བུ་ཁ་རུ་ཁ་ཐུག

images/stories/Connoisseur-white-wine-glass_44491.gifབུ་ཁ་རུ་ཁ་ཐུག

(བརྩམས་སྒྲུང་།)

Outspoken boy

直性子男孩

མི་འབོར་སུམ་བརྒྱ་ཡས་ཟིན་པའི་ཡུལ་མ་འབྲོག་གཡག་སྒང་ཁ་ཟེར་ས་ཞིག་ཡོད། དེའི་གྲོང་མཐའི་ཁྱིམ་ཚང་ཕུ་གྲོང་ཚང་ལ་བུ་ཞིག་ཡོད་པའི་མིང་ལ་རྒྱལ་མཚན་ཟེར། རྒྱལ་མཚན་ནི་ཁྱིམ་འདིའི་ཕ་མ་གཉིས་ལ་བུ་རྒྱུད་གཅེན་གཅུང་བཞིའི་ནང་གི་ཐ་ཆུང་དེ་ཡིན་ལ་ཕུ་གྲོང་ཚང་གི་བུ་ཁོ་ན་དེའང་ཡིན་པས་ཁྱིམ་འདིའི་ཕ་མ་སྤུན་མཆེད་གཙོས་ཚང་མའི་བྱམས་སྐྱོང་འོག་ཏུ་འཚོ་བཞིན་དཀའ་སྡུག་དེ་ཙམ་མྱངས་མ་མྱོང་མཁན་ཞིག་ཡིན་སྟབས་ཆུང་དུས་ནས་ཕ་མ་སྤུན་མཆེད་ཚང་མར་ཆེ་ཆུང་ལ་མ་ལྟོས་པར་རྙོག་དྲ་བཟོ་རྒྱུ་ལ་རྫོགས་མཐའ་མེད་མཁན་ལྟ་བུ་ཞིག་རེད།

 ཡུལ་འདིར་ཕོ་མཆོག་མོ་དམན་གྱི་རུལ་དྲི་ད་དུང་ལུས་ཡོད་པས་ཁོ་ཁྱིམ་གཞི་འདིའི་གཅེས་ཕྲུག་བུ་ཁོ་ན་དེ་ཡིན་རྐྱེན་རྒྱལ་མཚན་ཁོས་སྐད་ཆ་མང་ཉུང་གང་འདྲ་ཞིག་བཤད་ཀྱང་དལ་ལྷོད་ཀྱིས་བཤད་མི་ཤེས་ལ། དོན་དག་ཆེ་ཆུང་ཅི་འདྲ་ཞིག་ཡིན་ཡང་སྦ་གསང་རྩ་བ་ནས་མི་ཤེས་པར་གཅིག་གཅིག་གཉིས་གཉིས་ཀྱིས་ཚང་མ་གཞན་ལ་བཤད་དགོས་མཁན་ཞིག་རེད།

དེ་མིན་ཁོའི་རྣམ་པའང་ཡུལ་འདིའི་གཞོན་ནུའི་ཚོགས་སུ་ཅུང་ཡག་གྲལ་ཞིག་ཡིན་པའི་རྒྱུ་མཚན་འདྲ་མིན་འགྲོ གཡག་སྒང་ཁའི་མི་ཚོས་རྒྱལ་མཚན་ནི་མི་ཁ་རུ་ཁ་ཐུག སེམས་ལ་ནག་ནོག་མེད་ཅིང་རྫུན་མགོ་རྫུན་གཡོག་མི་བྱེད་མཁན་ཞིག་ལ་ངོས་འཛིན་གསལ་པོ་ཡོད་ཅིང་ཚང་མས་ཁོ་ལ་བུ་ཆུང་དགའ་དགའ་ཟེར་ནས་གཅེས་མིང་ཞིག་ཀྱང་བཏགས་ཏེ་ཁོ་ལ་མོས་མཁན་གཞོན་ནུ་མའང་མི་ཉུང་བ་ཞིག་ཡོད་སྐད་འདུག

 

 

ཤེས་གསལ་ལྟར་ན་དེང་སང་གྲོང་ཆུང་ཚང་གི་བུ་མོ་མཛེས་མ་གཡང་ཅན་ནི་རྒྱལ་མཚན་གྱི་དགའ་རོགས་ཆག་སོང་སྐད། ཟླ་གང་གི་མཚན་མོ་ཞིག་ལ་གྲོང་མཐའི་རྫབ་རྡོ་ཁ་ལེབ་ཅིག་ལ་སྡོད་པའི་རྒྱལ་མཚན་གྱིས་དགའ་འཛུམ་ཤིག་ཤིག་གིས་གཡང་ཅན། ང་ཁྱོད་ལ་ཧ་ཅང་དགའ། སྤྱིར་ན་ང་ལའང་དགའ་མཁན་བུ་མོ་མཛེས་མ་གང་མཚམས་ཡོད། དེའི་ནང་ཕྱུག་ལོ་ཚང་གི་བུ་མོ་ཤིང་མཛེས་ནི་ཧ་ཅང་མཛེས་མ་ཞིག་ཡིན་ལ་ངའི་གྲོགས་པོས་ཟེར་ན་མོའང་ང་ལ་དགའ་གི་ཡོད་ཚོད་འདུག འོན་ཀྱང་ང་རང་ཁྱོད་ལ་མོས་པ་ཆེ་བ་འདུག ང་ལང་ཚོ་དར་བཞིན་པའི་སྒང་ལ་བུ་མོའི་གཟུགས་པོའི་དབྱིབས་དང་ནུ་མོ་ཆེ་ཆུང་། བརླ་ཤ་དཀར་འཇམ། མཁྲིགས་རྩལ་ཡོད་མེད་བཅས་ལ་དོ་སྣང་ཆེན་པོ་ཡོད་མཁན་ཞིག་ཡིན། ཤིང་མཛེས་ནི་གདོང་མཛེས་མ་ཙམ་ལས་ནུ་མ་ཁྱོན་ནས་མེད་པའི་ཟོལ་འདྲ་རེད། ཧ་ཧ་ཧ་

