རྒས་པོ་འདི། The old man 這老頭子

images/stories/222_bezh_s.jpgThe old man

這老頭子

རྒས་པོ་འདིའི་ཕ་ཡུལ་ཨུ་རུ་སུ་ནས་ཡིན་རུང་ད་ལྟའི་ཆར་ཨོ་གླིང་རྒྱལ་ཁབ་སྲུང་སྐྱོར་བྱེད་སར་སོང་བའི་དམག་ཟུར་ཞིག་རེད་འདུག་ལ། ལོ་ཆུང་དུས་དམག་སྦྱོང་ཡང་གང་མཚམས་བྱས་པའི་སྟབས་ཀྱིས་མིན་འགྲོ ད་ལྟའི་ཆར་ཁོའི་གཟུགས་པོའང་དེ་མཚུངས་བདེ་པོ་འདྲ་མཐོང་སྣང་ཡོང་གི་ཡོད། འོན་ཀྱང་དོན་དངོས་ཐོག་ཁོ་ལ་སྙིང་ནད་ཚབ་ཆེན་ཕོག་ཡོད་པར་ཉིན་ལྟར་དུས་གསུམ་ལ་སྨན་ཟ་དགོས་ཤིང་། རྒས་པོ་འདི་ནི་གཞན་དང་མི་འདྲ་བ་རླུང་ཚ་པོ་ཧ་ལས་པ་ཞིག་ཡིན།

 

སྙིང་ནད་དང་ལོ་ན་རྒས་ཅིང་འཁོག་པའི་དབང་གིས་ཁོ་པ་འགྲོ་འདུག་བྱེད་དུས་ཧ་ཅང་དལ་ཞིང་། ཁ་ནས་གོམ་ཞག་ཙམ་ཡོད་པའི་ཕ་རོལ་པོ་གང་རུང་གིས་ཀྱང་གོ་ཐུབ་པའི་ཆད་མེད་ཀྱིས་ཤུའུ་སྒྲ་ཞིག་གམ་སྨྲེ་ངག་ལྟ་བུ་ཞིག་སྒྲོག་གིན་ཡོད།

འོན་ཀྱང་ཁྱིམ་གཞི་ཆེན་པོའམ་ཁང་བརྩེགས་ཐོག་ཁང་གཉིས་ཅན་འདིའི་ནང་ལ་ཁོའི་བཟའ་ཟླ་རྒས་མོ་དེ་དང་། ཁོའི་བུ་དབང་པོ་སྐྱོན་ཅན་གཉིས་ཡོད། ཁོ་བཟའ་མི་གཉིས་ལ་གཞན་བུ་མོ་གཅིག་ཀྱང་ཡུལ་གཞན་ལ་ཡོད་འདུག་ཀྱང་ངས་ཁོའི་ཁྱིམ་ནང་ཟླ་བ་ཁ་ཤས་རིང་ལས་ཀ་བྱེད་རིང་ལ་བུ་མོ་དེ་ཐེངས་གཅིག་ཀྱང་ཕ་མ་ལྟ་སར་སླེབས་མ་སོང་ལ་མི་བཞག་ནས་གྲིབ་མ་ཙམ་ཡང་མཐོང་མ་སོང་།

རྒས་པོ་དང་རྒས་མོ་གཉིས་ནི་རྒྱུན་དུ་ཁ་རྩོད་ཆད་མེད་ཟློ་བ་ལས། རྒས་མོའི་ངོས་ནས་སྐད་སྒོ་མཐོ་ཞིང་རྒྱུ་མཚན་ལྡན་པ་མང་བ་བཤད་ཀྱི་རེད། རྒས་མོ་འདིས་ཁྱིམ་དུ་སླེབས་ཚད་ལ་ངོ་དགའ་བཟང་བཤད་དག་དག་བྱེད་ཀྱི་ཡོད་པར་བརྟེན། ཁྱིམ་འདིར་འབྱོར་བའི་མི་ལུས་ལེན་ཚད་ཀྱིས་རྒས་མོ་ནི་བྱམས་ཆུབ་སེམས་པ་ལྟ་བུར་མཐོང་སྣང་འཇོག་ཅིང་བསྟོད་རའང་གཏོང་སྲོལ་ཡོད་རེད།

