ལྟ་སྐྱོང་བ།

images/stories/45/durer_-_bildnis_der_mutter.jpgལྟ་སྐྱོང་བ། Care worker 護理員

དེང་གུས་མོ་གཞན་ལ་ལྟ་སྐྱོང་བྱེད་མཁན་གྱི་ལས་ཀ་འདིར་ཧ་ཅང་དགའ་པོ་ཆག་འགྲོ་གི་འདུག་སྙམ། འདི་ནི་ལས་ཀའི་རང་གི་ངོ་བོ་ཙམ་མ་ཟད། ལྟ་སྐྱོང་བ་རང་དང་ལྟ་སྐྱོང་བྱེད་ཡུལ་གཞན་གཉིས་ཀས་ཁ་ཡོད་ལག་ཡོད་ཀྱི་མི་ཚེ་བསྐྱེལ་སྟངས་ཤིག་ཀྱང་རེད་འདུག

 

གང་ཡིན་ཟེར་ན། ལས་རིགས་འདི་ནི་མིའི་འཚོ་བ་དངོས་སུ་ཉིན་ཞག་དུས་དྲུག་ཏུ་འགྲོ་འདུག་སྤྱོད་གསུམ་དང་དམ་དུ་འབྲེལ་ཡོད་པ་དཔེར་ན་དབང་པོ་སྐྱོན་ཅན་ཚོར་མཚོན་ན་གཙོ་བོ་ཞོགས་སྔ་ལང་སྐབས་སུ་གཟུགས་པོ་འཁྲུ་རོགས་དང་སོའང་འཁྲུ་རོགས་བྱེད་རྒྱུ། གྱོན་ཆས་གཡོག་རོགས། གྱོན་ཆས་བཙོག་པ་རྣམས་འཁྲུ་རོགས། དེ་དག་གི་ཉལ་ཁང་གཙང་དག་གྲལ་སྟར་འགྲིག་པ་བཟོ་རོགས། དེ་ནས་ཞོགས་ཟས་བཟོ་རོགས་དང་དེ་ཚར་སོང་ན་ཕྱིར་ལས་འགུལ་དུ་བསྐྱེལ་རོགས་སམ། ཡང་ན་མཉམ་དུ་ལས་འགུལ་དུ་རོགས་རམ་བྱེད་རྒྱུ་ནས་བཟུང་འགོ་བརྩམས་ནས་བྱེད་དགོས་པ་ཞིག་རེད།

 

 

ཕྱི་ལ་སོང་བའི་སྐབས་སུའང་གཙོ་བོ་ལས་རོགས་གཞན་དང་མཉམ་དུ་དབང་པོ་སྐྱོན་ཅན་ཚོ་སྤང་ཁར་འཁྲིད་རོགས་དང་དེར་གོམས་པ་རྒྱག་རོགས། ཡང་ན་ཚོང་ཁང་དུ་འཆམ་འཆམ་ལ་འཁྲིད་རོགས། དེ་མིན་ཉིན་དགུང་ཟས་ཚར་ན་སོ་སོས་ཅ་དངོས་བསྡུ་གསོག་རྒྱག་པར་དོ་དམ་བྱེད་རོགས། ལམ་བར་དུ་དཀའ་ངལ་ཇི་བྱུང་ལ་དཀའ་སེལ་བྱེད་རོགས། མཇུག་ཏུ་ཕྱིར་རང་ཁྱིམ་དུ་བསྐྱེལ་རོགས་དང་ཁྱིམ་མིར་རྩིས་སྤྲོད་རོགས་སོགས་བྱེད་དགོས།

རྒྱུན་གཏན་དུ་ཕ་རོལ་པོའི་ཁྱིམ་དུ་སླེབས་དུས་ཀྱང་ཁྱིམ་མིས་ཁྱོད་ནི་རོགས་སྐྱོར་བྱེད་མཁན་ཞིག་ཡིན་པར་ཆེ་མཐོང་གང་ལེགས་ཡོད་པ་དང་། གལ་ཏེ་རོགས་སྐྱོར་བྱེད་ཡུལ་གྱིས་ལས་བྱེད་ཚོར་མཐོང་ཆུང་གི་ཚིག་ཙམ་སྨྲས་ཀྱང་དེ་དག་གོང་ཞུས་ཀྱིས་ལས་ཁུངས་ནས་ཁྱོད་ཀྱི་མི་གཞིའི་ལ་རྒྱར་བརྩི་སྲུང་བྱེད་སྲོལ་ཡོད་པ་རེད་འདུག