འོ་རེད་་་ངས་བསམ་ན་གཡང་ཅན་ཁྱོད་ནི་ངའི་མིག་ནང་གི་ཡག་ཤོས་དེ་ཡིན། ཁྱོད་རང་གཤིས་ཀ་བཟང་ལོས་དེ་འདྲ་ཡོད་མེད་ངས་མང་པོ་མི་ཤེས་ཏེ་དང་པོ་ཁྱོད་དང་ཚོད་ལྟའི་ཚུལ་དུ་ཁྱོད་དགའ་རོགས་ཅིག་བསྒྲིག་དགོས་བསམ་བྱུང་། ཁྱོད་ལ་ངའི་བསམ་པ་ནང་བཞིན་ནུ་མ་ཆེན་པོ་འདུག་ལ་རྣམ་པའང་ང་ལ་མཚོན་ན་འགྲིག་ཙམ་འདུག འོན་ཀྱང་བུ་མོ་ཞིག་ལ་གོང་གི་རྩལ་དེ་དག་མ་ཚང་ནའང་སྐྱོན་ཆེན་པོ་མིན། ངས་གང་ཐུབ་ཀྱིས་ཁྱོད་ལ་བསླབ་ཆོག མ་རེད་པས། ཧ་ཧ་ཧ ཞེས་བཤད་སྐད།

 

 

སྤྱིར་ན་དེ་རིང་ནི་རྒྱལ་མཚན་དང་གཡང་ཅན་གཉིས་ལྷོད་དལ་གྱི་མཉམ་དུ་འདུས་ནས་སྐད་ཆ་བཤད་པའི་ཐོག་མ་ཡིན་ཞིང་གཡང་ཅན་གྱིས་རྒྱལ་མཚན་གྱི་སྐད་ཆ་དེ་དག་ཐོས་རྗེས་ཁོ་ལ་ཧོན་འཐོར་བ་ལྟར་གྱུར། གཡང་ཅན་ངོ་ཚ་བཞིན་དུ། རྒྱལ་མཚན་ལགས། ངས་དེ་སྔོན་ཁྱོད་རང་མི་བཟང་པོ་ཞིག་ལ་མཐོང་གི་ཡོད། དེའང་མང་པོས་ཁྱོད་མི་ཡག་མོ་ཞིག་རེད་ཟེར་བས་ཡིན་ལ་ཁྱོད་སྡུག་ཆག་ཅིག་ལ་ངས་ད་ལྟ་ཡིན་ཡང་ངོས་འཛིན་བྱེད་ཀྱི་མེད། ད་རས་ནི་ངའི་མི་ཚེའི་ནང་དགའ་རོགས་བསྒྲིག་པ་ཐོག་མ་ཡིན་པས་ངས་གང་གཟབ་གཟབ་ཀྱིས་འདི་ལ་གྲུབ་འབྲས་ཡག་པོ་ཞིག་འབྱུང་ན་བསམ་ཡོད། འོན་ཀྱང་ཁྱོད་ཀྱི་སྐད་ཆ་དེ་དག་ལ་དཔྱད་ན་ཁྱོད་རང་གིས་ཁྱོད་དང་མཁྲིགས་པ་སྤྱོད་མཁན་ཞིག་འཚོལ་འདོད་པ་ལས་དགའ་རོགས་དང་བཟའ་ཟླ་འོང་མིན་ལ་བསམ་བློ་སྤུ་ཙམ་བཏང་མི་འདུག སེམས་པ་སྐྱོ་བ་ལ། ཞེས་བཤད་རྗེས་གཡང་ཅན་ཅུང་ཁ་ཟུར་ལ་འཁོར་ནས་སྐྱོ་སྣང་ངམ་སུན་སྣང་འདྲ་བཏོན།

 

 

