱམ་མོ་དང་། ཕ་ངོ་མི་ཤེས་པའི་ད་ཕྲུག་ལྟར་དུ་གྱུར་ཡོད། འོན་ཀྱང་ཁྱེད་ཀྱིས་ད་དུང་ང་ལ། གངས་ལྷ་མོ། ངས་མི་ཚེའི་འདིའི་ནང་ཁྱོད་ལ་སྒུག་ནས་བསྡད་ཡོད། ངའི་མི་ཚེ་འདིའི་ནང་རེ་བ་དང་སྨོན་ལམ་ཉག་ཅིག་ནི་ཚེ་མཇུག་ཏུ་ཁྱོད་དང་སླར་ཐུག་རྒྱུ་དེ་ཡིན། དེ་མ་བྱུང་ན་ང་ཤི་ནའང་མི་བཙུམ་ས་མ་རེད། ད་ནས་བཟུང་ངེད་གཉིས་ཀས་དམ་བཅའ་ཞིག་བཞག་དགོས། དེ་ནི་ངེད་གཉིས་མ་ཤིའི་སྔོན་དུ་་་་རྒས་མོ་ཁ་ནང་གི་སོའང་སར་ལྷུང་ཚར་རུང་་་་ལུས་སྨད་ཀྱིས་སྟོད་མི་འཁྱོག་པ་ཆག་ཀྱང་རུང་། ངེད་གཉིས་ཕན་ཚུན་ལག་མགོ་ནས་འཇུས་ཏེ་ལྷ་སའི་བར་བསྐོར་ལམ་དུ་བསྐོར་ར་ལ་མཉམ་དུ་འགྲོ་རྒྱུ་བྱོས། ཅེས་པ་དེ་ཡིན།

 

 

ཨ་ཅེ། ངས་ཁྱེད་ལའང་གཅིག་མཚུངས་ཀྱིས་དེ་ལོས་ཡིན་ཟེར་བའི་གཡོ་གཏམ་གྱིས་མགོ་བསྐོར་བཏང་ཡོད། ཏག་ཏག་ཅིག་མིན་ཡང་ཁྱེད་མ་སྨད་གཉིས་ཐུགས་ཕམ་མི་འོང་བའི་ཆེད་ངས་དམ་བཅའ་རྫུན་མ་དེར་ངོས་ལེན་ཞུས། གང་ལྟར་ཡང་། ངས་འདི་ནས་ཁྱེད་ལ་སླར་གཡོ་གཏམ་དེས་བསླུ་བྲིད་གཏོད་འདོད།

 

 

ང་ཚོའི་མེས་པོ་ཚོའང་རེ་བས་ཕུང་མྱོང་བ་ལྟར། ངེད་གཉིས་ཀྱིས་ཀྱང་རེ་བ་དེ་འདྲ་ཞིག་བཅང་ནས། ཆབ་སྲིད་དང་དབང་ཤུགས་ཀྱི་རླུང་དམར་ཡམ་ཡོམ་དུ་གཡུག་བཞིན་པའི་འཇིག་རྟེན་ཆོས་རྒྱལ་གྱི་ས་ཆེན་པོ་འདིར། ལས་འབྲས་ལ་གཡོལ་འདོད་ཀྱིས་བདེ་བ་ཉག་ཅིག་འདོད་ཅིང་སྡུག་ངལ་སྤུ་ཙམ་མི་འདོད་པའི་སྐོམ་པ་ཆུ་འདོད་ཀྱི་འཇིག་རྟེན་པའི་བློ་མིག་ལྟར། མ་འོངས་པའི་དུས་དེར། ངེད་གཉིས་ཀྱི་ཚེ་མཇུག་ཏུ།

 

 

 

ཨ་ཅེ། ངེད་སྤུན་ཡ་མ་གཉིས་ལྷ་སའི་བར་བསྐོར་ལམ་དུ་ཕན་ཚུན་ལག་མགོ་འཇུས་ནས་བསྐོར་བ་ལ་མཉམ་དུ་འགྲོ་རྒྱུའི་དམ་བཅའ་ཡོད་ལགས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།