ཁྱིམ་ཚང་གི་བདག་མོ།

images/stories/diem-4.jpg

 

 

 ཁྱིམ་ཚང་གི་བདག་མོ།

The housewife

家庭主婦

འདི་ནི་ང་ལས་ཀ་བྱེད་ཡུལ་བུ་མོ་ལོ་ཆུང་དབང་པོ་སྐྱོན་ཅན་དེའི་ཨ་མ་ལགས་རེད། མོ་རང་ཨོ་གླིང་རྒྱལ་ཁབ་ཀྱི་ཟུར་དུ་ཆགས་པའི་གྲོང་ཁྱེར་མཐའ་འཁོབ་དུ་འཚར་ལོང་བྱུང་བ་ཞིག་རེད་འདུག ངས་རྒྱུན་དུ་མཐོང་བསྡད་པ་ནི་ཁྱིམ་ཚང་འདིར་ཕ་མ་གཉིས་གཙོས་བུ་མོ་བཞི་དང་བུ་གཅིག་འདུག ངའི་ཞབས་ཞུ་བྱེད་ཡུལ་བུ་མོ་དེ་ནི་ཐ་ཆུང་ཡིན་ལ། མོ་ལ་གཅེན་མོ་གསུམ་དང་གཅེན་པོ་གཅིག་བཅས་འདུག བུ་མོ་ཆེ་བ་གཉིས་ནི་དུས་ཚོད་མང་ཆེར་ཕྱི་ལ་སོ་སོའི་བཟའ་ཟླ་མཉམ་དུ་སྡོད་ཀྱི་ཡོད་ཚོད། བུ་མོ་ཆེ་བ་དེའི་བུ་ཆུང་གོམ་བགྲོད་ཐུབ་ཙམ་ཞིག་ཡོད་པ་དེ་སྤོ་རྨོ་གཉིས་སར་བཅོལ་ནས་བཞག་གི་འདུག

དེའང་བུ་ཆུང་ལ་གཡོག་བྱ་ཡོངས་རྫོགས་སྤོ་རྨོ་གཉིས་ཀྱིས་བྱེད། བུ་མོ་འབྲིང་བ་དེ་དེང་སང་ཕྲུ་གུ་སྦྲུམས་པའི་དབང་གིས་ནང་གི་ཁང་མིག་ཅིག་ནང་ངལ་གསོའི་ཚུལ་གྱིས་བསྡད་ཅིང་དེང་ཁྱིམ་ཚང་འདིའི་ནང་ལ་ཕ་མ་གཉིས་དང་བུ་མོ་འབྲིང་བ་དང་ཆུང་བ་དབང་པོ་སྐྱོན་ཅན་འདི་དང་གཉིས། དེ་མིན་བུ་མོ་ཆེ་བའི་བུ་ཆུང་བཅས་རྒྱུན་དུ་སྡོད་མཁན་མི་ལྔ་ཙམ་འདུག

སྤྱིར་ན་འདིའང་སྒེར་ཁང་ཞིག་རེད་འདུག་པས་ངས་དང་པོར་ཁོ་ཚོའི་སྒེར་བདག་གི་ཁང་པ་མིན་འགྲོ་བསམ་ཡང་དེ་འདྲ་རེད་མི་འདུག་ལ། ཁོ་ཚོས་ཐོག་རྩེགས་གཅིག་ཅན་གྱི་སྒེར་ཁང་འདི་ཆ་ཚང་གླས་ནས་སྡོད་པ་ཞིག་རེད་འདུག ཁྱིམ་ཚང་འདིའི་ཆགས་ལུགས་ནི་གཙང་སྦྲ་དེ་ཙམ་མེད་ཅིང་ཅ་དངོས་རིགས་གང་སར་ཕར་གཡུགས་ཚུར་གཡུགས་བྱེད་པར་དགའ་ཞིང་། ཐབ་ཚང་དུ་རྒྱུན་དུ་འཁྲུ་རྒྱུར་བསྡད་པའི་ཟས་སྣོད་རིགས་ཡོད་ཡོད་པ་ལྟ་བུ་རེད། སྤྱིར་ན་ཁང་པའི་ནང་གསང་སྤྱོད་འཁྲུ་ཁང་ཚུད་ཁང་མིག་ཆེ་ཆུང་བདུན་ཙམ་འདུག་ཀྱང་མཐོང་སྣང་ལ་ཟང་ངེ་ཟིང་ངེ་ལྟ་བུ་རེད།

