རྒས་མོ་འདི།

images/stories/45/durer_-_bildnis_der_mutter.jpgརྒས་མོ་འདི།

the old women

老婦人

ང་ཁོང་མོ་སར་འགྲོ་ཐེངས་རེར་མོའི་ཤེས་རྒྱ་དང་ཁོག་རྒྱ་དང་ཞི་འཇམ་གྱིས་ངའི་ཡིད་དབང་འཕྲོག་གི་འདུག ཁོང་མ་ནི་ངའི་ལས་ཁུངས་ཨ་མ་ནས་ཉེ་དུས་ང་ལ་འབྲེལ་མཐུད་བཟོས་པའི་ཞབས་ཞུ་སྒྲུབ་ཡུལ་རྐང་ལག་ཅུང་བདེ་མིན་གྱི་སྦྱིན་བདག་མ་གཞན་ཞིག་རེད།

རྒྱ་མཚོའི་འགྲམ་དུ་ཆགས་པའི་མོའི་སྒེར་བདག་གི་ཐོག་བརྩེགས་དེ་ནི་ཕྱི་ནས་བལྟས་ན་གྲོང་ཁྱེར་དུ་ཆགས་ལུགས་གཞན་དང་སྤྱི་མཚུངས་ལྟར་གྱི་ཐོག་བརྩེགས་བཞི་ཅན་ཞིག་ལ་དམིགས་བསལ་ཅིའང་མེད་ཀྱང་ནང་དུ་ཁོང་མོའི་སེམས་ཁོངས་སུ་མཛེས་སྡུག་ལྡན་པའི་འཇིག་རྟེན་ཆུང་ཆུང་ཞིག་བསྐྲུན་ཡོད་པ་སུ་ཡིས་ཤེས།

 

ངེད་གཉིས་མོའི་སྒོ་འགྲམ་དུ་ཐུག་དུས་མོའི་ངོ་ལ་འཛུམ་དང་བཅས་སྐད་མགོ་རན་མཚམས་ནས་ཁྱོད་རང་ངའི་སར་ཡོང་བར་དགའ་བསུ་ཡོད། མ་འོངས་པར་ངེད་གཉིས་ལས་ཡུན་རིང་ཙམ་བྱ་ཐུབ་པའི་རེ་བའང་ཡོད། ཅེས་གསུངས་ནས་ང་མོའི་ཁང་པའི་ནང་ཡར་འཁྲིད་སོང་། ངས་མོ་རང་ལ་གཡོག་བྱ་བྱེད་ལུགས་ནི་ཆུ་ཚོད་བདུན་རེར་ཉིན་གཅིག་ཆུ་ཚོད་གཉིས་རིང་ཉལ་ཆས་གཙོས་སྒྲིག་ཆས་ཡོངས་ཀྱི་འགེབས་རས་ཆེ་ཆུང་དག་ཉིན་དེར་གཙང་འཁྲུས་ཚར་ན་ཉི་རར་སྐམ་རྒྱུ་དང་། གཞན་ཡང་མོའི་དམིགས་བསལ་བའི་ཉི་རའི་མཐའ་བཞིར་བསྐོར་ནས་ཡོད་པའི་ཤིང་འབྲས་སྡོང་པོ་ལྔ་དང་མེ་ཏོག་དེ་དག་གི་ཤིང་ལོ་སྐམ་སེར་གཙང་མ་བཟོ་རྒྱུ་དང་ཆུ་རན་མཚམས་བླུགས་རྒྱུ་དེ་འདྲ་རེད། (ངས་ལྡུམ་རའི་བྱ་བ་གང་ཡང་བྱེད་ཤེས་ཀྱི་མེད་པས་དུས་ཚོད་གཏོང་ཕྱིར་ངས་མོའི་ཁང་པར་གཙང་སྦྲ་བཟོས་པ་ཡིན་ཡང་མོས་དེ་རྗེས་ང་ལ་ལས་ཀ་འདི་བསླབ་ནས་བྱེད་བཅུག་པ་ཞིག་ཆགས་ཡོད།)