 

 

འོན་ཀྱང་ངས་འདིར་བཤད་བསམ་པ་ནི་གནས་སྟངས་གཞན་ཞིག་ཡིན་ལ། བུད་མེད་འདིར་རིག་པའི་སྐྱོན་ཟེར་ནའང་འདྲ་ནད་རིགས་ཤིག་ཡོད་མཁན་ཡིན། འོན་ཀྱང་མོ་རང་རྨང་གཞིར་ནད་རྟགས་གང་ཡང་མེད་ཐོག་ཆུང་དུས་ནས་ཕྱི་གླིང་བ་གཞན་ལྟར་གོམས་ལོབ་བམ་རྒྱུན་འབྱམས་སུ་སོང་བའི་དབང་གིས་འཚོ་བ་བསྐྱེལ་སྟངས་ཐོག་ཐ་ན་ཅ་དངོས་གང་དག་ཚོང་ཁང་ཅི་ཞིག་ནང་ཁེ་བཟང་ཡོད་མེད་དང་སྤུས་ཀ་དག་མིན། དེང་དུས་དར་སྲོལ་དང་མཁོ་ཆེ་བའི་ཅ་དངོས་དང་ཐོན་རྫས་ཅི་ཞིག་ཁྲོམ་ལམ་དུ་འགྲེམས་སྤེལ་བྱས་ཡོད་མེད། སྤྱི་ཚོགས་ཐོག་གི་སྒྱུ་རྩལ་བའམ་གླུ་པ་དང་གླུ་མ། འཁྲབ་སྟོན་པ་གྲགས་ཅན་ག་གེ་མོའི་གནས་ཚུལ་སོགས་ལ་ཧ་ཅང་དོ་སྣང་ཡོད་མཁན་རེད་ཟེར་ནའང་འགྲིག་པ་འདྲ། དེའང་མོའི་ཉལ་ཁང་དུ་ཟུར་གཉིས་ཀྱི་དཔེ་ཁྲིའི་བརྩེགས་ལྔ་ཅན་དེའི་ཐོག་གི་དཔེ་དེབ་མང་པོ་དེ་དག་དང་། དེ་མིན་ཤིང་སྒམ་ཆེན་པོ་གཉིས་ནང་གི་གླུ་གཞས་སྣ་ཚོགས་ཀྱི་འཁོར་ཐག་སྟོང་ཕྲག་མང་པོ། གཞན་ཡང་རོལ་ཆས་guitar ཆེན་པོ་དྲུག་ཙམ་གཤམ་ཡོད་པ་དེ་དག་གིས་ཀྱང་གསལ་པོ་མཚོན་ནུས་པ་ཞིག་རེད།  འོན་ཀྱང་དུས་མཚུངས་སུ་མོ་ལ་སྐྱོན་གཞན་ཞིག་ཡོད་པ་ནི་མོའི་གཟུགས་པོའི་ཐོག་གི་ན་ཚ་དེས་རྐྱེན་གྱིས་མོའི་གཤིས་སྤྱོད་ལ་གནོད་སྐྱོན་ཕོག་བཞིན་པ་དེ་རེད།

 

 