 

 

ཁྱིམ་ཚང་འདིའི་ནང་ངའི་ལས་ཀ་ནི་ཨ་མ་ལགས་ཀྱི་བུ་མོ་དབང་པོ་སྐྱོན་ཅན་དེར་རོགས་པ་བྱེད་སྟངས་ནི་མོ་རང་ཉལ་ས་ནས་ཡར་ལང་བཅུག་པ་དང་། དེ་ནས་གསང་སྤྱོད་དུ་པར་འཁྲིད་དེ་དེར་བསྡད་བཅུག་རྒྱུ། ཚར་སོང་ན་གཟུགས་པོ་འཁྲུ་རོགས་ཚར་རྗེས་མོའི་ཉལ་ཆས་གྱོན་ཆས་སོགས་ཁྲུ་འཁོར་དུ་ཁྲུས་ཚར་ཚར་བར་སྒུག་ནས་དེ་དག་ཕྱིར་ཉི་རར་སྐམ་དགོས། དུས་མཚུངས་སུ་བུ་མོ་འདིར་ཞོགས་ཟས་སྟབས་བདེ་རེ་གྲ་བསྒྲིགས་དང་། དེ་ནས་མོ་རང་སློབ་གྲྭར་འགྲོ་དུས་དགོས་ངེས་ཀྱི་དགུང་ཟས་དང་འཐུང་ཆུ། ཤིང་ཏོག་དང་བྲིས་དེབ་བཅས་གྲ་བསྒྲིགས་ཨང་གསར་བཞག་ནས་ལས་བྱེད་གཞན་གྱིས་མོ་རང་ཕྱིར་ལས་འགུལ་གཞན་གྱི་ཆེད་དུ་འཁྲིད་མ་ཚར་བར་སྒུག་ནས་བསྡད་རྒྱུ་དེ་འདྲ་རེད།

ཡིན་ཡང་ངས་རྒྱུན་དུ་དོ་སྣང་བྱས་འབྲས་སུ་ཡོངས་རྫོགས་ཟང་ཟིང་ལང་ལོང་ལྟ་བུའི་ཁྱིམ་ཚང་ཆེན་པོ་འདི་ལ་ས་གནས་རང་གི་ཁྱིམ་ཚང་མང་པོ་དང་མི་འདྲ་ཞིང་ངའི་ཡིད་རང་བའི་གནས་སྟངས་ཁག་ཅིག་སྣང་ཚུལ་བྱུང་བ་འདིར་བཀོད་འདོད་བྱུང་།

 

 

ཐོག་མར་བཤད་འདོད་པ་ནི་ཁྱིམ་ཚང་འདིའི་ཁྱིམ་བདག་མ་ནི་ཨ་མ་རྒྱགས་པ་ནག་ལུག་ཅིག་རེད། ཁོང་མོ་སྤྱིར་ན་སྐད་ཆ་མང་པོ་བཤད་མཁན་ཞིག་མིན་ཡང་། ངས་ལྟ་རྟོགས་བྱེད་ཡུལ་དབང་པོ་སྐྱོན་ཅན་གྱི་བུ་མོ་ཆུང་ངུ་དེར་མཚམས་རེར་ངར་ཤུགས་འདྲ་བཏོན་གྱི་འདུག འོན་ཀྱང་ཞིབ་ཏུ་བསམ་ན་གཞན་གྱི་ཉིན་ཞག་དུས་དྲུག་ཏུ་ལྟ་རྟོགས་འོག་འཚོ་དགོས་པ་དབང་པོ་སྐྱོན་ཅན་ཞིག་ལ་ལོ་ཟླ་འདི་ཙམ་གྱི་རིང་ལ་རོགས་ཕན་ཐུབ་པའང་གང་མིན་ཚད་ཡིན་པ་སུས་ཀྱང་ཤེས།