 དེ་མུར་རྒྱལ་མཚན་གྱིས་གཡང་ཅན། གཡང་ཅན། ཁྱོད་ཀྱིས་དེ་འདྲ་བཤད་དགོས་དོན་ག་རེ་ཡོད། ངེད་གཉིས་དགའ་རོགས་བསྒྲིག་དུས་མཁྲིགས་སྤྱོད་སྐྱིད་པོ་འདྲ་མ་བྱུང་ན་ཡག་པོ་ཡོད་མ་རེད། དེ་བས་སྔོན་ལ་ངེད་གཉིས་ཚོད་ལྟ་ཞིག་བྱོས། དེ་ནས་མུ་མཐུད་དགའ་རོགས་བསྒྲིག་དགོས་མིན་ལྟ་ཆོག་གི་མ་རེད་དམ། ཞེས་པར་གཡང་ཅན་རྒྱལ་མཚན་གྱི་སྐད་ཆ་དེ་དག་ལ་སླར་ཁོང་ཁྲོ་ཆེན་པོར་ཟོས་ཏེ་ཧད་ཀྱིས་ཡར་ལང་ཞོར་ཁོ་ལ་མཛུབ་མོ་ཀེར་ནས། རྒྱལ་མཚན། ཁྱོད་ཀྱིས་ང་དང་དགའ་རོགས་བསྒྲིག་གི་ཡོད་དམ། ཡང་ན་གཞང་བཙོང་མ་གཅིག་དང་སྐད་ཆ་བཤད་ཀྱི་ཡོད། ཁྱོད་ཀྱི་མི་ཚེར་མཁྲིགས་པ་སྤྱོད་རྒྱུ་གལ་ཆེ་ཤོས་ཡིན་ན་ཁྱོད་རང་གིས་བཟའ་ཟླ་འཚོལ་བསམ་ན་དོན་མེད་རེད། དེ་བས་གང་ས་གང་ནས་བུ་མོ་མང་པོ་འཚོལ་ནས་ཚོད་ལྟ་བྱོས། ང་རང་གིས་སོ་སོ་དང་མི་ཚེ་བསྐྱེལ་མཁན་གྱི་བཟའ་ཟླ་ཡག་མོ་མ་ཞིག་འཚོལ་འདོད་པ་ལས་མཁྲིགས་སྤྱོད་གཙོ་བོར་འཛིན་གྱི་མེད། དགོངས་དག མི་ཚོས་ཁྱོད་ཁ་རུ་ཁ་ཐུག་རེད་ཟེར་ལ་ངོ་མ་བདེན་པ་རེད་འདུག འོན་ཀྱང་ང་ཁྱོད་ལྟ་བུའི་ངོ་ཚ་དང་ཁྲེལ་གཞུང་མེད་པའི་ཁ་རུ་ཁ་ཐུག་གི་སྐད་ཆ་དེ་དག་ལ་དགའ་པོ་ཁྱོན་ནས་མེད། ད་ང་འགྲོ་གི་ཡིན། ངེད་གཉིས་ཡོང་ས་མ་རེད། ཅེས་བཤད་རྗེས་གཡང་ཅན་རྒྱལ་མཚན་དང་མཉམ་སྐར་མ་འགའ་ཡང་སྐད་ཆ་མཐུད་མ་ཐུབ་པར་རྒྱུགས་སོང་།

 

 

ཤུལ་དུ་བུ་རྒྱལ་མཚན་གྱིས་མིག་གཉིས་ཆེ་ཙམ་བགྲད་ཅིང་ཧད་དེ། ཁྱད་མཚར་བ་ལ། དྲང་པོ་བཤད་ན་མི་མི་དགའ། དབྱུག་པ་འཁྱེར་ན་ཁྱི་མི་དགའ་ཟེར་བ་ངོ་མ་བདེན། ད་ཡིན་ན་ཚར་སོང་། ཤ་ཚོས་པོ་ཞིམ་པོ་ཞིག་ཁ་ནང་སླེབས་གྲབས་སྐད་ས་ལ་ཟག་པ་རེད། ཀྱེ་ཧུད་་་་རྒྱལ་མཚན་རྡོ་ལེབ་དེར་ཅི་བསམ་འདི་དྲན་མེད་པར་ཁེར་རྐྱང་དུ་ལུས།

 

 