སྨན་པས་དབང་པོ་སྐྱོན་ཅན་དང་རིག་པ་སྐྱོན་ཅན་ཚོར་དུས་ཚོད་རིམ་བསྟུད་ཀྱིས་སྨན་རྫས་སྤྱོད་བཅུག་གི་ཡོད་པའི་དབང་གིས་ནད་ཅན་འདི་དག་དུས་ཚོད་མང་པོའི་ནང་ཕྱི་ནས་བལྟས་ན་ཚུལ་མཐུན་ཡ་རབ་ལྟ་བུ་ཤ་སྟག་ཆག་སྡོད་ཡོད་པ་རེད། འོན་ཀྱང་གལ་ཏེ་སྨན་གྱི་ནུས་པ་ཉམས་འགྲོ་བའི་སྐབས་སུ་ཁོ་ཚོའི་རང་གཤིས་སམ་ན་ཚས་རྐྱེན་གྱིས་རྒྱུན་གཏན་དང་མི་འདྲ་བ་རླུང་ཚ་པོ། ཧམ་པ་ཚ་པོ། སྐད་མགོ་མཐོན་པོ། ཐ་ན་ཧ་ཅང་སྡུག་ཏུ་འགྲོ་བའི་སྐབས་སུ་རང་གཞན་གཉིས་ལ་འཚེ་བའི་ལས་ཀྱང་བྱ་སྲིད་པ་རེད་དེ་བརྒྱ་ཆ་གོ་དགུའི་རིགས་ལ་སྨན་གྱིས་སྟངས་འཛིན་ཡོད་པའི་དབང་གིས་སྨྱོ་ཤེད་སྤེལ་བར་གོ་སྐབས་ཉི་མོའི་སྐར་མ་ལྟ་བུ་རེད།

 

 

 

གནད་དོན་འབྱུང་སྐབས་དེར་ནད་པ་འདིའི་རིགས་ལ་རྒྱུན་དུ་ནས་ལྟ་སྐྱོང་བ་དེ་དག་ནི་ཧ་ཅང་གལ་འགངས་ཆེ་བའི་མི་སྣ་ཞིག་ཏུ་གྱུར་ཡོད། ལྟ་སྐྱོང་བས་ནད་པའི་ཚོར་བར་སྟངས་འཛིན་དང་། དེའི་གནས་སྟངས་ལེགས་སུ་གཏོང་ཐབས། དེའང་དཔེར་ན་བསླབ་བྱ་དང་སློབ་གསོ། དེ་མིན་ཐབས་གཞན་གང་སྤེལ་ན་ཕན་ནུས་ཐོན་མིན་སོགས་ལྟ་རྒྱུ་རེད། གལ་ཏེ་ཁྱོད་ནི་སྤྱི་བཏང་བའི་ལྟ་སྐྱོང་བ་ཞིག་ཡིན་ཚེ། ནད་པ་དང་མཉམ་དུ་དུས་ཚོད་གཏོང་སྐབས་གཙོ་བོ་ལས་དུས་གང་འདྲ་རྫོགས་བཅུག་མིན་ཙམ་ཡིན་ན་ནི་གནས་ཚུལ་གཞན་ཡིན་རུང་། གལ་ཏེ་དེ་ལས་ལྡོག་སྟེ་ཁྱོད་ནི་དབང་པོ་སྐྱོན་ཅན་ལ་ལྟ་སྐྱོང་བ་ཚད་ལྡན་ཞིག་ཡིན་ན་དེ་དག་གི་མི་ཚེའི་གནས་སྟངས་ལེགས་སུ་གཏོང་ཐབས་ལ་འབད་བརྩོན་དང་རོགས་ཕན་དགོས་ངེས་ལྟར་རེད།

 

 