 

 

ངས་མཐོང་སྣང་ལ་དབང་པོ་སྐྱོན་ཅན་བུ་མོ་འདི་གཞན་གཅེན་མོ་གསུམ་དང་ཁྱོན་ནས་མི་འདྲ་བ་ལུས་བབས་ཅུང་སྐམ་ལ་རན་པ་ཞིག་རེད། དེ་མིན་མོའུ་གཅེན་མོ་གསུམ་ནི་གཅིག་ལས་གཅིག་གི་རྒྱགས་ལུག་མ་ཤ་སྟག་རེད་འདུག དེ་བས་གཞན་གྱི་རོགས་རམ་འོག་འཚོ་དགོས་པ་ཤེས་བཞིན་དུ་མོ་ལ་སྐྲ་ལོ་ཧ་ཅང་རིང་ལ་སྣག་ཅིག་སྣུམ་པ་ཡོད། ངས་མོའི་ཨ་མར་བུ་མོས་སོ་སོ་རང་མགོ་ཆ་ཚང་ཐོན་མི་ཐུབ་པའི་ཁར་སྐྲ་རིང་པོ་དེ་ནི་དགོས་མེད་ཅིག་ཡིན་པར་བཤད་མོད། འོན་ཀྱང་ཨ་མས་ཟེར་ན་མོའི་ཕ་ཡུལ་དུ་བུ་མོ་ལོ་ཆུང་ཚང་མས་སྐྲ་རིང་པོ་བཞག་སྲོལ་ཡོད་པ་དེ་དྲན་གསོ་ཡོང་ཐབས་ཡིན་པ་དང་། མོའི་གཅེན་མོ་གསུམ་གྱིས་ཀྱང་ང་ལ་གཅུང་མོའི་སྐྲ་མ་བྲེགས་ཨང་། ཨ་མ་ལགས་ཁྱེད་རང་གིས་གཅུང་མོ་ལ་རོགས་བྱེད་རྒྱུ་ལས་གཞན་ལས་ཀ་མེད་པས་གཅུང་མོའི་སྐྲ་བྲེགས་མི་ཆོག་ཟེར་བྱུང་བས་བྲེགས་མེད་ལ་སྤྱི་བཏང་ཆ་ནས་ང་རང་ཡང་ངའི་བུ་མོའི་སྐྲ་སྣག་ཅིང་རིང་པོ་འདིར་དགའ་པོ་ཡོད་ཟེར། ཁྱིམ་བདག་མས་མོའི་ཕྲུ་གུ་བུ་བུ་མོ་སུ་ཡིན་ཡང་སྐད་མགོ་དེ་ཙམ་མཐོ་རྒྱུ་མེད་པའི་ཉག་ཉོག་འདྲ་བཤད་རྒྱུར་དགའ་བ་ལས་སྐད་ཤུགས་ཆེན་པོས་རྩ་བ་ནས་མི་སྨྲ། དེ་མིན་མོས་ནང་གི་ལྟོ་ཟས་ཉུང་མཐའ་ཡང་དུས་གཉིས་ཙམ་གཡོ་བསྐོལ་བྱེད་ཅིང་སྡེར་མ་ཕོར་པ་འཁྲུ་བ། ཁང་པར་འཕྲུལ་ཆས་ཀྱིས་གད་ཕྱི་བཅས་སོགས་བྱེད་ཀྱི་ཡོད་བཟོ་འདུག

 

 