ཉི་མ་བརྒྱ་ཤར་སྟོང་ཤར་གྱི་དུས་ཤིག་ལ་གཞོན་ནུ་ཚོགས་གཅིག་འབྲོག་སའི་སྤང་ཁར་འདུས་པའི་དབུས་སུ། ད་ཡིན་ན་ང་ཁྱོད་ལ་ཞེ་མེར་སོང་། ཁྱོད་དང་གྲོགས་པོའི་མཚམས་འདི་ནས་བཞག་གི་ཡིན། རྗེས་མ་ང་ལ་གྲོགས་པོའི་འདུ་ཤེས་འཛིན་མི་དགོས། ཕ་རོ་ཟ་རྒྱུ་ཁྱོད། ད་ཡིན་ན་ང་ངོ་མ་ཚིམས་སོང་། འདི་ནི་གྲོང་དབུས་ཚེ་རིང་ཚང་གི་བུ་རྒན་པ་བཀྲ་ཤིས་ཀྱི་ངར་སྐད་རེད། དེའང་སྔོན་དུ་བཀྲ་ཤིས་དང་རྒྱལ་མཚན་གཉིས་ཁེར་གཏམ་གྱིས་ཡུལ་ནས་གཡག་རྐོ་ཉོས་རྗེས་ཟི་ལིང་དུ་མཉམ་དུ་སྡེབས་བཙོང་བཟོ་རྒྱུའི་གྲོས་མཐུན་དང་སྐད་ཆ་དེ་ཁོ་གཉིས་ཀྱིས་མ་གཏོགས་གཞན་མི་སུ་ལའང་མི་བཤད་རྒྱུའི་ཁེས་ལེན་དམ་བཅའ་བཟོས། འོན་ཀྱང་དེ་རིང་རྒྱལ་མཚན་གྱིས་ཡག་མདོག་བཏོན་ནས་གཞོན་ནུ་མང་པོ་ཡོད་སར་སྐད་ཆ་དེ་བཤད་པར་བཀྲ་ཤིས་རླུང་ལང་ནས་ངར་སྐད་དེ་དག་བསྒྲགས་པ་རེད།

 

 

འོན་ཀྱང་རྒྱལ་མཚན་གྱིས་བཀྲ་ཤིས་ཀྱི་བྱེད་སྟངས་དེར་སྣང་མེད་ལྟ་བུས། བཀྲ་ཤིས་ཁྱོད་རླུང་དེ་འདྲ་ལང་དགོས་དོན་ཅི་ཡིན་ནམ། ངས་གྲོགས་པོ་ཚོར་དྲང་པོ་དྲང་བཞག་དང་ཁ་རུ་ཁ་ཐུག་ལ་བཤད་པ་ཡིན། ངེད་གཉིས་ཀྱི་ལས་གཞི་དེའི་ནང་གྲོགས་པོ་མང་པོ་ཞུགས་ཐུབ་ན་ཡག་པོ་ཡོད་པ་མ་རེད་དམ། ཞེས་པར་བཀྲ་ཤིས་ཁོང་ཁྲོ་མེ་ལྟར་འབར་བཞིན། ཕ་རོ་ཟ་རྒྱུ་ཁྱོད། ངས་དེ་འདྲ་བྱས་ན་ཡག་པོ་ཡོད་པ་དེ་མ་ཤིས་པ་རེད་པས། ཁྱོད་ཀྱིས་ཚང་མའི་ངོས་ནས་ང་ལས་སྤྱང་མདོག་འཇོན་མདོག་བཏོན་དགོས་དོན་ཅི་ཡིན། ངས་དང་པོ་སོ་སོས་ལས་ཀ་ཚོད་ལྟ་བྱས་རྗེས་ཚོང་ལམ་ཡག་པོ་བྱུང་སོང་ན་གཞི་ནས་རྒྱ་བསྐྱེད་གཏོང་དགོས་བསམ་ཡོད། ངས་ཚོང་འདི་ང་རང་གི་གཅེན་གཅུང་ཚོ་ལའང་བཤད་མེད། ཁྱོད་ཀྱིས་ངའི་ལས་གཞི་དེ་སྤྱི་བསྒྲག་བྱེད་པའི་དབང་ཆ་སུས་སྤྲད་སོང་། ཅོལ་ཆུང་ཁྱོད་འདྲ་པོར་ངས་ནང་གཏམ་བྱས་པ་ང་རང་གིས་ནོར་འདུག ང་རང་གིས་འཆུག་འདུག དུས་ད་ནས་བཟུང་ཁྱོད་ལ་ནང་གཏམ་མི་བྱ་རྒྱུ་དམ་བཅའ་བརྟེན་པོ་ཡོད། མང་པོ་བཤད་མི་དགོས། ང་འགྲོ་གི་ཡིན། རྗེས་མ་ཡིན་ཡང་ང་ལ་འབྲེལ་བ་བྱེད་མ་འོང་། གོ་ཨེ་བྱུང་། བཀྲ་ཤིས་རླུང་འཚུབ་འཚུབ་ཀྱིས་གཞོན་ནུ་དེ་དག་གིས་དབུས་ནས་གཤག་ནས་གོམ་ཞག་ཆེན་པོས་སོང་དུས། དེར་ཡོད་གཞོན་ནུ་མང་པོས་ཁོ་གཉིས་ཀྱི་དོན་དག་ངོ་མའི་རྒྱལ་ལྗོངས་ག་རེ་ཡིན་མིན་ཆེར་ཤེས་མེད་པས་ཅི་ཡིན་འདི་ཡིན་གྱིས་ལན་གསལ་པོ་ཞིག་མ་རག འོན་ཀྱང་ཚང་མ་གནས་སྟངས་དེ་མཐོང་རྗེས་ཁ་སྐྱེངས་པ་ལྟར་སོ་སོར་བྲལ་ནས་སོང་བས་རྒྱལ་མཚན་སླར་ཤུལ་དེར་ཁེར་རྐྱང་དུ་ལུས།

 

 