དེའང་རྒས་མོས་འདིར་ལས་ཀ་བྱེད་མཁན་ཚོར་ཞོགས་ཟས་རྒྱུན་དུ་སྤྲོད་པ་མ་ཟད། སྙིང་གཏམ་ལྟ་བུ་བཤད་ཚད་ཀྱི་ནང་དོན་ལ་མོ་རང་ཇི་ལྟར་བཟང་ལུགས་ཡག་ལུགས་རྐྱང་བཤད་ཀྱི་ཡོད། དེའང་མོས་སོ་སོས་དཀོན་མཆོག་ལ་ངོ་མ་ལོག་པར་མོ་ལ་ངན་དགུ་བྱས་ཟིན་པའི་རྒས་པོ་འདི་ཁྱིམ་སྒོ་ནས་ཕྱིར་ཕུད་བྱས་མེད་པ་ནི་མོ་རང་བཟང་ཆ་ཇི་ཙམ་ཡིན་མིན་ལ་སྦྱོར་ནས་བཤད་པར་དགའ། དེའི་རྐྱེན་གྱིས་ཚང་མས་རྒས་འཁོག་འདི་གཉིས་ནང་གི་རྒས་མོ་དེ་ནི་ཧ་ལས་པ་བཟང་མོ་ཞིག་ཡིན་ལུགས་དང་། རྒས་པོ་རླུང་རྒྱས་འདྲ་པོ་འདི་ནི་ཧ་ལས་པ་སྡུག་ཆག་ཅིག་ལ་ངོས་འཛིན་གསལ་པོ་ཡོད་པ་རེད།

 

 

འོན་ཀྱང་ང་ཁྱིམ་ཚང་འདིའི་ལས་ཀ་ནས་མཇུག་བསྒྲིལ་རྒྱུར་ཐག་ཆོད་རྗེས། ང་རང་ཅི་ཡིན་ཆ་མི་འཚལ་བའི་རྒས་པོ་འདི་ལ་སྙིང་རྗེ་འཕར་མ་ཞིག་སྐྱེས་སོང་ལ། ལས་གནས་འདི་ནས་ཁ་བྲལ་རྗེས་རྒས་པོ་སྔར་བས་སེམས་སྡུག་གིས་གང་འགྲོ་མེད་ཅིང་ཁོ་པར་མིག་ཡག་ཙམ་ཡང་ལྟ་འདོད་མེད་པའི་རྒས་མོ་ངོ་ཡག་མ་དེར་བསྟུན་མཁས་ཀྱིས་མི་སྡོད་དཀའ་མེད་རེད་ཨང་སྙམ་པ་བྱུང་། དེའང་རྒས་པོ་འདི་སྡུག་ཆག་ཡིན་ལུགས་ཙམ་ཟུར་དུ་བཤད་ན། ཁོས་ཁྱིམ་དུ་ཡོང་ཚད་ལ་ངོ་དགའ་ཙམ་ཡང་མི་བཤད་པ་མ་ཟད། ལས་ཀ་ཅི་ཞིག་བྱེད་ཀྱང་ཁོ་པས་ཟུར་ནས་ཁོའི་བསམ་ཚུལ་དང་མཐུན་པ་ཞིག་མ་བྱེད་ན་ཁོས་སྐད་མགོ་མཐོན་པོསངན་བཤད་བྱེད་ངེས་ཤིང་། ལས་བྱེད་གཞན་ལ་མི་དགའ་བའི་རྣམ་འགྱུར་ཤུགས་ཆེར་བཏོན་ནས་ཚང་མ་མི་སྤྲོ་བ་བཟོ་གི་ཡོད།

 

 