ངས་དེ་སྔོན་ཡང་ཁང་པ་སྒེར་བདག་ཅན་ཆེ་ཆུང་མི་ཉུང་ཙམ་ཞིག་མཐོང་ཡོད་ཀྱང་ཁོང་མོའི་ཁང་པའི་ནང་གི་ཆ་ལུགས་ནི་དངོས་གནས་དམིགས་བསལ་བ་ཞིག་རེད། ཐོག་མར་ང་རང་ཁང་པའི་ནང་ཡར་སླེབས་དུས་སུ་ནང་གི་སྒྲིག་ཆས་དང་ཆ་ལུགས་ལ་ཧ་ལས་པར་གྱུར།

 

ཁང་པ་འདི་ནི་ཐབ་ཚང་གསང་སྤྱོད་ཚུད་བསྡོམས་ཁང་མིག་ཆེ་ཆུང་ལྔ་ཙམ་ཡོད་པ་ཞིག་རེད་ལ། ཁང་མིག་རེ་རེར་ཆག་ལུགས་སྒྲིག་སྟངས་མི་འདྲ་བ་ནི་བསམ་བློ་མང་ཙམ་བཏང་ནས་བགྱིས་པ་ཞིག་ལོས་ཡིན་སྙམ་པ་བྱུང་།

 

 

ཐོག་མར་རྒྱ་ཆེ་ཙམ་ཡོད་པའི་ཁོང་མོའི་ཉལ་ཁང་ནས་འགོ་བརྩམས་ནས་བཤད་ན། ཉལ་ཁང་དུ་ཉལ་ཁྲི་ཆེན་པོ་ཞིག་དཀྱིལ་དུ་བཞག་ཡོད་པའི་ཟུར་ལ་མཛེས་བཟོ་བྱེད་ཡུལ་ཤེལ་སྒོ་འབྲིང་ཙམ་ཞིག་རེད། ཁང་མིག་འདིའི་ཕྱོགས་གཉིས་སུ་སྒེར་ཁུང་ཆེ་ཙམ་གཉིས་འདུག སྒེའུ་རས་ནི་སངས་རས་སྤུས་ལེགས་མཚོན་ཟིང་སྐྱ་མདོག་དང་། སྒེའུ་རས་ཐོག་མེ་ཏོག་ཆུང་ཙག་རིགས་མང་པོ་བཅས་བཞག་འདུག ཁང་མིག་འདིའི་ནང་གི་ཆ་དངོས་ཡོངས་རྫོགས་ཟིང་སྐྱ་མདོག་ཡིན་པ་གང་ཞིག་ལ། མཐའ་ན་ཟུར་གྱི་རྐུབ་སྟེགས་ཟིང་སྐྱའི་ཐོག་བཞག་པའི་མིའུ་ཆུང་གཟུགས་དབྱིབས་ཀྱི་རྩེད་ཆས་དེའང་ཟིང་སྐྱ་མདོག་རེད་བཞག ཉལ་ཁྲིའི་འོག་ཏུའང་ཟིང་སྐྱ་མདོག་གི་ཉལ་ལྷམ་ཆ་ཆེ་ཆུང་གཉིས་བཞག་འདུག ངས་ལྷམ་ཆ་གཉིས་བཞག་དགོས་པའི་རྒྱུ་མཚན་དྲིས་པར་ཆེ་བ་དང་ཁོང་མོའི་འདས་སོང་གི་ཁྱོ་བོའི་ཡིན་ལུགས་བརྗོད་བྱུང་། དེ་ནས་ངེད་གཉིས་ཁང་པ་གཉིས་པར་སོང་བས་དེར་ཡོད་དངོས་ཟོག་རིགས་ཟེར་ནའང་འདྲ་ཅ་དངོས་ཡོངས་རྫོགས་ལྕང་ལོ་སྔོན་པོའི་མདོག་རེད་འདུག དེའང་སྒེའུ་ཁུང་གཉིས་ཀྱི་སྒེའུ་རས། དེ་མིན་ཉལ་ཆས་དང་མལ་མགོ ཁ་གདན་དང་བཅས་པ་ཚང་མ་ལྗང་ཁུའི་མདོག་རེད། དེའི་ནང་གྱང་སྒོག་ཕྱོགས་གཅིག་ཡོངས་ཤེལ་སྒོ་རེད་འདུག་ལ། ཤེལ་སྒོ་ཡོད་སའི་ནང་གྱོན་ཆས་རིགས་ཆེ་ཆུང་དང་དབྱར་དགུན་སྟོན་དཔྱིད་ལྟ་བུར་དབྱེ་ནས་བཀལ་བའམ་བསྒྲིགས་པའི་འོག་ལ་ལྷམ་གོག་རྣམས་ཆ་འགྲིག་གིས་བང་ལྟར་བསྒྲིགས་འདུག ཉལ་ཁྲི་གཉིས་ཕྱོགས་གཉིས་སུ་བསྒྲིགས་ནས་ཡོད་པའི་དབུས་ཀྱི་གྱང་ཐོག་ཡུལ་ལྗོངས་སྔོ་ལྗང་ལྡན་པའི་སྣུམ་མཚོན་རི་མོ་རན་ཙམ་ཞིག་ཀྱང་བཀལ་འདུག ཟུར་གཞན་ཞིག་ལ་དཔེ་ཁྲི་བང་རིམ་ལྔ་ཅན་འབྲིང་ཙམ་ཞིག་འདུག་ལ། དེབ་ཁྲིའི་ཡོངས་ཀྱི་ཕྱིར་ང་ཚོའི་བོད་པའི་རས་ཡོལ་ལྟ་བུས་མདོག་གཅིག་མཚུངས་ཀྱིས་དེབ་ཚང་མ་གཡོགས་ནས་བཞག་འདུག