དེའི་ཚེ་དེའི་དུས་སུ་ལྟ་སྐྱོང་བ་སྒེར་ངོས་ཀྱི་མི་ཚེའི་ཉམས་མྱོང་དང་། དེའི་ཤེས་རྒྱ་ཡོན་ཏན། འཇོན་ཐང་དང་ནུས་པ། བློ་སྟོབས་དང་སྤྱང་གྲུང་སོགས་ནི་ཧ་ཅང་གལ་འགངས་ཆེ་བའི་འཇོན་ཐང་ཞིག་རེད་འདུག དཔེར་ན་ལྟ་སྐྱོང་བ་ཀ་པར་རང་ཆས་སུ་ལྡན་པའི་ནུས་པའམ་ཤེས་བྱའམ་ཟས་རིགས་གང་ལེགས་སམ་རིགས་མི་འདྲ་བ་བཟོ་ཤེས་པ། དེ་བས་ལུས་སྦྱོང་གི་ཉམས་མྱོང་དང་དེ་གཞན་ལ་རྒྱུད་སྤེལ་ཆོག་པའི་ལག་ཁྱེར་ཚད་ལྡན་ཡོད་པ། གཞས་གླུ་བྲོ་གསུམ་སོགས་སྒྱུ་རྩལ་ལ་སྦྱངས་པའི་ཉམས་མྱོང་ཡོད་པ། དམིགས་བསལ་བའི་གློག་གི་འཕྲུལ་ཆས་རིགས་མི་འདྲ་བ་བསྐོར་སྤྱོད་ཤེས་པ། སྤྱང་གྲུང་འཛོམ་པ་སོགས་ཡོད་ན་ཁྱོད་ཀྱིས་གཞན་ལྟ་སྐྱོང་བ་ལས་རང་ཆས་སུ་ནུས་པ་སྤེལ་ནས་ཁྱོད་ཀྱི་ལྟ་སྐྱོང་བྱེད་ཡུལ་དབང་པོ་སྐྱོན་ཅན་དེ་དག་ལ་ཕན་རོགས་དང་བདེ་དགེ་གང་དགོས་བསྐྲུན་ཆོག་པ་རེད།

 

 

འོན་ཀྱང་ཁྱོད་ནི་སྤྱི་བཏང་བའི་ལྟ་སྐྱོང་བ་ཞིག་ལས་མིན་ཡང་གཙོ་བོ་སེམས་བསམ་པས་ལྷག་བསམ་ཟོལ་མེད་ཀྱིས་ཕ་རོལ་པོར་གཡོག་ལས་ཙམ་སྒྲུབ་ནའང་ཕ་རོལ་པོས་ཁྱོད་ལ་བསམ་ཤེས་གང་ལེགས་བྱེད་ཅིང་། དེའི་ཁྱིམ་མི་ནས་ཀྱང་མིག་ལྡན་ཡིན་པའི་དབང་གིས་གོ་ཤེས་ཚོར་ཤེས་བྱས་ཏེ་ལྟ་སྐྱོང་བ་ཁྱོད་ལ་དགའ་མོས་གཞན་ལས་ཆེ་བའང་ཡོང་བཞིན་པ་ནི་སྨྲ་མི་དགོས་པ་ལྟ་བུ་རེད།

རིག་པ་སྐྱོན་ཅན་ཆ་ཚང་མིན་པའམ་རང་ཁེར་སྡོད་ཆོག་ཅིང་ཉིན་མོར་གཞན་ལྟ་སྐྱོང་བའི་རོགས་རམ་འོག་གནས་དགོས་མཁན་ཞིག་ཡིན་ཞིང་། དེའང་རང་གཤིས་ཚ་བ་ཞིག་ཡིན་ཚེ་ལྟ་སྐྱོང་བའི་ཕྱོགས་ལ་དཀའ་ངལ་མང་བ་ཡོད། རིག་པ་སྐྱོན་ཅན་ནམ་སྨྱོ་ནད་ཆ་ཚང་བ་ཡིན་མཁན་རིགས་སུ་གྱུར་བ་དག་ལ་ལྟ་སྐྱོང་བས་ཟུར་ནས་དོ་དམ་དང་རོགས་པ་བྱེད་རྒྱུ་གཙོ་བོ་ཡིན་སྟབས་མཉམ་འགྲོག་བྱེད་སྐབས་ཀྱང་དེ་ཙམ་དཀའ་ཁག་མེད་པ་རེད།

 

 

སྔོན་དུ་བཤད་ཟིན་པ་ལྟར་འདིར་དཔེ་མཚོན་གཅིག་བཀོད་ན་བུད་མེད་དེ་ནི་གོང་དུ་བཤད་པའི་ནང་མེད་ཅིང་ཁེར་རྐྱང་སྡོད་པའི་རང་དབང་ཆ་ཚང་ཡོད་ཅིང་སྤྱི་བཏང་གི་ཆ་ནས་ཧ་ཅང་སྤྱང་གྲུང་ལྡན་པ་ཞིག་ཡིན་ཡང་། འདིའི་རིགས་ལ་དོ་དམ་བྱེད་རྒྱུ་ཕལ་མ་ཞིག་ཡོད་པ་ནི་དེ་དག་ལ་ལྟ་ཤེས་བསྟུན་མཁས་གཞན་ལས་མང་བ་དགོས་པ་དེ་རེད།