དེ་སྔོན་ལས་རོགས་ཕོ་གསར་ཞིག་ལ་ཁོས་ལས་ཀ་བྱེད་སྟངས་ཡག་པོ་མེད་ལུགས་སྣ་དགུ་བཤད་རྐྱེན་ཕོ་གསར་དེ་གོང་ནས་གོ་བསྡུར་བརྒྱུད་ལས་གནས་ནས་རང་འགུལ་གྱིས་བུད་སོང་བ་རེད། ཕོ་གསར་དེས་ང་ལའང་རྒས་པོ་སྨྱོ་ཤེད་ཅན་དེ་འདྲ་དང་ལས་ཀ་མཉམ་དུ་བྱེད་ཐུབ་པ་མི་འདུག་སོགས་ཟེར་མྱོང་། དེ་རྗེས་ང་ལའང་རྒས་པོས་རྒྱུན་དུ་ངན་བཤད་དང་ངན་ལབ་བྱེད་རྒྱུར་དགའ།

སྤྱིར་བཏང་གི་ཆ་ནས་བཤད་ན། ང་རང་ཡང་གཞན་གྱིས་སྡུག་ཆགས་བྱེད་ན་ཁ་བཙུམ་ནས་སྡོད་དེ་ཙམ་མི་ཐུབ་མཁན་ཞིག་ཡིན་བསམ་གྱི་ཡོད་དེ་ངས་ངན་དགུ་ཚང་བ་ལྟ་བུའི་རྒས་པོ་འདིར་རྒོལ་ལན་བསློག་སེམས་མེད། དེར་རྒྱུ་མཚན་ཁག་གསུམ་ཡོད།

 

 

ཐོག་མ་ནི་ཁོ་པར་སྙིང་ནད་ཚབ་ཆེན་ཡོད་ཅིང་རྒྱུན་དུ་སྨན་ཟ་དགོས་པའི་དབང་གིས་སྨན་གྱིས་ཁོ་པར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་སྟེར་གྱི་ཡོད་འདུག་རྐྱེན་ཁོ་པས་སོ་སོའི་ན་ཚ་ཁོ་ནས་རྐྱེན་པའི་སྒེར་གྱི་ཁོང་ཁྲོའམ་རླུང་འགོག་མ་ཐུབ་པ་རེད་ཟེར་ནས་གོང་གི་མི་སྣས་ང་ཚོར་བཤད་མྱོང་། ངས་རྒས་པོ་འདིའི་གནས་སྟངས་ངོ་མ་འདི་དག་རྒྱུས་ལོན་རྗེས་རང་བཞིན་གྱིས་གཅིག་མཚུངས་ཀྱི་སྐུ་ཚེའི་མཇུག་ཏུ་སྙིང་ནད་དང་ཁྲག་ཤེད་མཐོ་བའི་ངའི་བརྩེ་བའི་དྲིན་ཆེན་གྱི་ཡབ་དམ་པ་རང་དབང་མེད་པར་ཡིད་ལ་དྲན་འོང་གི་ཡོད་ལ། དེ་བས་རྒས་པོ་འདིའི་བྱེད་སྟངས་འགྲོ་ལུགས་འགའ་ནས་ཀྱང་ངའི་སོ་སོའི་ཡབ་དམ་པ་དེ་སེམས་སུ་དྲན་བསྐུལ་ཐེངས་མང་བྱེད་མྱོང་བས་ངས་གང་ལྟར་ཡང་རྒས་པོ་ཤི་རན་པའི་ལོ་ཚད་ལ་སླེབས་པ་འདི་ལ་ལན་བསློག་འདོད་མེད་པ་ཡིན།

 

 

རྒྱུ་མཚན་གཉིས་པ་ནི་ང་རང་སངས་རྒྱས་ཆོས་ལུགས་ཀྱི་རྗེས་འཇུག་གམ་ནང་པ་ཆུང་ངུ་ཞིག་ཡིན་ཁུལ་གྱིས་དབང་གིས་ངས་ནམ་ཡང་རྒས་པོ་ངན་སྤྱོད་ཅན་འདི་ལ་ཁ་རུ་ཁ་ཐུག་གི་ཁ་གཏད་གཅོག་ཐབས་མེད་པ་དེ་བས་ངས་གང་ཐུབ་ཀྱིས་ཁོའི་སྤྱོད་ངན་དེ་དག་ལ་བཅོས་ཐབས་འདྲ་ཨེ་འདུག་ལྟ་དགོས་བསམ་པ་དེ་ཡིན།