 

 

 

དེ་ནས་མགྲོན་པོ་སྣེ་ལེན་བྱེད་སའི་ཁང་མིག་ཆེ་ཤོས་དེ་རེད་ལ། དེའི་ནང་གཡོག་རས་དང་རས་ཁེབས་ཚང་མ་གསེར་སྣུམ་མདོག་རེད། འདིའི་ནང་ལ་འབོལ་གདན་ཆ་གཉིས་འདུག་པ་དེ་རྐོ་བས་འབོལ་གདན་གཡོགས་བརྒྱབས་པ་ཞིག་རེད་ལ། འབོལ་གདན་དབུས་སུ་མདུན་ཅོག་ནར་མ་རིང་ཙམ་ཞིག་འཇོགས་ཡོད། སྒྲོག་ཙེའི་སྒང་ལ་ངས་མིང་ཅི་ཟེར་ལེ་ཡིན་མི་ཤེས་ཅིང་ཁྱད་མཚར་བ་ཞིག་ལ་མེ་ཏོག་བུམ་པའི་རྫ་མ་དེ་གཉིས་ཀྱི་མདོག་དང་མེ་ཏོག་རང་གི་མདོག་ཀྱང་གསེར་སྣུམ་མདོག་རེད་བཞག ངས་འདི་མཐོང་ནས་རྒས་མོ་འདིས་ངོ་མ་མོའི་ཁང་པའི་ནང་གི་ཅ་དངོས་ཡོངས་ལ་བསམ་བློ་གཏོང་ནས་བཞག་འདུག་ཨང་བསམ་པ་ཡང་ཡང་བྱུང་།

