ངའི་ལས་ཀའི་ངོ་བོ་ཟུར་ཙམ།

ངའི་ལས་ཀའི་ངོ་བོ་ཟུར་ཙམ།

images/stories/pink-heart-love-art.jpgངའི་ལས་ཀའི་ངོ་བོ་ཟུར་ཙམ།

Some of the feature of my work

我的工種的一些性質

སློབ་གྲྭ་ནས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་གྱི་ཆེད་ལས་ཤིག་སྦྱངས་ཟིན་ཞིང་། དེའང་རིམ་པ་གསུམ་པའི་ལག་འཁྱེར་ཞིག་རེད། འདི་ནི་ཧ་ཅང་དགའ་འོས་པ་ཞིག་གང་ཡང་མིན་ལ་འདིར་འབྱོར་བོད་པ་མང་པོས་ཆེན་པོ་འཇོན་ཡོད་མེད་ལ་མ་ལྟོས་པར་སྒྲུབ་བཞིན་པའི་སྤྱི་མཚུངས་ཀྱི་བྱ་བ་ཞིག་ཀྱང་རེད་འདོད།

 

འོན་ཀྱང་འདིར་བོད་པ་མང་པོས་བྱེད་བཞིན་པའི་གཞན་ལ་ཞབས་ཞུའི་ལས་ཀ་འདི་ཚོའི་ངོ་བོ་ནི་ཧ་ཅང་ལེགས་ཆ་ལེན་རྒྱུ་ཡོད་པའི་ཕྱོགས་མང་པོ་མཐོང་བ་དེ་དག་འདི་ལ་གཅིག་བཤད་འདོད་བྱུང་།

ཞབས་ཞུའམ་རོགས་རམ་བྱེད་མཁན་གྱི་མི་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་གཙོ་བོ་ནི་སོ་སོས་ལས་ཀའི་ངོ་བོ་ངོས་ཟིན་ནས་དེར་རྒྱུན་གཏན་གྱི་ལག་བསྟར་ཚུལ་མཐུན་བསྟར་རྒྱུ་དེ་ཡིན། དཔེར་ན་ཆུ་ཚོད་ག་ནས་འགོ་བརྩམས་མིན་དང་། ལས་ཀ་བྱེད་རིང་གྱོན་ཆས་སམ་སྒྲིག་ཆས་གང་འདྲ་དགོས་མིན། དེ་ནས་ལས་བྱར་མཁོ་བའི་ཡོ་བྱད་རིགས་གང་དག་བེད་སྤྱོད་ཤེས་དགོས་མིན། དངོས་སུ་ལས་དུས་སུ་གཞན་དང་མཉམ་ལས་ཀྱི་གཤིས་སྤྱོད་ཚད་ལྡན། དཀའ་ཁག་ལ་གདོང་ལེན་ཐུབ་མཁན། ལས་ཀའི་གོ་རིམ་ཚུལ་མཐུན་ལག་བསྟར་དགོས་པ་སོགས་རེད་འདུག

 

 

ངས་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་སྟངས་འདི་ལོ་ཕྱེད་ཟིན་ལ་ཉེ་ཡོད། དེའི་རིང་ལས་ཞུགས་སྐབས་སུ་ཐོག་མ་ནས་ལས་གཞི་འདི་དག་ཇུས་འགོད་བྱེད་སྟངས་དང་། མི་དང་མིའི་དབར་འཚོ་བ་དངོས་ཀྱི་དགོས་མཁོ་ངོ་མ་ལ་བརྟེན་ནས་ལས་རིམ་ལག་བསྟར་བྱེད་སྟངས་བཅས་ཀྱིས་ང་ལ་ཡ་མཚན་སྐྱེ་རུ་བཅུག་སོང་།

 

 

