མགོ་སེར་རྒན་རྒོན་འདི་ཚོ།

images/stories/45/durer_-_bildnis_der_mutter.jpg༤།མགོ་སེར་རྒན་རྒོན་འདི་ཚོ།

Those aged foreigners

這些老洋人

 

རྒས་པོ་འདི་ནི་དེ་སྔོན་དམག་དཔོན་ཞིག་ཡིན་འདུག ཁོང་གི་སྒེར་ཁང་དེ་ནི་བྱས་རྗེས་ཅན་གྱི་དམག་མི་གཙོས་རྒས་འཁོག་རྣམས་ལ་ཞབས་ཞུ་སྒྲུབ་སའི་རྒས་གསོ་ཁང་ཆེན་པོ་ཞིག་ཏུ་ཡོད། ཁོང་གི་སྒེར་ཁང་དེ་ཁང་མིག་ཆེ་ཆུང་བཞི་ཡིས་གྲུབ་པའི་ཁམས་གཙང་གི་སྡོད་ཁང་ཞིག་རེད། དེའང་ཁོང་ནི་རྒྱུན་དུ་གཙང་སྦྲ་ལ་ཧ་ཅང་དང་དོད་གནང་མཁན་ཞིག་ཡིན་པའི་སྟབས་ཀྱིས་རེད།

 

ཁོང་གི་འཚོ་བའི་ཐོག་རོགས་སྐྱོར་རམ་ལྟ་རྟོགས་བྱེད་མཁན་ (Personal career) གུས་མོ་ཡིན་པ་ཕུད། ཁོང་གིས་བདུན་ཕྲག་གཅིག་ནང་ཁང་པ་གཙང་བཟོ་བྱེད་མཁན་ (house cleaner) གཞན་ཞིག་འབོད་ཀྱི་ཡོད་སྲོལ་འདུག་ལ། གུས་མོས་ཁོང་ལ་ཞབས་ཞུའི་ཆེད་དུ་ཆུ་ཚོད་གཉིས་ཙམ་གཏོང་གི་ཡོད་པ་རེད།

 

 

དེང་སང་ཁོང་གི་སྤྱན་གཉིས་ཡག་པོ་དེ་ཙམ་མེད་པའི་དབང་གིས་རྒྱུན་དུ་སྒེར་གྱི་འདོད་པ་བཞིན་ངས་ཉལ་ཆས་དང་གྱོན་ཆས་ལྟེབ་ཚིགས་རྒྱག་ཚར་སོང་ན་ཁོང་ལ་དེབ་ཀློག་རོགས་བྱས་ནས་ཆུ་ཚོད་གཉིས་ཙམ་དེར་བསྐྱེལ་ནས་ངའི་ལས་ཀའང་དེ་འདྲའི་སྒོ་ནས་ཚར་གྱི་ཡོད་པ་རེད།

མཚམས་རེར་ང་ཁོང་གི་སྒོ་ནས་ཡར་འཛུལ་མ་ཐག་ལམ་སེང་ཁོང་གིས་བྲེལ་འཚུབ་ཀྱིས་ཀློག་མཚམས་སུ་ཡོད་པའི་དེབ་དེ་འཁྱེར་ཡོང་ནས་ང་ལ་ཀློག་འཇུག་གི་ཡོད། གང་ཡིན་ཟེར་ན་ཁོང་གིས་དེབ་ཀློག་དུས་ངེས་པར་དུ་ཆེ་ཤེལ་ཇ་ཕོར་ཙམ་ཞིག་ལག་གིས་བཟུང་ནས་དེབ་ཀྱི་ཡི་གེ་ཆེ་རུ་བཏང་སྟེ་ཀློག་དགོས་པ་ལས་སྤྱི་བཏང་བའི་མི་ལྟར་ཀློག་ཐབས་མེད། འོན་ཀྱང་ངའི་ཨིན་སྐད་ཀྱི་སྒྲ་གདངས་དེ་ཙམ་ཡག་མིན་གྱིས་ཁོང་གིས་ཡང་ནས་ཡང་དུ་ལེགས་བཅོས་ཀྱང་གནང་གི་ཡོད་ལ་དེས་ངའི་སྐད་གདངས་ཡག་ཏུ་སོང་ཡོད་པའི་རེ་བའང་བྱས་ཡོད། ཡིན་ཡང་ངས་དེབ་ཀྱི་ནང་དོན་ཁྱོན་ནས་ཧ་གོ་མི་ཐུབ་ཀྱང་མུ་མཐུད་ཁོང་གི་ཆེད་དུ་ནེ་ཙོས་ཆོས་འདོན་ལྟ་བུ་བྱེད་རྒྱུ་ལས་དེའི་ནང་དོན་སོགས་འདྲི་ཁོམ་དེ་ཙམ་མེད། གལ་ཏེ་ངའི་ལས་མཚམས་རྫོགས་ཚར་ནས་ཁོང་ལ་དེའི་ནང་དོན་དྲིས་ན་ཁོང་གིས་ཞིབ་ཏུ་འགྲེལ་བཤད་རྒྱག་གནང་གི་ཡོད་པ་མ་ཟད། ཁོང་གིས་ང་ལས་ཡོལ་རྗེས་སུའང་ཁོང་དང་ཁ་བརྡ་བྱ་རྒྱུར་དགའ་པོ་གནང་གི་ཡོད། ཡིན་ཡང་ངའང་ལྷོད་སྡོད་བྱེད་ཁོམ་མེད་རྐྱེན་དུས་ཚོད་མང་པོ་བཏང་ཐུབ་ཀྱི་མེད།