མགྲོན་པོ་སྣེ་ལེན་བྱེད་སའི་ཁང་མིག་འདིའི་ནང་གི་འབོལ་གདན་ཐོག་བསྡད་དེ་ཁ་གཏད་ཕྱོགས་སུ་བལྟས་ན་དེར་ཁོང་མོའི་ཐབ་ཚང་འབྲིང་ཙམ་ཞིག་རེད། ཐ་ན་ཐབ་ཚང་གི་སྒེའུ་ཁུང་རྩ་ལའང་མེ་ཏོག་གསེར་སྣུམ་མདོག་དེ་བང་ལྟར་རྫ་མ་ཧ་ཅང་ཆུང་ངུའི་རིགས་དྲུག་ཙམ་སྒྲིགས་ནས་འདུག

 

 

མཇུག་གི་ཁང་མིག་དེ་ནི་ཆུ་གཞོང་ཆེ་ཙམ་ཞིག་ཡོད་པའི་ཁང་ཆུང་ཞིག་རེད། དེའི་ནང་འཁྲུ་རྫས་རིགས་དང་། ལག་ཕྱིས་རས་སྣ་ཚོགས་པ་ཁྲིའི་སྟེང་ལེགས་པོར་བསྒྲིགས་འདུག་པ་འདི་དག་ཚང་མའི་མཚོན་མདོག་ནི་དཀར་པོ་དཀར་རྐྱང་རེད། ངས་བསམ་པར་ཕྱི་རས་རིགས་དཀར་པོ་ཉར་དགོས་དོན་དེ་ནི་ཁོང་མོ་གཙང་སྦྲ་ལ་དང་དོད་ཆེ་དྲག་ནས་ཡིན་གྱི་རེད་སྙམ་བྱུང་། མཇུག་ཏུ་བཤད་རྒྱུ་ལུས་པའི་ཅ་དངོས་ཆེ་གྲལ་ནི་ཁོང་མོའི་སྒྲོག་ཙེའི་རིགས་དང་མདུན་ཅོག རྐུབ་སྟེགས་རིགས་ཐ་དག་ཤིང་སྣུམ་ཞིང་སེར་པོའི་རིགས་ཧ་ཅང་བག་ཆགས་པའི་སྒོ་ནས་བསྒྲིགས་གཤོམས་བྱས་བཞག་པ་ཡིན། དེ་རྗེས་ཀྱང་ང་ཁོང་མོ་སར་བདུན་རེར་ཐེངས་རེར་ཆགས་མེད་འགྲོ་དགོས་དུས་ངས་སོ་སོས་སྒྲུབ་དགོས་པའི་དོན་དག་ཚང་མ་ལེགས་པོར་གྲུབ་རྗེས་ཁོང་མོས་ང་རྐུབ་སྟེགས་ཐོག་བསྡད་བཅུག་སྟེ་མོ་རང་དང་ཁ་བརྡ་བྱེད་པར་བསྐུལ་གྱི་ཡོད། དེ་འདྲ་བརྒྱུད་དེ་ཁོང་མོས་ང་ལ་རིམ་གྱིས་ཁྱིམ་ཚང་གི་གནས་སྟངས་ཉུང་ཙམ་རེ་དང་ཁ་བརྡ་བྱས།

ངེད་གཉིས་ཁ་བརྡ་བྱས་པའི་ནང་ཁོང་མོས་ཆབ་སྲིད་ལྟ་བུའི་སྐད་ཆ་དོན་མེད་དང་སྤོབས་བཤད་རྩ་བ་ནས་མི་བྱེད་ལ། གཙོ་བོ་སེམས་ཚོར་ཇི་མ་ཇི་བཞིན་བཤད་རྒྱུར་དགའ། ང་ལ་ནི་ཁ་བརྡའི་བརྗོད་གཞི་ཆུང་ཙག་རིགས་ཅི་རིགས་གསུང་ཡང་རྒྱུན་དུ་ཁ་དགའ་ངོ་དགའ་ཡིས་བརྗོད་གནང་བ་ལས་ངོ་ནག་པོ་ཟུར་ཙམ་ཡང་སྟོན་མ་མྱོང་ངོ་།