ཡང་ཐེངས་ཤིག་ལ་ཡུལ་གྱི་གཞོན་ནུ་མང་པོ་རི་ལ་དབྱར་རྩ་དགུན་འབུ་བརྐོ་རུ་སོང་། རྒྱལ་མཚན་དང་གཞན་ཁོའི་གྲོགས་པོ་འགའ་མཉམ་རུབ་ཀྱིས་རྫ་རིར་ཐོན། ཉིན་དགུང་ཡོལ་ཙམ་རི་རྩེར་ཉི་མ་ཚ་བའི་སྒང་ཚང་མ་ལ་དང་རི་ཕར་རྒྱབ་ཚུར་རྒྱབ་ནས་ཕྱོགས་གཅིག་ཏུ་འདུས་ནས་ཁ་ཟས་ཟོས། ཚང་མས་གྲོང་ཁྱེར་ནང་སྐྱིད་རབ་དགའ་རབ་མང་པོར་བཤད་མཐར་རྒྱལ་མཚན་ཡང་གྲོང་ཁྱེར་དུ་གཅིག་འགྲོ་རྒྱུར་འདོད་མོས་ཆེན་པོ་སླེབས། དེ་ནས་ཁོས་ཕྱིར་ནང་དུ་སོང་ནས་ཕ་མ་སྤུན་མཆེད་རྣམས་ལ་ཨུ་ཚུགས་མཐའ་བསྐྱེལ་གྱིས་གྲོང་ཁྱེར་དུ་འཁྱམ་སར་འགྲོ་ཆོག་པ་བྱས།

 

 

ཉིན་དེར་རྒྱལ་མཚན་གྲོགས་པོ་གཞན་ཞིག་དང་མཉམ་དུ་རི་སྐེད་ཙམ་གོམ་བགྲོད་ཚར་ནས་གཞུང་ལམ་དུ་རླངས་འཁོར་སྒུག་རྗེས་ཁ་ལོ་བ་ཞིག་གིས་ཁོ་གཉིས་རིན་མེད་ཀྱིས་གྲོང་ཁྱེར་དུ་འཁྱེར་རྒྱུ་བཟོས། ཁོ་གཉིས་དགའ་ཐག་ཆོད་དེ་གྲོང་ཁྱེར་དུ་ཁང་པ་ཞིག་གླས་རྗེས་ལྷོད་ལྷོད་དལ་དལ་གྱིས་ཁྲོམ་གཞུང་གང་སར་འཁྱམ་མུར་བྱས་ནས་བསྡད། ཐེངས་ཤིག་རྒྱལ་མཚན་དང་རོགས་པ་གཉིས་ནས་ཁོ་ཚོའི་འབྲོག་ས་ནས་འཚར་ཞིང་ལོ་མང་རིང་ཕྱི་ལ་སོང་ནས་ཕྱིར་འཁོར་མེད་པའི་སྟོབས་ཆེན་ཟེར་བའི་སྐྱེས་པ་དེ་དང་ཐུག རྒྱལ་མཚན་ཆུང་དུས་སྟོབས་ཆེན་ནི་ཕོ་གསར་དར་མ་ཡ་མེད་ཅིག་ཡིན་ལ། འབྲོག་མི་ཚོས་ཀྱང་སྟོབས་ཆེན་ཡག་རབས་བཟང་རབས་ཀྱང་མང་ཙམ་བཤད་ཀྱི་ཡོད་པས་ཕྲུ་གུ་ཆུང་ཆུང་རྒྱལ་མཚན་འདྲ་པོ་ཚོས་ཀྱང་ཨ་ཕོ་སྟོབས་ཆེན་ལ་དགའ་སྣང་དང་སྐྲག་སྣང་གཉིས་ཀ་ཡོད།

 

 

གང་ཡིན་ཟེར་ན་ཚང་མས་སྟོབས་ཆེན་བསྟོད་དྲག་ནས་དེ་ཡག་ལུགས་འདྲ་མཐོང་ནས་ཅི་ཡིན་མེད་པར་དགའ་མྱོང་བ་དང་། སྟོབས་ཆེན་ནི་ཕྲུ་གུ་ཆུང་ངུ་རིག་ཚད་ཐུག་ཚད་ལ་ངར་སྐད་རྒྱག་ཅིང་མཚར་མཚར་གྱིས་ཕྲུ་གུ་ཚོར་འཇིགས་སྐྲག་བསྐུལ་བར་བརྟེན། ཆུང་ཆུང་ཚང་མས་སྟོབས་ཆེན་གྱི་མིང་གོ་བ་ཙམ་གྱིས་ཀྱང་ཧ་ཅང་ཞེད་སྣང་སྐྱེ་གི་ཡོད། ད་དེ་རིང་ཨ་ཕོ་སྟོབས་ཆེན་ནི་རྒས་འཁོག་གི་གྲལ་དུ་ཚུད་ལ་ཉེ་བའི་མི་རྒན་པ་ཞིག་ཡིན་ལ། གོ་ཐོས་ལ་ཁོའི་མི་ཚེའི་ཕྱེད་ལྷག་ལ་ལུང་མང་པོའི་རྒྱབ་ཀྱི་གྲོང་ཁྱེར་འདིར་རྫོགས་ཚར་ཞིང་དཀའ་སྡུག་མང་པོ་མྱོངས་རབ་ཀྱང་བཤད་རྒྱུ་ཡོད། དེ་རྗེས་སྟོབས་ཆེན་ལ་ཅི་ཡིན་ཆ་མི་འཚལ་བའི་ན་ཚ་ལྕི་མོ་ཞིག་གིས་ཟིན་ཏེ་ཁོ་ནི་ད་ཆ་སྙིང་ནད་དང་ཁྲག་ཤེད་མཐོན་པོའི་ཡིན་ཐོག མཚམས་རེར་སྨྱོ་རྟགས་འདྲའང་བཏོན་གྱི་ཡོད་པ་ཞིག་ཆག་ཡོད།