འོན་ཀྱང་མོ་རང་མི་ཚེ་མང་ཆེར་ཁེར་འདུག་བྱས་པའི་དབང་གིས་རང་ཤེད་ཚ་བའི་ཐོག་གཙང་སྦྲ་ལ་དོ་སྣང་རྩ་བ་ནས་མི་བྱེད་ལ། ཅ་དངོས་རིགས་གང་ས་གང་ལ་གཡུག་རྒྱུ་ཧ་ཅང་དགའ། དེ་བས་དགོད་བྲོ་བ་ཞིག་ལ་མོ་ནི་ཨིན་ཇིའི་ལུང་པ་ནས་ཁྱིམ་ཚང་ལེགས་གྲལ་དུ་ཡོད་པའི་ནང་གི་བུད་མེད་ཨོ་གླིང་དུ་གནས་སྤོས་ནས་སྡོད་མཁན་ཞིག་དང་སོ་སོར་བདག་པའི་ཐོག་བརྩེགས་ཅན་གྱི་སྒེར་ཁང་ཡོད་མཁན་ཞིག་དང་དེ་སྔོན་ཤེས་བྱ་ཡོན་ཏན་ཡང་གང་མཚམས་སྦྱངས་མྱོང་མཁན་ཞིག་ཏུ་རློམ་མཁན་ཡིན་རུང་། མོ་ནི་རྒྱུན་གཏན་དུ་གཟུགས་པོ་འཁྲུ་རྒྱུར་ཤིན་ཏུ་ནས་མི་དགའ་མཁན་ཞིག་རེད། དེས་དབང་གིས་ལྟ་སྐྱོང་བ་གཞན་ཁ་ཤས་མོའི་ལུས་པོ་ནས་དྲི་མ་ཁ་གི་འདུག་ཟེར་ནས་སྐྱུག་མེར་གྱི་ཡོད།

 

 

བུད་མེད་འདི་མཐོང་ཡོང་དུས་ངས་མཚམས་རེར་རང་རེའི་ལུང་ཁུག་ཏུ་འཚོ་བའི་མཐོ་སྒང་གི་ཨ་ཁུ་འབྲོག་པ་གཟུགས་པོར་མར་དང་སྤགས་པའི་དྲི་མ་འཚུབ་འཚུབ་སྡོད་མཁན་དེ་དག་ཀྱང་དྲན་ཡོང་གི་འདུག ཁྱད་མཚར་བ་ཞིག་ལ། མོ་ནི་ལོ་རྒན་དྲུག་བཅུ་ཡོལ་ཟིན་པ་ཞིག་ཡིན་རུང་བསམ་བློ་ནི་བུ་མོ་གཞོན་ནུ་མ་ལྟ་བུ་ཞིག་ཡོད། མོ་ལ་རྒྱུན་གཏན་དུ་ལྟ་སྐྱོང་བ་གཉིས་སམ་དེ་ལས་མང་བ་མཉམ་དུ་རོགས་ཕན་དགོས་པ་ཞིག་ཡིན་དུས་ལྟ་སྐྱོང་བ་གཞན་གྱིས་མོ་ལ་དགའ་སྣང་དང་ཡག་པོ་དག་དག་བཤད་ནས་སྡོད་ཀྱི་ཡོད།

 

 