 

 

ཁོང་མོས་གསུངས་གསལ་ལྟར་ན་ཤིང་གི་ཁྱིམ་ཆས་འདི་དག་ཚང་མ་ཁོང་མོའི་ཕ་ཡུལ་ཨིན་ཡུལ་ནས་འདིར་གནམ་ཐོག་དབོར་འདྲེན་བྱས་བཞག་པ་ཤ་སྟག་ཡིན་པ་མ་ཟད། དེ་དག་དབོར་གླ་སྒོར་མོ་ཧ་ཅང་མང་པོ་སྟེར་ཡོད་པ་རེད་གསུངས་བྱུང་། ང་ནི་གནས་སྟངས་དེར་དོན་མེད་དང་དགོས་མེད་ལྟར་མཐོང་སྣང་དང་ཁོང་མོའི་བྱེད་སྟངས་སམ་ཤིང་གི་ཁྱིམ་ཆས་ཕོན་ཆེ་འདི་འདྲ་གནམ་ཐོག་ནས་དབོར་འདྲེན་བྱས་པ་དེར་ཧོན་འདྲ་འཐོར་བ་ལྟར་བྱུང་ལ་ངས་ཁོང་མོར་ཤིང་ཆས་དེ་དག་དབོར་སར་དངུལ་སྒོར་མང་པོ་དེ་འདྲ་སྤྲད་ནས་ངོ་མ་ཕངས་པ་ལ་ཞེས་ཟེར་ཁུལ་ལ་ཁོང་མོས། ང་ནི་ཁྱིམ་ཆས་འདི་དག་ལ་ཧ་ཅང་དགའ་པོ་ཡོད། དེ་དག་ནི་ངས་བཟའ་ཟླ་ཁོང་གིས་ངེད་གཉིས་ཆང་ས་རྒྱག་པའི་མཛད་སྒོའི་ཆེད་དུ་མཉམ་དུ་ཁྲོམ་དུ་སོང་ནས་ཉོས་པ་རེད། ངེད་གཉིས་དགའ་རོགས་སྒྲིག་བཞིན་པའི་སྒང་ལ་བསམ་པ་གཅིག་མཐུན་གྱིས་ཕྱོགས་གཉིས་ཀས་ལོ་མང་པོའི་རིང་ལ་དཀའ་སྤྱད་འབད་བརྩོན་གྱིས་བསགས་བསགས་སྒྲུབ་སྒྲུབ་བྱས་པའི་དངུལ་མང་ཆེར་ཁྱིམ་ཆས་འདི་ཚོར་བཏང་ཟིན་པ་རེད་ལ། ཅ་དངོས་འདི་དག་ནི་ད་ཆ་མོས་འདས་སོང་གི་ལོ་རྒྱུས་ལ་ཕྱི་དྲན་བྱེད་སའི་དྲན་རྟེན་ཡག་ཤོས་ཡིན་པ་དང་། ལོ་འགའི་སྔོན་དུ་འདས་གྲོངས་སུ་གྱུར་ཟིན་པའི་བཟའ་ཟླ་ལ་དྲན་རྟེན་གཙོ་བོ་ཡིན་ཟེར།

 

 

སྤྱིར་ན་ཁོང་མོའི་ཁ་བརྡའི་ནང་དོན་ཡང་རྒྱུན་དུ་དེང་སང་མོས་དུས་ཚོད་མང་པོར་ཁྱོ་བོ་དྲན་སྟངས་དང་སྒེར་གྱི་འཚོ་བ་དང་དངོས་སུ་འབྲེལ་བའི་གནས་དོན་ཤ་སྟག་ཡིན་མོད། འོན་ཀྱང་ངས་མཐོང་སྣང་ལ་དེ་དག་ནི་དོན་ཆུང་ཤ་སྟག་ལས་སྣང་གི་མེད་སྟབས་ངས་དུས་ཚོད་མང་ཆེར་ཕྱེད་ཉན་ཕྱེད་མ་ཉན་ཡང་མགོ་བོ་གཡུག་གཡུག་གིས་ཉན་བཞིན་ཡོད་པའི་རྣམ་འགྱུར་རེ་གང་ཐུབ་བཏོན་ཁུལ་བྱེད་ཀྱི་ཡོད།