ཐེངས་ཤིག་ཁྱིམ་ནང་བུ་མོ་ཆེ་ཆུང་གསུམ་ཀ་འཛོམས་འདུག་ལ། དེ་མིན་ཁྱིམ་བདག་མའི་བུའི་ཕྲུ་གུ་བུ་ཆུང་གཉིས་དང་བུ་མོ་བཅས་གསུམ། དེ་མིན་ཨ་ཕ་ལགས་བཅས་མི་མང་པོ་དེ་དག་ལ་ཁྱིམ་བདག་མས་ཞོགས་ཟས་དྲ་རྒྱས་པོ་ཞིག་ཡིན་པ་གང་ཞིག་ལ་དུས་ཚུད་ཅུང་ཙམ་ནང་བཟོས་ཚར་བ་བྱས་སོང་། ངས་སོ་སོའི་ལས་བསྐལ་དུ་ཁོང་མོའི་དབང་པོ་སྐྱོན་ཅན་གྱི་བུ་མོ་ཆུང་བར་ཟུར་ནས་ཞོགས་ཟས་སྟབས་བདེ་བཟོས་ནས་ཚང་མ་མདུན་ཅོག་མཐའ་ནས་བསྐོར་ནས་བསྡད། ཕྲུ་གུ་ཆུང་ཆུང་ཚོས་སྐད་ཅོར་དང་མི་རྒན་པ་ཚོས་སྐད་མགོ་མཐོན་པོའི་ཁ་བརྡ། བརྙན་འཕྲིན་གྱི་སྒྲ་བཅས་ད་ཡིན་ན་ཁྲོམ་གཞུང་དཀྱིལ་དུ་སླེབས་སོང་ངོ་བསམ་པ་ཞིག་གི་འོག་ཏུ་ང་ནི་ཅུང་སུན་སྣང་འདྲ་བྱུང་། ཡིན་ཡང་ཁྱིམ་བདག་རྒྱགས་ལུག་མས་ངོ་ལ་འཛུམ་དང་བཅས་ཅིག་ཅིག་གཉིས་གཉིས་ལ་ཁ་ཡ་ངོ་དགའ་གནང་གི་ཡོད་པ་ལས་སུན་སྣང་སྤུ་ཙམ་མེད་པ་ངས་མཐོང་སོང་། ཁོང་མོའི་བྱེད་སྟངས་འདི་འདྲ་མཐོང་དུས་ངའི་ཕ་ཡུལ་གངས་ཅན་གྱི་ཞིང་དུ་ཡོད་པའི་ཕན་མ་སྤུན་མཆེད་དང་། ངའི་བརྩེ་ཆེན་གྱི་མ་ཡུམ་གྱི་ཞལ་རས་ཡིད་ལ་འཁོར་འཁོར་བྱས་བྱུང་། ཡང་ཐེངས་ཤིག་ཨ་མ་ཁྱིམ་བདག་མའི་སོ་ན་ནས་ཡ་སོ་གཉིས་བརྐོགས་བཞག་འདུག་པས་ཕ་ལགས་ཀྱིས་མོ་རང་ལ་ཞོགས་ཟས་བཟོ་རོགས་བྱས་སོང་། ངས་ཀྱང་ཨ་ཕ་ལགས་ལ་རོགས་པ་བྱས་ནས་ཞོགས་ཟས་བཟོས་པ་དང་། ཕོར་པ་ཉུང་ཙམ་རེ་འཁྲུ་རྒྱུ་བཞག་འདུག་པས་དེ་ངའི་ལས་ཀ་མིན་ཡང་ངས་ཆ་ཚང་འཁྲུས་བཞག་པ་ཡིན་ལ། བུ་ཆུང་དེ་སྤང་ཁར་བཀྱག་ནས་ལྟ་རོགས་དུས་ཡུན་ཙམ་ཡང་བྱས།

 

 