 

 

 

རྒྱལ་མཚན་གྱིས་ཁོ་རང་ཆུང་དུས་ནས་ཧ་ཅང་དགའ་ཞིང་སྐྲག་མྱོང་བའི་སྟོབས་ཆེན་མཐོང་མ་ཐག སེམས་ནང་དེ་རིང་ཡིན་ན་ངས་ཁོ་ལ་ཆུང་དུས་ཀྱི་དགྲ་ཤ་ཅིག་ལེན་ན་མ་གཏོགས་བསམ་ནས་སྟོབས་ཆེན་ལ་ཕྱོགས་ནས་སོང་། ཁོས་སྟོབས་ཆེན་གྱི་ལམ་བཀག་ཅིང་། ཨ་ཕོ་སྟོབས་ཆེན་ལགས། སྐུ་ཁམས་བཟང་། ཁྱེད་རང་གིས་ང་ངོ་ཨེ་ཤེས། ཅེས་པར་སྟོབས་ཆེན་གྱི་ཁོའི་སྐམ་ལ་རིད་ཅིང་མདང་ཡལ་ཟིན་པའི་གདོང་མཁྲིས་ནད་མདོག་དེ་རྒྱལ་མཚན་ལ་འཁོར་ནས་མིག་གཉིས་ཀྱི་རྫི་མ་བསྡུས། ཁོའི་ཨ་ར་མང་རྒྱུ་མེད་པ་དེར་འཕུར་ཙམ་འཐེན་ཙམ་གྱིས། ཤེས་མ་སོང་། ཁྱོད་སུ་ཡིན་ལེ་ཡིན་ན་ངས་ཁྱོན་ནས་ཤེས་མ་སོང་། ག་རེ། ཁྱོད་ཀྱིས་ངའི་མིང་གང་འདྲ་ཟེར་ཤེས་སོང་ངམ། ཞེས་བཤད། རྒྱལ་མཚན་གྱིས། ཨ་ཇོ་སྟོབས་ཆེན་ལགས། ང་ཁྱོད་ཀྱི་སྤུན་ཟླ་ཆུང་བ་རྒྱལ་མཚན་ཡིན། ངོ་ཤེས་ཀྱི་མི་འདུག་གམ། རྒྱལ་མཚན་་་། ཞེས་བཤད། འོན་ཀྱང་སྟོབས་ཆེན་གྱིས་མི་ཤེས། ད་ཡིན་ན་ཧ་གོ་མ་སོང་། ད་གང་ཡིན་ན་ཡིན། ང་ཁྱོད་དང་ཁ་བརྡ་བྱེད་ལོང་མེད། དེ་རིང་ང་སྨན་པ་སར་རྟགས་དཔྱད་གཏོང་ས་འགྲོ་དགོས། ཅེས་བཤད་ཅིང་བྲེལ་འཚུབ་ཀྱིས་མདུན་དུ་སོང་། རྒྱལ་མཚན་གྱིས་སྟོབས་ཆེན་གྱི་རྗེས་འདེད་ཅིང་། སྟོབས་ཆེན་ལགས། ད་ང་ངོ་མ་ཤེས་ཀྱང་གེ་ཡོད་མ་རེད། ཁྱེད་འབྲོག་ས་ནས་སོང་རྗེས་ཕྱིར་ཕ་ཡུལ་དུ་ཐེངས་གཅིག་ཀྱང་མི་ལོག་པའི་རྒྱུ་མཚན་ཅི་ཡིན་ནམ། ཞེས་པར་སྟོབས་ཆེན་གྱིས་ད་ང་སྨན་ཁང་ནས་ཕྱིར་འཁོར་རྗེས་ཁྱོད་མུ་མཐུད་འདིར་སྒུག་ན་ཁ་བརྡ་བྱ། ཞེས་བཤད་རྗེས་བྲེལ་བས་སོང་།

 

 