 

 

མཚམས་འདི་ནས་ང་རང་གིས་ཁོང་མོར་བསམ་ཚུལ་དང་མཐོང་སྣང་ཏོག་ཙམ་ཟུར་བཤད་བྱ་ན་བསམ། ཁོང་མོ་ནི་གང་དགོས་ཅི་བཅུ་འཛོམས་པའི་ཁྱིམ་གྱི་བདག་མོ་ཞིག་ཡིན་ལ། མོའི་བུ་མོས་རྒྱུན་དུ་མོ་ལ་ལྟ་རྟོགས་དང་ཕན་རོགས་བྱེད་བཞིན་པ་རེད་འདུག ནང་ལ་དགོས་མཁོ་ཡོངས་འཛོམས་ཀྱང་དེ་སྔོན་གྱི་ན་ཚའམ་སྙིང་ནད་དང་ཁྲག་ཤེད་འཕར་ཚད་མྱུར་བ་དེ་དག་སྐྱར་བསློག་ཏོག་ཙམ་རྒྱག་གི་ཡོད་ཚོད་ཀྱིས་གཟུགས་ཁམས་བདེ་མིན་ཏོག་ཙམ་ཡོང་གི་ཡོད་བཟོ་འདུག

 

ཁོང་མོས་ཟེར་ན་སྨན་པར་བརྟེན་གཏུག་ཐེངས་ཁ་ཤས་བྱས་འབྲས་སུ་རྒྱུན་ཟ་དགོས་པའི་སྨན་མང་ཙམ་སྟེར་འདུག་ལ། ཟང་ཟིང་ལང་ལོང་དང་སྐད་སྒྲ་ཆེ་བའི་ཁུལ་དུ་མ་འགྲོ་ན་བཟང་ལུགས། དེ་མིན་ཤུགས་ལས་རིགས་རྩ་བ་ནས་མ་བྱེད་ན་བཟང་ལུགས་སོགས་མང་པོ་ཞིག་བཤད་འདུག འོན་ཀྱང་ངས་བསམ་ན་མོའི་གནད་དོན་གཙོ་ཆེ་ཤོས་ནི་སེམས་མི་སྐྱིད་པ་དེ་རེད་ལ། རྒྱུན་དུ་རྒས་མོ་མོ་རང་ཁེར་རྐྱང་གིས་ཁང་སྟོང་ཆེན་པོ་འདིའི་ནང་བསྡད་དགོས་དུས་ཐ་ན་ཁ་བརྡ་ཙམ་ཡང་བཤད་ས་མེད་སྟབས། རྟག་ཏུ་མཚན་མོར་གཉིད་མི་ཁུག་ཅིང་སེམས་ན་འཚུབ་ཆ་ལང་བཞིན་པ་ནི་མོའི་མཚམས་རེར་ཞིབ་ཆའི་འགུལ་སྤྱོད་ལ་བལྟས་ན་ཧ་ཅང་གསལ་པོ་ཞིག་རེད། དཔེར་ན་མོས་ངས་ལས་ཀ་བྱེད་བཞིན་པའི་སྒང་གློ་བུར་དུ་ཡར་ཡོང་ནས་ང་ལ་དོན་མེད་ཀྱི་ཁ་བརྡ་རེ་བྱས་རྗེས་དེ་མུར་ཕྱིར་འགྲོ་བ་དང་། ཡང་མཚམས་རེར་མོ་རང་ཁང་པའི་ནང་ཕར་འགྲོ་ཚུར་འགྲོ་བྱེད་དུས་སོ་སོས་གོ་ཐུབ་ཙམ་གྱི་ཁེར་གཏམ་མང་པོ་ཞིག་ཆད་མེད་ལྟ་བུ་གནང་གི་འདུག