འོན་ཀྱང་མཚམས་རེར་མོས་རང་སྐྱོན་ཁྱོན་ནས་མི་མཐོང་བས་སྐྱག་ལང་ཤོར་བ་མཐོང་དུས་ང་རང་ཁྱོན་ནས་སྡོད་མི་ཐུབ་པ་ཆག་གི་འདུག ཐེངས་འགར་ངས་མོ་ལ་ཁྱེད་རང་ལོ་ལོན་གྱི་རྒས་མོ་ཞིག་རེད། བུ་མོ་ཆུང་ཆུང་དེ་འདྲ་མ་རེད། ཁྱེད་ཀྱིས་ཉུང་མཐའ་ཡང་ཁྱིམ་དུ་སླེབས་པའི་མི་གཞན་ལ་གཟུགས་པོའི་དྲི་ངན་མི་ཚོར་བ་ཞིག་ཙམ་བྱེད་དགོས་ཀྱི་འདུག་སོགས་བཤད་པ་ཡིན། མོས་སྐབས་དེར་དུས་ཐོག་སོ་སོའི་རང་གཤིས་ཀྱི་མོས་པ་ཇི་མ་ཇི་བཞིན་ལྟ་སྐྱོང་བ་གཞན་དེ་དག་གི་མདུན་ནས་ང་ལ་སྐད་མཐོ་མཐོན་པོས་གཤེ་གཤེའམ་ངན་སྨྲས་སྣ་ཚོགས་ཐེངས་ཁ་ཤེས་བྱས་བྱུང་བ་དྲན་གྱི་འདུག་ཀྱང་། དུས་མཚུངས་སུ་ངས་ཀྱང་མོ་ལ་ཁྱེད་ལ་ང་ཚོ་ལྟ་སྐྱོང་བར་མཐོང་ཆུང་དང་ཁྱད་བསད་བྱེད་པའི་དབང་ཆ་སྤུ་ཙམ་མེད། དེ་བས་ཁྱེད་རང་གིས་ངའི་ཁྱེད་ལ་སེམས་འཁུར་ངོ་མ་བྱེད་པ་དེ་ཤེས་པར་བྱེད་དགོས། ཅེས་འབོད་པ་ཡིན་ལ། དེ་ནས་སྐར་ཆ་འགའི་ནང་མོས་ང་ལ་ཅིའང་མི་བཤད་པ་བསྡད་སོང་ལ་ལྟ་སྐྱོང་བ་གཞན་ཡང་ངའི་འབོད་སྟངས་དེར་ཧོན་འཐོར་ནས་སྡོད་འདུག སྐབས་དེར་ངས་དེ་མུར་ཨོ་་་དཀོན་མཆོག་གིས་མཁྱེན། རྒྱུན་དུ་ངའི་སྐད་ཡག་པོ་ཁྱོན་ནས་མེད་ཀྱང་དེ་རིང་ང་རང་གི་སྐད་ཆེན་པོ་རྒྱག་པས་ཁྱེད་རང་ལས་ངའི་སྐད་ཅུང་ཡག་པ་འདྲ་པོ་འདུག་ཅེས་བཤད་པར་མོ་རང་ངའི་སྐད་ཆ་དེར་ཧར་ཆ་དང་བཅས་དགོད་མོ་ཤུགས་ཆེར་ཤོར་བྱུང་ལ། གཞན་ལྟ་སྐྱོང་བ་དེ་གཉིས་ཀྱང་མཉམ་དུ་ཁ་སྐྱེངས་པ་ལྟར་ང་དང་རྒས་མོ་ངེད་གཉིས་མཉམ་དུ་དགོད་མོ་ཤོར་སོང་།

 

 

དུས་ཚོད་མང་པོའི་རྗེས་ཀྱི་དེ་རིང་རིག་པར་སྐྱོན་ཏོག་ཙམ་ཡོད་མཁན་གྱི་རྒས་མོ་འདིས་ཁ་ཞེ་གཉིས་མེད་ལྟ་བུས་ང་ལ་ལྷ་མོ། ཁྱོད་ནི་ངའི་ད་བར་འཕྲད་པའི་ལྟ་སྐྱོང་བའི་ནང་གི་དགའ་ཤོས་དེ་ཡིན། ཁྱོད་ང་སར་ལས་ཀ་བྱེད་མཁན་ཞིག་ཙམ་མ་ཚད་ངའི་གྲོགས་མོ་ཡིན། ང་ཁྱོད་གྱི་མི་གཤིས་ལ་ཧ་ཅང་དགའ་པོ་ཡོད། ཁྱོད་ཚོའི་མི་རིགས་ཀྱི་རིག་གཞུང་ལའང་དགའ་པོ་ཡོད། ངས་ཏཱ་ལའི་བླ་མའི་དེབ་ཁ་ཤས་ཉོས་ནས་ལྟ་གི་ཡིན་སོགས་བཤད་ཡོད་པ་མ་ཟད། མོས་དེང་སང་མཁས་དབང་ཞིག་གིས་བྲིས་པའི་བོད་སྐྱོད་ཟིན་ཐོ་ལྟ་བུའི་ནང་པའི་སྐོར་གྱི་དེབ་ཐུག་པོ་ཞིག་ཀྱང་མལ་མགོར་བཞག་ནས་ལྟ་བཞིན་འདུག་པས་ང་རང་ཡང་དགའ་སྣང་མི་འདྲ་བ་ཅུང་ཙམ་བྱུང་། ་་་་་