གསུམ་ནི་ངས་བསམ་པར་རྒས་པོ་འདིའང་ལས་ངན་པ་ཞིག་ལ་ཁོ་པར་བཟའ་ཟླ་རྒས་མོ་ཕྱི་མིར་ངོ་ཡག་འཛུམ་མདངས་དང་ཡག་ལུགས་བཟང་ཕྱོགས་རྐྱང་རྐྱང་བཏོན་མཁན་ནམ་ནང་དུ་རྒས་པོ་འདི་ལ་དགྲ་མཐོང་མཐོང་འདྲ་བྱེད་ཀྱི་ཡོད་པ་ནི་ཕྱོགས་གཉིས་ཀས་ཞེན་པ་གཏིང་ནས་ལོག་ཟིན་པའི་མི་དེ་དག་ཚེ་མཇུག་བསྐྱེལ་དགོས་པ་དེ་རེད།

 རྒྱུ་མཚན་གཞན་ཡང་ངས་རྒས་པོ་རླུང་ཚ་པོ་འདིས་དུས་དང་རྣམ་པ་ཀུན་དུ་ཁོའི་སེམས་རྟེན་ལྟ་བུ་དེ་ད་ནས་བཟུང་ཉལ་ཁྲིའི་ནས་ཡར་ལང་ནས་འགྲོ་མི་ཐུབ་ཅིང་། སོ་སོའི་ཚོར་བ་བཤད་མི་ཐུབ། ཁ་ནས་གཞན་གྱིས་ཟས་སྟེར་ན་ཟ་བ་དང་མཚམས་རེར་གཅིན་སྐྱག་ཉལ་ས་ལའང་གཏོང་ནས་ལུས་སྡོད་པའི་ཁོའི་ལུས་ངག་ཡིད་གསུམ་རྟེན་ས་ཁོ་པའི་དབང་པོ་སྐྱོན་ཅན་གྱི་བུ་འདི་ཡིན་པ་ཧ་ཅང་གསལ་པོ་ཤེས་པས་ཡིན།

 

 

སྔོན་ནས་བཤད་མྱོང་བ་ལྟར་དེ་སྔོན་གྱི་ལས་རོགས་ཕོ་གསར་དེར་རྒས་པོས་ཁོའི་བུ་འཁྲུལ་འཁོར་དུ་ཡར་བཀྱག་སྟངས་འགྲིག་མ་སོང་ཟེར་ནས་གཤེ་བར་བརྟེན་ཕོ་གསར་དེ་ལས་ཀ་གཡུགས་ནས་སོང་བ་དང་། སུ་དང་གང་གིས་ཁོ་པ་དང་མཉམ་དུ་དབང་པོ་སྐྱོན་ཅན་གྱི་བུ་ལ་གཡོག་བྱ་བྱེད་དུས་ཁོས་ཏོག་ཙམ་མ་འགྲིག་ན་ལམ་སེང་གཞན་ལ་གཤེ་བའི་གཤིས་སྤྱོད་ངན་པ་ཞིག་ཆག་ཡོད།

སྤྱིར་ན་ང་ཚོ་དབང་པོ་སྐྱོན་ཅན་ལ་གཡོག་བྱ་བྱེད་མཁན་གཉིས་རེས་ཁོའི་བུ་ལ་རོགས་རམ་བྱེད་ན་ལུགས་མཐུན་ཡིན་མོད། འོན་ཀྱང་རྒས་པོ་འདིས་ཉིན་ལྟར་ཨུ་ཚུགས་མཐའ་བསྐྱེལ་གྱིས་ང་ཚོ་ལས་བྱེད་གཉིས་དབར་དགོས་མེད་ཀྱིས་འཚང་ནས་ང་ཚོར་བཀོད་འདོམ་ཚུལ་དུ་བྱེད་རྒྱུ་རེད། དེ་འདྲའི་དབང་གིས་སྔོན་དུའང་ཕོ་གསར་གཞན་གཉིས་ཙམ་ལས་གནས་འདི་བཞག་ནས་སོང་འདུག