འོན་ཀྱང་ཁོས་སྟོབས་ཆེན་དང་ཁ་བརྡ་བྱ་འདོད་པས་ས་དེའི་ཟུར་ཞིག་གི་སྡོང་པོའི་འོག་ཏུ་ལྕགས་ཀྱི་རྐུབ་སྟེགས་རིང་པོར་ལྷོད་སྡོད་ཀྱིས་ངང་སྒུག་བྱས་ནས་བསྡད། ཆུ་ཚོད་ཕྱེད་ལྷག་རྗེས་སྟོབས་ཆེན་དེར་ཕྱིར་འབྱོར། རྒྱལ་མཚན་གྱིས་ཁ་རུ་ཁ་ཐུག་སྒོ་ནས། ཨ་ཇོ་སྟོབས་ཆེན་ལགས། ཁྱོད་ནང་དུ་ཕྱིར་མ་འཁོར་བ་ག་རེ་ཡིན་ནམ། འོ་རེད། ཁྱོད་ཀྱི་ཨ་མ་གྲོངས་ཡོད་ས་ཡོད། ཁྱོད་ཀྱིས་ཤེས་ཡོད་ཤག

 

ཅེས་པར་སྟོབས་ཆེན་གྱིས་གློ་བུར་དུ་མཆོང་པ་ལྟར་རྒྱལ་མཚན་གྱིས་སྐེ་རྩ་ནས་འཇུས་ཏེ། ཁྱོས་ག་རེ་བཤད་ཀྱི་ཡོད། ངའི་ཨ་མ་གྲོངས་ཚར་རེད་ཨེ། ཁྱོད་ཀྱིས་ང་ལ་སྐྱག་རྫུན་མ་ཤོད། ངའི་ཨ་མས་ང་ལ་སྒུག་ནས་བསྡད་ཡོད་པ་རེད། ངའི་ནང་མི་ཚང་མས་ངའི་ཨ་མ་ང་སྒུག་ནས་ཡོད་རེད་ཟེར་བྱུང་། སྟོབས་ཆེན་གྱིས་ངར་སྐད་འགའ་སྒྲོག་བཞིན་ཁོའི་ནུས་སྟོབས་ཡོད་ཚད་ཀྱིས་རྒྱལ་མཚན་གྱི་སྐེ་རྩ་བསྡོམས་སྡོད་པ་དེའང་རིམ་གྱིས་ལྷོད་ཅིང་གློ་རྒྱག་ཅིང་ག་ལེར་སར་གཟུགས་པོ་འཁུམ་ནས་ཟགས་སོང་། རྒྱལ་མཚན་སྟོབས་ཆེན་གྱི་བྱ་སྤྱོད་དེར་ཧོན་འཐོར་ཞིང་ཤུགས་ཀྱིས་སྟོབས་ཆེན་གྱི་ལག་པ་ཆེན་པོ་གཉིས་སོ་སོའི་སྐེ་ནས་ལྷོད་ཐབས་བྱས། ཁོ་རང་དབུགས་ཆད་ལ་ཁད་ཙམ་ནས་སྟོབས་ཆེན་ས་ལ་བལ་འདེབ་ཅིག་ལྟར་ལྷུང་། སྐབས་དེར་རྒྱལ་མཚན་གྱིས་ལུས་མར་སྒུར་ནས་སར་དྲན་མེད་དུ་གྱར་བའི་སྟོབས་ཆེན་གྱི་ཕྲག་པ་གཉིས་ཤུགས་ཀྱིས་གཡུག་ཅིང་། ཨ་ཇོ་སྟོབས་ཆེན་ལགས། ཁྱོད་ག་རེ་བྱེད་པ་རེད། ཨ་ཇོ་སྟོབས་ཆེན་ཞེས་ཤུགས་ཀྱིས་འབོད་ཀྱང་མ་བྱུང་ནས་ཁོས་ནུས་ཤུགས་ཡོད་རྒུས་སྟོབས་ཆེན་སྒལ་པར་འཁྱེར་ནས་སྨན་ཁང་དུ་བསྐྱེལ།

 

 