ཐོག་མ་རྒྱུགས་ལེན་ཚུལ་གྱི་ངོས་སྦྱོར་རམ་སྐད་བརྡ་ལ་རྒྱུས་ལོན་ཚར་རྗེས་ཁྱོད་ཀྱི་ལག་ཁྱེར་གཙོས་སྒེར་གྱི་ཞིབ་ཆའི་རིགས་ཐ་དག་ལས་གནས་ཕྱོགས་ཀྱི་མི་སྣར་སྤྲོད་དགོས་ཅིང་ཁོང་ཚོས་ཁྱོད་ལ་ཡིག་འབྲེལ་ལམ་ཁ་པར་བརྒྱུད་ནས་ལས་འཇུག་ཐུབ་ཡོད་མེད་བཤད་ཡོང་གི་རེད། དེ་ནས་ལས་ཞུགས་ཆོག་པའི་ངོས་ལེན་ཟིན་རྗེས་ཤར་གླིང་དུ་ལས་ཀ་བྱེད་སྟངས་འགའ་དང་མི་འདྲ་བ། འདིར་ཁྱོད་རང་གི་ལས་ཀའི་རིགས་ཐ་དག་དྲ་ལམ་བརྒྱུད་དེ་འཚོལ་རྒྱུ་རེད། ཚོགས་པ་ག་གེ་མོའི་ངོས་ནས་ཁྱོད་རང་ངོས་ལེན་ཚར་ནས་དེའི་དྲ་ལམ་དུ་ཡར་འཇུག་ཚར་ནས་ཁྱོད་རང་འདིར་ལས་བྱེད་ཅིག་གི་ངོ་བོའི་ཐོག་ནས་གནས་ཡོད། སོ་སོའི་སྒེར་བདག་གི་དྲ་བ་ངོས་སུ་གཙོ་བོ་སྒེར་ངོ་སྤྲོད་བྱེད་ས། ཁྱོད་རང་གི་ལས་ཀའི་རིགས། ཁྱོད་ཀྱི་ལས་རིམ་མམ་དུས་ཚོད། དེ་ནས་ལས་ཀའི་དུས་ཚོད་གསར་འཇུག་བཅས་བྱེད་ས་ས་མིག་ཆེ་ཁག་བཞི་ཡོད། སྒེར་ངོས་སྦྱོར་བྱེད་སའི་ནང་ཁྱོད་ཀྱི་མིང་དང་སྡོད་གནས། འབྲེལ་མཐུད་ཀྱི་ཁ་བྱང་ངམ་ཁ་པར་དང་ཡིག་སྒམ། དེ་སྔོན་ཆེད་ལས་ག་རེ་ཐོན་མིན། ཁ་ལོ་བྱེད་ཐུབ་མིན། དམིགས་བསལ་གྱི་ཤེས་བྱ་གཞན་ག་རེ་ཡོད་མེད། སོ་སོའི་དགའ་ཕྱོགས་དང་ཁྱད་ནུས་བཅས་གསལ་དགོས། ལས་ཀའི་རིགས་ཅེས་པའི་ནང་ས་ཕྱོགས་གང་ས་གང་ནས་ལས་རིགས་སྣ་མང་ཉིན་ལྟར་ཕྱིར་ལས་བྱེད་ཚོར་སྤེལ་ཡོང་གི་ཡོད་ལ། དེའང་སྒེར་གྱིས་མཐོང་བ་ལས་ལས་བྱེད་ཕན་ཚུན་མཐོང་མི་ཐུབ། ལས་གནས་མང་པོ་ཡོད་དུས་བརྒྱ་ལྷག་སྤེལ་ཡོང་གི་ཡོད། དེའི་ནང་ལས་ཡུན་ཐུང་གྲལ་ལ་ཆུ་ཚོད་གཅིག་གཉིས་ཙམ་དང་། ལས་ཡུན་མང་པོའི་རིགས་ལ་ཆུ་ཚོད་བརྒྱད་ལྷག་བྱེད་པའང་ཡོད།

 

 

 