 

 

 

ཉིན་འགའི་རྗེས་ནས་ངས་ཁོང་མོར་རླུང་སྒོམ་གྱི་དབུགས་འཐེན་སྟངས་ཏོག་ཙམ་བསླབ་མོད། དེ་མོ་ཁྲག་ཤེད་འཁོས་སྙོམས་ཡོང་ཐབས་ཧ་ཅང་བཟང་པོ་ཞིག་ཡིན་པ་ངའི་ཉམས་མྱོང་ནས་ཤེས། མོས་ཀྱང་དེ་སྦྱོང་ངེས་ཀྱི་ཁེས་ལེན་ལྟ་བུ་གནང་སོང་། དེ་མིན་ང་རང་ཡང་ནང་པ་ཆུང་ངུ་ཞིག་ཡིན་པའི་ངོས་ནས་ཁོང་མོར་སེམས་རྒྱ་ཡངས་པོ་ཡོང་ཕྱིར་བྱེད་སྟངས་ཏོག་ཙམ་བཤད་མོད། འོན་ཀྱང་ང་རང་ཡང་མཚམས་རེར་སེམས་ནང་དྲན་གདུང་གིས་མནར་བའི་སྡུག་ངལ་དྲན་ཡོང་དུས་ངས་ཁོང་མོར་སེམས་རྒྱ་ཡངས་སྟངས་སྐོར་བཤད་ཁུལ་སྐབས་སོ་སོའི་ཁོག་ཏུ་གད་མོའང་ཤོར་གྱི་ཡོད།

 

དེ་འདྲ་ཡིན་ཡང་ངས་ཁོང་མོར་ཉུང་ཙམ་རེ་ཕན་ཕྱིར་མ་ཉལ་གོ་ཞོ་ཉུང་ཙམ་འཐུང་ཞིང་། གཞན་སྐྱུར་ཁུའི་རིགས་སྤྱོད་ལ་ཕན་ལུགས་ཀྱི་ཟས་སྤྱོད་སྐོར་ཉུང་ཙམ་རེ་དང་། དེ་མིན་འགྲོ་བ་སྲོག་ལྡན་རིགས་ཐ་དག་སྐྱེ་རྒ་ན་འཆི་ནས་ཐར་ལམ་དཀའ་མོ་ཡིན་ལུགས་ཀྱི་དོན་དངོས་དེ་ངོས་ཟིན་རྗེས། གཞི་ནས་སྐྱེ་བ་སྔ་ཕྱི་ངོས་ལེན་ན་ཚེ་འདིའི་ནང་བྱ་བཟང་སྤེལ་ནས་རྒྱུ་འབྲས་བསགས་ན་བཟང་པོའི་འབྲས་བུ་ནམ་ཞིག་ལ་ཐོན་ངེས་བཅས་བཤད་མོད། ངས་ཁོང་མོ་ཡེ་ཤུ་ཆོས་ལུགས་པ་ཡིན་པ་ཤེས་ཀྱི་ཡོད་བཞིན་དུ་ང་རང་གི་ཚེ་འདིའི་ནང་གི་དངོས་སུ་ཉམས་སུ་མྱོང་བ་དག་གཞིར་བཞག་གིས་རེ་འདུན་དང་བསམ་ཚུལ་དེ་དག་ཁོང་མོར་བཤད་དེ་ཉུང་མཐའ་ཡང་ཁོང་མོ་མཚན་མོར་གཉིས་སྐྱིད་པོ་རེ་ཁུག་པའི་རེ་བ་བྱེད་ཁུལ་ཡིན། 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།