 

 

ད་ངས་བཤད་འདོད་པ་ནི་དེ་རིང་ནི་ངའང་ལས་ཀ་འདི་གཡུགས་ནས་སོང་བའི་ཉིན་འགའ་སོང་ཟིན། ད་ལྟའི་ཆར་ངས་དྲན་འོང་བ་ནི་རྒས་པོ་ངེད་གཉིས་ཀྱི་ཁ་བརྡའི་ནང་དོན་འགའ་ཡིན། རྒས་པོས་ང་ལ་ངན་བཤད་དག་དག་བྱེད་རྐྱང་ངས་ཁོ་པར་འཛུམ་གྱིས་བསུ་ཞིང་ཁྱོད་གཞན་དང་མི་འདྲ་བ་རླུང་ཚ་པོ་དང་སྙིང་རྗེ་འོས་པའི་རྒས་པོ་ཞིག་རེད་ཅེས་བཤད་དེ་གཡུགས་བཞག་གི་ཡོད། ཐེངས་གཅིག་ང་དང་རྒས་པོ། དབང་པོ་སྐྱོན་ཅན་གྱི་བུ་ངེད་གསུམ་བུ་ཉལ་ཁྲི་ནས་ཟུར་གྱི་འབོལ་གདན་དུ་དྲངས་རྗེས་གསུམ་ཀས་ཁ་ལག་ཟོས་ནས་སྡོད་སྐབས་རྒས་པོས། བླ་མ(འདི་ཁོས་ངའི་མིང་འབོད་སྟངས་ཡིན་ལ་ཁོས་ངའི་མིང་ལྷ་མོ་(Lhamo)ཞེས་པ་དེ་ག་དུས་ཡིན་ཡང་བླ་མ་ཞེས་པའི་སྒྲ་ཡིས་འབོད་ཀྱི་རེད། ཧཧཧཧ) ཁྱོད་ནང་པ་ཚོས་ཉིན་རྟག་པར་སྨོན་ལམ་འདེབས་ཀྱི་རེད་པས་ཟེར་བར་ངས་མང་པོས་དེ་འདྲ་བྱེད་ཀྱི་རེད་ཅེས་བཤད། ཁོས་འོ་ན་ཁྱོད་ཚོའི་སངས་རྒྱས་ (Budha) ལ་སྨོན་ལམ་འདེབས་ན་དངུལ་མང་པོ་རག་གི་རེད་པས། ཁོས་ཁྱོད་ཚོར་ཁ་ལག་སྤྲོད་ཀྱི་རེད་པས། ཁྱོད་ཀྱིས་སངས་རྒྱས་ཟེར་བ་དེ་ངོས་ཤེས་ཀྱི་ཡོད་པས། ཁོ་ཁྱོད་ཀྱི་གྲོགས་པོ་རེད་དམ་ཡང་ན་ཁྱིམ་མི་རེད། ཁོས་ཁྱོད་ལ་ཁེ་བཟང་ག་རེ་སྤྲོད་ཀྱི་ཡོད་རེད། ཁོས་ཁྱོད་ཀྱི་ཁང་གླ་སྤྲོད་རོགས་བྱེད་ཀྱི་རེད་པས་སོགས་བཤད་ཅིང་ཧ་ཧ་ཧ་ཧ་ཟེར་ནས་འདི་ཡིན་མེད་པའི་དགོད་མོ་ཤུགས་ཆེར་དགོད་བྱུང་། ཐོག་མར་ངའི་སེམས་ནང་སྙིང་རྗེ་འོས་ཤིང་སྙིང་ནད་