འོན་ཀྱང་སྦྱིན་བདག་འདིའི་རིགས་ཀྱིས་ཁོང་ཚོར་དགོས་མཁོའི་ལས་བྱེད་གང་འདྲ་དགོས་མིན་ཧ་ཅང་གསལ་པོར་འཁོད་ཀྱི་འདུག་ལ། དཔེར་ན་ངའི་མིང་ལ་ག་གེ་མོ་ཟེར། ངའི་དགའ་ཕྱོགས་ནི་འདི་དང་དེ་ཡིན། ང་ནི་རྐང་པ་ཐང་པོ་མེད་ཅིང་རྐུབ་སྟེགས་སུ་སྡོད་ནས་འགྲོ་འོང་ལས་མི་ཐུབ་མཁན་ཡིན། ང་དུས་ཚོད་འདི་དང་དེར་ཕྱིར་འཁྱམ་འཁྱམ་མམ་ལུས་སྦྱོང་། མཉམ་འཛོམས་དང་སྨན་པ་བརྟེན་གཏུགས། གྲོགས་པོ་དང་ཟ་འདུས། ཡང་ན་སྤྱི་ཚོགས་སུ་དམིག་བསལ་གྱི་ལས་འགུལ་ལམ་ཟབ་སྦྱོང་འདི་འདྲ་ཞིག་ལ་ས་གནས་ག་གེ་མོར་འགྲོ་དགོས་པས་ང་ལ་ལས་བྱེད་རླངས་འཁོར་གཏོང་མཁན་དང་། ཕོ་མོ་འདི་འདྲ་དགོས་སོགས་སྤེལ་ནས་ཡོད།

 

 

དེ་ནས་ཁྱོད་རང་ལས་བྱེད་ཅིག་ཡིན་པའི་ངོས་ནས་དེར་ཡིག་འབྲེལ་བྱེད་དེ་ང་ནི་ཁྱོད་ལ་མཁོ་བའི་ལས་བྱེད་དེ་ཡིན་པས་ང་རང་ཁྱེད་དང་ལས་ཀ་མཉམ་དུ་བྱ་བར་སྤྲོ་པོ་ཡོང་བའི་རེ་བ་ཡོད་སོགས་བྲིས་ནས་ཐོག་མའི་འབྲེལ་མཐུད་བཟོ་དགོས། ཕ་རོལ་པོས་ཁྱོད་ལ་དགའ་མོས་ཡོད་ན་ཁ་པར་རམ་ཡིག་ལམ་བརྒྱུད་དུས་ཚོད་བཟོས་ནས་ཕ་རོལ་པོའི་ཁྱིམ་ནང་དུའམ་ལས་ཁུངས་སམ་སྡེ་ཚན་ག་གེ་མོར་ངོ་ཐུག་གི་རེད། ཕན་ཚུན་འཚམ་འདྲི་དང་སྦྲགས་ལས་ཀ་བྱེད་སྟངས་རྒྱུས་ལོན་ཆ་ཚང་བྱེད་འགོ་བརྩམས་དགོས། དེ་རྗེས་ཀྱི་ཉིན་འགའི་རིང་དེ་ལྟར་ལས་ཀའི་ངོ་བོ་བརྒྱུད་མཐུན་ལེགས་པོ་བྱུང་རྗེས་སྦྱིན་བདག་ངོས་ནས་ཀྱང་མུ་མཐུད་ཁྱོད་རང་ལ་ལས་ཀ་དེ་དག་སྤྲོད་ཀྱི་ཡོད་པ་རེད།