ཁང་པ་འདིའི་ནང་བུ་བུ་མོ་ཚང་མ་མཉམ་དུ་བསྡད་ཀྱི་མིན་ཚོད་ལ་གཟའ་མཇུག་ཏུ་མཉམ་དུ་འཛོམས་དུས་གཅུང་འདི་ཚོའང་མཚམས་རེར་ཕན་ཚུན་སྐད་སྒོ་ངར་མོས་གཤེ་རས་ལྟ་བུ་བྱེད་ཀྱང་དེ་མུར་ཡང་གད་མོ་ཤོར་བཞིན་ཞི་འཇགས་ཐུབ་སྟངས་ལྟ་བུ་ཞིག་རེད་ལ་འགལ་ཟླ་ཆེན་པོ་ཡོང་དོགས་རྩ་བ་ནས་མིན་འདུག དུས་འདིར་ངས་སོ་སོ་ཆུང་དུས་ཁྱིམ་དུ་མ་ཡུམ་གཙོས་ནང་མི་ལྷན་རྒྱས་མཉམ་འཛོམས་ཀྱི་དུས་དེ་དག་ཡིད་ལ་ཝ་ལེར་འཆར་ཞིང་མིག་ནང་མཆི་ཞག་ཀྱང་འགོག་མ་ཐུབ་པ་འཁོར་ཡོང་གི་ཡོད། ཡིན་ཡང་དེ་བས་ཁོ་རང་ཚོ་ཁྱིམ་བདག་ཨ་མ་དང་ཕ་ལགས་མཉམ་དུ་སྤྲོ་སྣང་ལྡན་པའི་སྒོ་ནས་མཉམ་འདུས་བྱས་པའི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པའི་བདེ་སྐྱིད་ཀྱི་དུས་ཡུན་ཡིན་ཡང་ཁོ་ཚོས་མྱོང་ཐུབ་པའི་རེ་སྨོན་འགོག་མེད་སྙིང་ནས་ཤོར་འགྲོ་གི་འདུག་ཁྱིམ་བདག་མ་ན་བཞིན་པའི་སྐབས་སུ་ཡིན་ཡང་ནང་མི་ཚོར་སེམས་འཕྲལ་བྱེད་ཀྱི་འདུག་ལ། མི་མང་པོ་མཉམ་འདུས་སྐབས་འདི་འདྲར་ཞི་བདེ་བག་འཕེལ་ངང་གནས་ཤིང་། མགོ་སེར་མང་པོས་སྒེར་སེམས་བཙན་པའི་དབང་གིས་དགའ་མོས་མེད་པའི་མཉམས་འདུས་དང་ཕན་ཚུན་རོགས་ཕན་གྱི་གནས་སྟངས་འདི་ནི་ཨོ་གླིང་གྲོང་འདིར་ཧ་ཅང་དགོས་མཁོ་ཅན་གྱི་བྱེད་སྟངས་ཅིག་ལ་ངས་ངོས་འཛིན་བྱེད་ཀྱི་ཡོད་།

 

མདོར་ན་ང་རང་དང་ཁྱོ་བོ་ངེད་གཉིས་ནི་ཕ་མ་སྤུན་མཆེད་དང་རྒྱུན་རིང་ཁ་བྲལ་ནས་མི་ཡུལ་རོ་འཁྱམ་མ་ཞིག་ཡིན་སྟབས་སེམས་རྩའི་གདུང་བ་དེས་ཟང་ཟིང་དང་ཉག་ཉོག་འདྲ་མཐོང་ཡང་ཁྱིམ་ཚང་ཆེན་པོ་འདི་ནི་གང་འདྲ་དྲོད་སྐྱིད་ལྡན་པ་ཞིག་རེད་ཨང་སྙམ་པ་བྱུང་བ་ནི་ཐེངས་གཅིག་མིན།

 

 

 

 

 

( བྲེལ་འཚུབ་དབང་གིས་ཞིབ་འབྲི་བྱེད་ཁོམ་མི་འདུག་པས་ཀློག་པ་པོའི་དྲུང་ནས་ཚུལ་བཞིན་གཤགས། )

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།