ཚབ་ཆེན་གྱིས་ཟིན་པའི་རྒས་འཁོག་ཁྱོད་འདྲ་པོས་སངས་རྒྱས་ལ་གཅིག་བཤད་ཁུལ་ནི་དགོད་མོ་སེམས་གཏིང་ནས་ཤོར་ཡུལ་རེད་བསམ་ནས་རང་བཞིན་གྱིས་མཐོང་ཆུང་ལྟ་བུའི་ཚོར་བ་ཞིག་ཡིད་ལ་འཆར་མོད། འོན་ཀྱང་ངས་དེ་མུར་བསམ་བློ་ཏོག་ཙམ་བཏང་ནས། གང་ཐུབ་ཀྱིས་སོ་སོའི་ཚོར་བར་བཟོད་དེ་ཁོ་པ་དང་མཉམ་དུ་དགོད་མོ་ཤོར་བ་ཡིན། ངས་ཀྱང་ལྟོས་དང་། ཡ་མཚན་རེད། ཁྱོད་རང་གིས་སངས་རྒྱས་ཀྱི་སྐོར་བཤད་ཡོང་དུས་དགའ་སྤྲོའི་ངང་ནས་དགོད་མོ་དགོད་ཀྱི་འདུག ཁྱོད་ཀྱིས་སོ་སོས་དགའ་བའི་དངུལ་དང་སྒོར་མོ་བཤད་དུས་དེ་འདྲ་རེད་མི་འདུག་ཝ། དེ་ནི་སངས་རྒྱས་ཀྱི་ནུས་པ་རེད། འོན་ཀྱང་ཁྱོད་ཀྱིས་ཁྱིམ་ཚང་འདིའི་གནས་ལུགས་དང་ཁྱོད་ཀྱི་བུ། གཞན་རྒྱུ་དཔལ་འབྱོར་དང་དངུལ་སྒོར་མོ། ཁང་པ་ཆེན་པོ་དང་རླངས་འཁོར་རྫིག་པོ་སོགས་གནས་ཚུལ་ལམ་བརྗོད་གཞི་གཞན་ག་རེ་བཤད་ཀྱང་དགོད་མོ་འདི་ལྟ་བུ་ཤོར་རྒྱུ་བཞག་ནས་སྙིང་རླུང་ཧ་ཅང་ཆེན་པོ་ལང་གི་འདུག དེ་བཞིན་ཁྱོད་ཁོང་ཁྲོ་ལང་ཞིང་རྨིན་པ་བསྡུས་ནས་ཟུར་དུ་ཡོད་པའི་མི་ཚང་མའི་མ་འགྲིག་སར་བཞག་ནས་གཤེ་གཤེ་གཏོང་གི་རེད། གཅིག་གཅིག་གཅིག་ནི་འགྲིག་མ་སོང་། གཉིས་གཉིས་གཉིས་ནི་ཡག་པོ་མི་འདུག་སོགས་རེད་ཧ་ཧ་ཧ་ཧ། སོགས་ངེད་གཉིས་དགོད་མོ་མཉམ་དུ་ཤོར་བའི་ཉིན་ཐོག་མ་དེ་འདྲ་ཞིག་ཡིན་ལ་ངས་ཀྱང་ཁོ་ལ་སོ་སོའི་གཤིས་སྤྱོད་ངན་པ་དེ་ཅུང་དྲན་བསྐུལ་བསླངས་པའི་ཉིན་མོ་ཞིག་ཡིན་སྟབས་ངས་ད་ལྟའང་དྲན་གྱི་འདུག