དེ་མིན་གལ་ཏེ་སྦྱིན་བདག་ཁྱོད་ལ་དགའ་མོས་མེད་ན་བདུན་གཅིག་ཙམ་ནས་ལས་མཚམས་བཞག་མཁན་ཡང་ཡོད་བཟོ་འདུགའོན་ཀྱང་འབྲེལ་མཐུད་འདིའི་དགེ་མཚན་ཆེ་ཤོས་ཤིག་ནི་སྦྱིན་བདག་དང་ལས་བྱེད་གཉིས་དབར་ཕན་ཚུན་སྒེར་གྱི་འདོད་མོས་བཞིན་གདམ་ཁ་ཆ་ཚང་ཆོག་པ་དེ་རེད། སྦྱིན་བདག་དང་ལས་བྱེད་གཉིས་ཕན་ཚུན་འཆམ་པོ་དང་ཡིད་རང་བ་འབྱུང་ན་ཁྱོད་ཀྱི་ལས་ཀ་དེའང་གཅིག་བྱས་ན་མི་ཚེ་གཅིག་ལའང་ཡིན་སྲིད་པ་རེད། དེ་མིན་ཕན་ཚུན་དབར་དེ་ཙམ་འདོད་མོས་མ་བྱུང་ན་ལས་བྱེད་དང་སྦྱིན་བདག་གཞན་དང་འབྲེལ་མཐུད་སྔར་བྱུང་བཞིན་ལས་གནས་གཞན་ཡང་འཚོལ་ཆོག་ཆོག་རེད། ལས་ཀའི་རིགས་ནི་དབང་པོ་སྐྱོན་ཅན་རིགས་སུ་རིག་པའི་སྐྱོན་ཅན་ནམ་ང་ཚོས་ཟེར་སྲོལ་ལྟར་ན་སྨྱོ་ཤེད་ཅན་དང་དེ་མིན་གཟུགས་གཞི་སྐྱོན་ཅན་རིགས་གཉིས་ཡོད། དེ་དག་གི་ནང་ནས་ཁག་ཤོས་ནི་རིག་པའི་སྐྱོན་ཅན་ཚོ་ཡིན་ལ། ཁྱོད་ལས་ཀའི་སྦྱོང་བརྡར་རམ་གནས་སྟངས་ཚོད་འཛིན་གྱི་གདིང་སྤོབས་གང་མཚམས་མེད་ན་ལས་བྱེད་གཅིག་གིས་ནད་པ་གཅིག་འཁྲིད་དེ་འགྲོ་རྒྱུར་ཁག་པོ་ཡོད། དེ་བས་ལས་བྱེད་གཞན་དང་མཉམ་ལས་བྱེད་རྒྱུ་རེད།

 

 

དེ་མིན་ཁྱོད་ལ་གཞན་གྱི་དགོས་མཁོའི་ནུས་པའམ་ཆ་རྐྱེན་ལས་གནས་ལ་ཞིབ་ཆ། སྐད་བརྡ་གདིང་སྤོབས་ལྡན་པ། རླངས་འཁོར་གཏོང་ཆོག་པའི་ལག་ཁྱེར་རམ་སྒེར་ལའང་རླངས་འཁོར་ཡོད་རིགས་བཅས་ཡིན་ཚེ་ཁྱོད་ཀྱིས་ཉིན་གཅིག་ལ་ལས་ཀ་ཆུ་ཚོད་ག་ཚོད་ཐུབ་མིན་ལ་བལྟས་ནས་བྱེད་རྒྱུ་རེད་འདུག

 

 