སྨན་པ་ལགས། ཨ་ཇོ་སྟོབས་ཆེན་ག་རེ་གནང་སོང་བ་རེད་དམ། རྒྱལ་མཚན་གྱིས་སྟོབས་ཆེན་དང་ཁ་བརྡ་བྱས་རྗེས་དྲན་མེད་གྱར་སྟངས་ཡོངས་རྫོགས་བཤད་རྗེས་མུར་སྐྱོར་སྨན་ཁང་དུ་སྨན་པས་སྟོབས་ཆེན་གྱི་སྲོག་མུར་སྐྱོར་ཐུབ་ཙམ་རྗེས་ལ་སྐད་ཆ་དེ་དག་དྲིས། སྨན་པས་ཁ་ཤུབས་དཀར་པོ་མར་ལེན་ནས་རྒྱལ་མཚན་གྱིས་ཕྲག་པར་རེག་ཙམ་གྱིས། བུ་ཁྱོད་རང་ཁ་རུ་ཁ་ཐུག་འདྲ་རེད། ཁྱོད་ཀྱིས་སྐད་ཆའང་ཁ་རུ་ཁ་ཐུག་བཤད་འདུག སྟོབས་ཆེན་གྱི་ཨ་མ་གྲོངས་པ་ནི་དངོས་ཡོད་ཡིན་གྱི་རེད། འོན་ཀྱང་ཁྱོད་ཀྱིས་སྟོབས་ཆེན་གྱི་གནས་སྟངས་ཁྱོན་ནས་མགོ་མ་ཚོས་པར་སྐད་ཆ་དེ་དག་བཤད་པ་རེད། གཞན་གྱིས་ཟེར་ན་སྟོབས་ཆེན་གྱི་ནང་མིས་ལོ་མང་སྔོན་ནས་གྲོགས་ཟིན་པའི་ཨ་མའི་སྐོར་ཟུར་ཙམ་ཡང་མ་བཤད་པ་བཞག་འདུག་ག་་ འོ་ད་དེ་ཚོག་གཡུགས་ཞོགས། འོན་ཀྱང་གལ་ཏེ་ཁྱོད་ཀྱིས་སྟོབས་ཆེན་དུས་ཐོག་འདིར་དབོར་མེད་ཅིང་སྐར་མ་འགའི་རྗེས་སུ་སྨན་ཁང་དུ་བསྐྱེལ་མ་ཐུབ་ན་དེ་ནས་ང་ཚོས་ཀྱང་སྟོབས་ཆེན་གྱི་སྲོག་སྐྱབས་ཐབས་མེད་པ་ཧ་ཅང་གསལ་པོ་རེད། ཕོ་གསར་ལགས་དགོངས་དག་ཞུ། ཁྱོད་རང་སྐད་ཆ་ཁ་རུ་ཁ་ཐུག་བཤད་མཁན་ཞིག་ལ།

 

ངས་ཀྱང་ཁ་རུ་ཁ་ཐུག་གི་སྐད་ཆ་འགའ་བཤད་འདོད། ཁ་རུ་ཁ་ཐུག་བཤད་ཚད་ཚང་མ་ཕན་པ་ལས་གནོད་ཆེ་བ་ཡོད་ཅེས་བཤད་ཀྱི་མེད། འོན་ཀྱང་ཁྱོད་ལྟ་བུས་གཞན་གྱི་གནས་སྟངས་དང་རྒྱབ་ལྗོངས་ཀྱི་ཛ་དྲག་ཆེ་ཆུང་ལ་རྩ་བ་ནས་བསམ་གཞིགས་མི་ཤེས་པ་སྐད་ཆ་ཤེས་ཚད་བཤད་ན་མཇུག་འབྲས་དེ་རིང་ཁྱོད་ལ་བྱུང་བ་ལྟར་ཡོང་གི་རེད། སྟོབས་ཆེན་ནི་སྙིང་ནད་ཅུང་ཚབ་ཆེན་ཡོད་མཁན་ཞིག་དང་། ཁྲག་ཤེད་ཀྱང་མཐོ་བའི་མ་བའི་རྐྱེན་གྱིས་ལོ་མང་སྨན་ལ་བརྟེན་ནས་འཚོ་མཁན་ཞིག་རེད། དེ་རིང་ཁྱོད་ཀྱི་སྐད་ཆ་ཁ་རུ་ཁ་ཐུག་ཚིག་གཅིག་གིས་སྟོབས་ཆེན་གྱི་སྲོག་ཀྱང་བསྐྱེལ་གྲབས་བྱས་པ་རེད། འོ་ཡ། ད་དེ་འདྲ་རེད། རྗེས་མ་ཁྱོད་ཀྱིས་སྐད་ཆ་ཁ་རུ་ཁ་ཐུག་བཤད་འདོད་དུས་གནས་སྟངས་ལ་བསམ་བློ་ཐོངས་ནས་ཤོད། དེ་མ་གཏོགས་ཕན་ལས་གནོད་ཆེ་བ་རེད། ཅེས་སོགས་བཤད།

 

 

རྒྱལ་མཚན་སྨན་ཁང་ནས་ཕྱིར་སྡོད་སར་ལོག་པའི་ལམ་བར་དུ་མགོ་གནམ་ལ་ཕྱོགས་དབུགས་རིང་ཞིག་གཏོང་ཞིང་། ག་རེ་ཁ་རུ་ཁ་ཐུག་གི་བུ་དགའ་དགའ། དེ་ཚོ་ཚང་མ་སྐྱག་རྫུན་རྐྱང་རྐྱང་རེད་འདུག དེ་རིང་ཁ་རུ་ཁ་ཐུག་གིས་མི་གསོད་གྲབས་ཡིན། ཚང་མས་ང་ལ་བསྟོད་ར་རྫུན་མ་གཏོང་ནས་ང་ལ་ངན་བསླབ་མང་པོ་བྱས་འདུག རྗེས་མ་ནས་བཟུང་ངས་གང་བྱུང་མང་བྱུང་གིས་གཞན་ལ་ཁ་རུ་ཁ་ཐུག་བཤད་དགོས་མིན་བསམ་གཞིགས་བྱ་ངེས་ཡིན། ཞེས་བཤད་དེ་ཕྱིར་འབྲོག་སར་ལོག་བརྩིས་ཀྱི་སྟ་གོན་བརྩམས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།