 

 

 

 རྒྱུན་དུ་ནས་ཀྱང་ངེད་གཉིས་དབར་འདྲིས་ཆེ་བ་ཆག་ནས་ལྟ་སྐྱོང་བ་གཞན་དང་མི་འདྲ་བ་མོས་གུས་མོར་གཤམ་དུ་ཁ་བརྡའམ་ནང་གཏམ་ལྟ་བུ་མང་པོ་བྱེད་སྲོལ་ཞིག་ཆག་སོང་། ངས་མཚམས་རེར་ང་ལ་ནང་ཆོས་ཀྱི་གོ་རྟོགས་སྤུ་ཙམ་མེད་པ་རེད་མ་གཏོགས་ངས་ནང་ཆོས་ཏོག་ཙམ་མོ་ལ་བཤད་ནས་མོའི་སེམས་ཀྱི་སྡུག་ངལ་ཏོག་ཙམ་སེལ་ཐུབ་ན་ཨང་བསམ་པའང་མང་པོ་ཡོང་གི་འདུག འོན་ཀྱང་གུས་མོ་ནི་ནང་ཆོས་ལ་སྦྱངས་པ་གང་ཡང་མེད་ཅིང་མ་ཎི་འབྲུ་དྲུག་ཙམ་ཡང་ལེགས་པོ་འགྲེལ་མི་ཤེས་མཁན་ཞིག་ཡིན་པས་མཚམས་རེར་རྒས་མོས་ནང་པར་བསྟོད་ར་ཆེན་པོ་གཏོང་འོང་དུས་ང་རང་གི་སེམས་གཏིང་ནས་འགྱོད་པ་འདྲའང་སྐྱེ་ཡོང་གི་འདུག

 

 

གང་ལྟར་ཡང་ཐོག་མའི་སྐབས་སུ་མོ་ནི་ཧ་ཅང་རང་ཤེད་ཚ་ཞིང་དབང་ཡོད་ཅན། གཞན་ལ་སྐྱོན་འཚོལ་རྒྱུ་དགའ་ཞིང་སོ་སོའི་སྒེར་གྱི་སྐྱོན་ཏིལ་ཙམ་ཡང་མི་མཐོང་མཁན། ཧ་ཅང་རླུང་ཚ་པོ་སོགས་ངན་དགུ་ཚང་བ་ཟེར་ན་ཅུང་ཐལ་ཆ་ཆེ་བ་མིན་འགྲོ ཡིན་ཡང་དེ་ལྟ་བུའི་རྒས་མོ་ཞིག་ཡིན་རུང་། དེང་མོ་ནི་མཚམས་རེར་ཞི་དུལ་བག་ཕེབས། ཡང་ན་གུས་མོ་ཚུད་ལྟ་སྐྱོང་བ་གཞན་ལའང་གང་ཐུབ་ཀྱིས་ཡག་ཡག་བཟང་བཟང་བཤད་ཤེས་མཁན། གཙང་སྦྲའང་ལེགས་སུ་ཞི་དྲག་སོང་བ་འདྲ་པོ་ཞིག་ཡིན་པས་ང་རང་ཡང་ཅུང་དགའ་སྣང་འདྲ་ཡོང་གི་འདུག 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།