དེ་མིན་གོང་གསལ་གྱི་ཆ་རྐྱེན་ཆ་ཚང་མེད་པའི་རིགས་ལ་ལས་ཀ་རག་པར་གཞན་ལས་ཉུང་བའམ་དུས་ཚོད་ཀྱང་ཉུང་བའི་གནས་སྟངས་ཆག་གི་ཡོད། ངའང་འདིའི་ནང་གི་གཅིག་ཡིན། འོན་ཀྱང་སོ་སོས་གདམ་པའི་ལས་གནས་གསུམ་ཙམ་ལས་མེད་ཀྱང་དེ་དག་བརྒྱུད་མཐུད་ལུགས་མཐུན་བྱུང་ན་དོན་དངོས་ཐོག་ལས་ཀ་ཇི་ཙམ་མང་ན་དེ་ཙམ་ཡག་རྒྱུའང་ཆེར་མེད་པའི་ཟོལ་འདྲ་རེད། སྤྱི་བཏང་གི་ཆ་ནས་བཤད་ན་ད་ལྟའི་ཆར་སོ་སོའི་གཟུགས་གཞིའང་བདེ་ཐང་ཡིན་ཞིང་ལོ་གཞོན་དར་སྐབས་སུ་ལས་ཀ་མང་ཙམ་བྱས་སྒོར་མོ་མང་ཙམ་བསགས་དགོས་པ་ནི་ཚུལ་མཐུན་ཡིན་ལུགས་ཀྱི་བྱ་བ་ཞིག་རེད་མོད། གུས་མོར་མཚོན་ན་མཚམས་རེར་ལས་ཀ་མང་ཙམ་བྱེད་བསམ་པ་དང་། ཡང་མཚམས་རེར་སྒོར་མོ་མང་པོ་ཞེ་པོ་བསགས་པའི་ཁུལ་ཡིན་ཡང་དངུལ་སྤྱོད་སའི་ལས་འཆར་འདི་ཡིན་མེད་པར་དཀའ་ལས་མང་པོ་བརྒྱབས་ཀྱང་དོན་སྙིང་དེ་ཙམ་མཐོང་གི་མེད་པའང་ཡོང་གི་ཡོད་སྟབས། མཚམས་རེར་སྒྱིད་ལུག་ནས་ལས་ཀ་རན་མཚམས་ལས་ནས་སྡོད་ཀྱི་ཡོད། ཡིན་ཡང་ལས་ཀ་མང་ཙམ་བྱེད་དགོས་པ་ནི་གཡོལ་ཐབས་མེད་པ་ཅིག་ལོས་ཡིན་དགོས། དེ་ནས་དོན་དཀྱུས་ནས་བཤད་ན། དབང་པོ་སྐྱོན་ཅན་ཚོར་རོགས་ཕན་བྱེད་སྟངས་ནི་དེ་དག་ལ་གཟུགས་པོ་འཁྲུ་རོགས་དང་ཟས་སྤྲོད་རོགས། སྤྱི་ཚོགས་སུ་ལས་སྒོ་ཁག་ཏུ་ཞུགས་པར་རོགས་རམ་དང་འགྲིམ་འགྲུལ་དབོར་འདྲེན། སྤང་ཁར་གོམ་བགྲོད་འཁྲིད་རོགས། ཚོང་ཁང་དུ་ཉོ་ཚོང་ལ་འཁྲིད་རོགས། རྐང་བརྡ་ལག་བརྡ་དང་རི་མོ་འབྲི་སྟངས། ཞབས་བྲོ་འཁྲབ་རྒྱུ་དང་འགུལ་སྤྱོད་སོགས་སྣ་ཚོགས་གཅིག་ཏུ་ཞུགས་པར་ཟུར་ནས་རོགས་རམ་བྱེད་རྒྱུ་དེ་རེད།

 

 

གལ་ཏེ་ལས་བྱེད་དང་ལས་གནས་གཉིས་ཕན་ཚུན་མཐུན་ལམ་གང་ལེགས་འབྱུང་ན་ཁྱོད་ནི་མཚམས་རེར་ཕ་རོ་པོར་རོགས་ཕན་བྱེད་མཁན་གྱི་ལས་བྱེད་ཅིག་ཡིན་པ་བརྗེད་འགྲོ་ལ། མཚམས་རེར་ཁྱོད་ནི་ཕ་རོལ་པོའི་འཚོ་བ་དངོས་ཀྱི་ཆ་ཤེས་སམ་ཡང་ན་མཚམས་རེར་ཁོང་ཚོའི་ཁྱིམ་མི་ལྟ་བུར་འགྱུར་འགྲོ་བ་ལྟ་བུ་ལས་སོ་སོ་དེ་དག་གི་ཕྱི་མི་གཅིག་ཡིན་པའང་བརྗེད་འགྲོ གང་ལྟར་མཚན་མོ་ཕྱིར་རང་ཁྱིམ་དུ་ལོག་པའི་དུས་ཚོད་ཙམ་ལས་དེ་མིན་དུས་ཚོད་མང་པོ་དབང་པོ་སྐྱོན་ཅན་གྱི་རྒན་གཞོན་སྣ་ཚོགས་དང་མཉམ་རོལ་དགོས་པ་རེད།