 

 

 

ཉིན་མཐའ་མ་དེར་རྒས་པོས་ང་ལ་ཡིད་མུག་པའི་ཟོལ་གྱིས། བླ་མ། ཁྱོད་རང་ངོ་མ་བུ་མོ་བཟང་པོ་ཞིག་རེད། ངའང་ཁྱོད་རང་ནང་བཞིན་ཞི་ཞིང་དུལ་བ་ཞིག་དང་སྤྲོ་པོ་ཞིག་ཡོང་ཐུབ་ན་ཅི་མ་རུང་་་་་ང་ནི་འཆི་ལ་ཉེ་བའི་མི་རྒན་ཞིག་རེད། ང་ལ་སྙིང་ནད་ཚབ་ཆེ་བས་མགྱོགས་པོར་ཤི་འགྲོ་གི་རེད། འོན་ཀྱང་ང་ཤི་སོང་ན་ངའི་བུ་ལ་ལྟ་མཁན་མེད་པས་ང་ཤི་ན་མིག་བཙུམ་ས་མ་རེད། ངའི་ཚེ་མཇུག་ལ་ཅི་བྱེད་རྐྱང་ཚང་མ་ངའི་བུ་འདི་ཡིན་ཟེར་བྱུང་ལ་རྒས་གཉེར་གྱིས་ཁེངས་པའི་མིག་སྔོན་པོ་གཉིས་ནང་མཆི་མས་ཁེངས་ནས་འདུག་པས་ང་སྐབས་དེར་ཁོའི་སྙིང་གཏམ་དེ་འདྲ་ང་ལ་བཤད་ཀྱི་རེད་བསམ་པའམ་རྨི་ལམ་དུའང་འཁོར་ག་ལ་མྱོང་འོན་ཀྱང་དུས་དེར་ང་ལའང་རང་དབང་མེད་པར་མིག་ནང་ལའང་དེ་མུར་མཆི་མའང་འཁོར་དུ་བཅུག་སོང་།

 

 

ངས་ཁྱོད་རང་གིས་ངེད་གཉིས་ཐེངས་མང་པོར་བཤད་པ་ནང་བཞིན་སོ་སོའི་ཁོང་ཁྲོར་བཟོད་ཐུབ་ན་དུས་དེ་ནས་བཟུང་ཁྱོད་ཀྱང་ང་ནང་བཞིན་དགའ་སྤྲོ་ལྡན་པ་ཞིག་ཡོང་ངེས་རེད། ཁོང་ཁྲོ་ཅི་ཙམ་བྱས་ན་དེ་ཙམ་གྱིས་སོ་སོ་མི་སྐྱིད་པ་ཆག་རྒྱུ་དང་། གཞན་ལའང་མི་སྐྱིད་པ་བཟོ་རྒྱུ་ལས་གཞན་གང་ཡང་ཡོད་མ་རེད། མི་ཚེ་སྐྱིད་པའི་སྒོ་ནས་འཚོ་བ་ལས་སྐར་ཆ་དང་ཆུ་ཚོད། བདུན་ཕྲག་དང་ཟླ་བ། ལོ་ནས་ལོ་བསྟུད་དེ་སྐྱིད་པོ་སོ་སོས་གཏོང་ན་ཁེ་བཟང་ངོ་མ་དེ་མ་རེད་པས། ཅེས་བཤད་པས་ཁོས་དེར་ཡོད་ཚང་མའི་ངོས་ནས་རེད་རེད། ངོ་མ་རེད། ཅེས་བཤད་སོང་བས། རྒས་པོའི་བཟའ་ཟླ་མོས་མོའི་ཟུར་ལ་ལང་སྡོད་པའི་ལས་བྱེད་གཞན་ནམ་བུ་ཞིག་ལ་བལྟས་ནས་མིག་ཆེ་ཙམ་གྱིས་ཡ་མཚན་མདོག་འདྲའང་བཏོན་སོང་བས་ངས་ཀྱང་གསལ་པོ་མཐོང་བྱུང་།

 

 

འོན་ཀྱང་ཅི་ཡིན་ན་མི་ཤེས། ང་ནི་རྒས་པོ་རླུང་རྒྱས་འདིས་གཞན་མང་པོ་ཡོད་ས་ནས་སྙིང་གཏམ་མམ་དྲང་གཏམ། སྙོམས་ཆུང་བ་ལྟ་བུ་དེ་འདྲ་བཤད་པའི་སྐབས་དེར་སེམས་གཏིང་ནས་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་སྣང་ཞིག་སྐྱེས་སོང་ངོ། 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།