ཡང་ལེན་རེར་མཚན་གང་ལ་རོགས་རམ་དགོས་མཁན་ཡང་ཡོད་པས་ཉིན་མཚན་གཉིས་ཀ་གཞན་ལ་རོགས་རམ་འོག་མི་ཚེའི་འཚོ་བའི་ནང་འགྲོ་འདུག་སྤྱོད་གསུམ་དམ་དུ་སྒྲིལ་ནས་བྱེད་སྒོ་སྤེལ་རྒྱུ་རེད།

 

 

ངས་མཚམས་རེར་སོ་སོའི་ལས་གནས་འདི་ནི་ངའི་སྦྱིན་བདག་ཡིན་པའམ་དངུལ་ཕོག་ལེན་ས་ཡིན་པ་བརྗེད་འགྲོ་ལ་དེ་དག་ནི་སོ་སོའི་སྒེར་གྱི་འཚོ་བ་དང་ཉེ་སར་གནས་པའི་སྤུན་མཆེད་ལྟ་བུར་གྱུར་གྱི་ཡོད་པ་ཤེས། དེ་ལས་ལྡོག་སྟེ་དེ་སྔོན་ངས་ཅིའང་བྱེད་མི་དགོས་པའི་གཞུང་ལས་ཁང་གི་ལས་བྱེད་དང་། དུས་ཚོད་མ་ཆོད་པའི་གཞུང་ཞབས། ཁ་སྟོང་ནང་གི་དཀྱལ་སྟོང་བཤད་མ་ཚར་བའི་དཔོན་པོ་དེ་འདྲ་མཐོང་མྱོང་། དེ་དག་དྲན་ཡོང་དུས་ད་ལྟའི་ཆར་ངའི་ལས་ཀའི་ངོ་བོ་འདི་ནི་དོན་ངོ་མ་མི་དང་མིའི་དབར་ཕན་རོགས་དང་། མི་དང་མིའི་དབར་འཚོ་བ་དངོས་སུ་འགྲོ་འདུག་སྤྱོད་གསུམ་དང་ངོ་མ་ཐད་ཀར་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་པ་མ་ཟད། ཕན་ཚུན་གཉིས་ཀ་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་དེ་ནི་ཧ་ཅང་དམ་ཟབ་ཡོད་པ་ཞིག་ཡིན་པ་ཧ་ཅང་གསལ་པོ་ཤེས་ཀྱི་འདུག དེ་བས་ཕྱོགས་གཉིས་ཀས་ཕ་རོལ་པོ་ནས་བཟང་ཆ་ལེན་ཞིང་ངན་ཆ་དོར་བ། ཁྱོད་རང་དགའ་མོས་མེད་ཅིང་བྱེད་མི་འདོད་པའི་ལས་གནས་ནས་ག་དུས་ཡིན་ཡང་ཁ་བྲལ་ཆོག་ཆོག་ཡིན་པ་ལས་མི་འདོད་བཞིན་དུ་དངུལ་མང་པོ་བསག་རྒྱུའི་ཆེད་ལས་གནས་མི་དགའ་ས་ཤིག་ལ་སྡུག་སྒོམ་རྒྱག་མི་དགོས་པ་རང་དབང་གིས་གདམ་ཁ་ཆོག་པ་རེད་ལ། ཕྱོགས་གཉིས་ཀས་དེ་འདྲ་རང་དབང་དང་འདོད་མོས་བཞིན་གདམ་ཁ་ཆོག་པ་ཞིག་རེད་འདུག

 

 

ལས་ཀ་དང་དངུལ་མང་པོ་དགོས་བསམ་ན་ཧུར་བརྩོན་ཆེན་པོ་བྱེད་དགོས་ངེས་ལྟར་བྱེད་ཆོག་ལ། ལས་ཀ་རན་མཚམས་རེ་བྱེད་ནས་སྡོད་བསམ་ཡང་མི་ཆོག་རྒྱུ་གང་ཡང་མེད་པ་རེད།

 

 

སྤྱིར་ན་གུས་མོ་ནི་རང་གཤིས་ཚ་པོ་ཞིག་ཡིན་ལ། སྒྲིག་ཆས་གྱོན་ཞིང་དེའང་སྒྲིག་ཆས་མདོག་ངན་དེ་འདྲ་གྱོན་ནས་ས་གནས་གཅིག་རང་ལ་སྡུག་སྒོམ་རྒྱག་འདོད་མེད་པས་ཡིན་སྲིད། ང་རང་གི་ལས་གནས་འདི་འདྲ་ཞིག་ལ་དགའ་སྣང་ཆེན་པོ་སླེབས་སོང་། མ་འོངས་པར་དངུལ་མང་པོ་བསགས་ཐུབ་མིན་ལ་མ་ལྟོས་པར་ལས་ཀ་གཉིས་ཙམ་ལས་མཁན་ལྟར་དགོས་ན་བྱ་དགོས་པའང་སྲིད་་ན་མ་གཏོགས་ད་ལྟའི་ཆར་གྱི་ལས་གནས་ནས་མི་སྣ་མི་འདྲ་བ་མང་པོ་དང་ཐུག་ཐུབ་ཅིང་། གནས་སྟངས་མང་པོའང་རྒྱུས་ལོན་ཡོང་བ། གདམ་ཁ་འདོད་མོས་བཞིན་ཆོག་པ་སོགས་དགེ་མཚན་མང་པོ་འདུག་བསམ་པ་འདྲ་བྱུང་།

ད་ཡིན་ན་ཕྱི་རྒྱལ་ལུང་པའི་ནང་བྲེལ་བྲེལ་འཚུབ་འཚུབ་ཀྱི་བར་ནས་སོ་སོའི་དགའ་ཕྱོགས་དེའང་དངུལ་ཁོ་ནའི་ཆེད་དུ་དོར་དགོས་ན་སེམས་པ་སྐྱོ་དགོས་པ་ཞིག་རེད་ཨང་བསམ་པ་ཐེངས་གཅིག་མིན། འོན་ཀྱང་མ་འོངས་པ་དེ་འདྲ་དགོས་སྲིད་པའང་རེད། གང་ལྟར་མི་ཁོམ་པའི་དུས་འདི་ནས་བསམ་བློའི་གོ་རྟོགས་ཀྱང་མི་འདྲ་ས་རེ་རྙེད་ཅིང་ཉམས་མྱོང་ཡང་གསར་པ་རེ་བསགས་ཡོང་དུས་འགྲིག་འདུག་བསམ་པའང་བྱུང་། དེའང་མཇུག་འདིར་མི་རབས་རྒན་པ་གཅིག་དང་དགེ་བཤེས་ལགས་གཅིག་གིས་ང་ལ་སེམས་གསོ་གནང་བའི་སྐད་ཆ་ཡིས་སླར་སེམས་གསོའི་ཚུལ་དུ་འདི་ནས་མཇུག་བསྡུས་ན། གཅིག་གིས་། འདིར་སླེབས་པའི་རིགས་མཐུན་ནང་དུ་དེང་སང་ང་ལྷོད་ལྷོད་ཡིན། ལས་ཀ་མེད་ཟེར་མཁན་རིགས་གཅིག་ཡོད། དེ་དག་ནི་ཡིན་ལུགས་ཚུལ་མཐུན་གྱིས་ཏག་ཏག་གཅིག་འགྲིག་མེད་པའི་གྲལ་ཡིན་གསུང་པ་དང་། ཡང་དགེ་བཤེས་ལགས་ཀྱིས་ང་ལ། ལས་བྲེལ་ཡོད་ཟེར་མཁན་རིགས་ནི་དོན་ངོ་མ་འདིའི་ཕྱོགས་ཀྱི་མི་ཚད་ལྡན་ཞིག་ཆག་ཡིང་གི་ཡོད་པ་མཚོན་གྱི་ཡོད་ཅེས་གསུངས་སོང་བས་ང་རང་ཡང་འདི་ཕྱོགས་ནས་དགེ་བཤེས་ལགས་ཀྱིས་གསུངས་པའི་མི་ཚད་ལྡན་དེ་འདྲ་ཞིག་ཆག་པའི་རེ་བ་ཆེན་པོ་ཡོད།ཧ་ཧ་ཧ་ཧ

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།