 

 

དེ་མིན་ཁོང་གིས་གསུངས་པ་ལྟར་ན་ཁོང་གི་ཕ་ལགས་དང་སྤོ་བོའང་དམག་ནང་བཞུགས་ནས་རྒྱལ་ཁབ་སྲུང་སྐྱོར་བྱས་མྱོང་བ་དང་། སྤོ་བོ་ལ་ཆ་བཞག་ན་རྒྱལ་ཁབ་རིམ་པའི་གཟེངས་རྟགས་ཆེན་པོ་ཐོབ་མྱོང་ཞིང་མང་པོས་གོང་བཀུར་ཐོབ་མཁན་གྱི་དམག་དཔོན་ཞིག་རེད་འདུག དེའི་རྗེས་སུ་ཕ་ཤུལ་བུ་འཛིན་གྱིས་ཕ་ལགས་ཀྱང་དམག་ནང་བཞུགས་ནས་གཡུལ་འཐབ་འགྱེད་མྱོང་བ་མ་ཟད། ཁོང་ཡང་གཞོན་ནུའི་དུས་ནས་དམག་ནང་བཞུགས་འདུག་ལ་ཁྱིམ་ཚང་འདིའི་མི་རྒྱུད་གསུམ་ཏག་ཏག་དམག་མིའི་འཚོ་བ་ཆོད་པར་བྱས་འདུག ཁོང་གིས་སོ་སོར་སྤོབས་པ་འོས་པའི་ཁྱིམ་རྒྱུད་གཟི་བརྗིད་ལྡན་པ་ཞིག་ཏུ་རློམ་རྒྱུར་དགའ་པོ་རེད། ཕ་རྒྱུད་ཀྱི་གནས་ཚུལ་བཤད་ཡོང་དུས་ག་དུས་ཡིན་ཡང་དམག་དཔོན་ངོ་མ་ཞིག་གི་སྣང་བ་འདྲ་ཤར་གྱི་ཡོད་པའི་རྣམ་འགྱུར་ལའང་ཡིད་གཟབ་ཆེ་མདོག་དང་། ཚིག་ཉུང་ཞིང་དུམ་མཚམས་གསལ་བ། དེའང་རེད་དང་མ་རེད་ཅེས་པའི་ཚིག་ཐག་ཆོད་པོ་བེད་སྤྱོད་མང་ཙམ་གནང་གི་རེད།

 

 

 

དེ་མིན་ཁོང་གིས་སོ་སོའི་བཟའ་ཟླའི་སྐོར་ག་དུས་ཡིན་ཡང་ཉུང་ཙམ་ལས་མི་བཤད་ལ། དེའང་གདོང་ནས་དེའི་སྐོར་བཤད་འདོད་མེད་པའི་རྣམ་འགྱུར་ནི་ཁོང་ཁྲོ་དང་སུན་སྣང་ལྟ་བུ་ཞིག་སྟོན་གྱི་རེད། ཡིན་ཡང་དེ་སྔོན་ཁོང་གིས་བཟའ་ཟླའི་སྐོར་ང་ལ་ཟུར་ཙམ་བཤད་མྱོང་བ་ནི་ཁོང་དམག་ནང་ཛ་དྲག་ཆེན་པོ་ཡོད་པའི་སྐབས་སུ་ཐེངས་ཤིག་ཕྱིར་ལོག་དུས་ཁོང་གི་བཟའ་ཟླས་མི་གཞན་དང་འབྲེལ་བ་ཡོད་ལུགས་ཐོས་འདུག འོན་ཀྱང་ཁོང་དེ་ཙམ་ཡིད་ཆེས་མེད་པར་མུ་མཐུད་བཟའ་ཟླ་དང་འཚོ་བ་བསྐྱེལ་འདོད་ཀྱང་བཟའ་ཟླ་མོས་ཁོང་དང་ཁ་བྲལ་དགོས་པའི་རེ་འདུན་ཐོག་མར་བཏོན་འདུག ཁོང་ཧ་ཅང་བློ་ཕམ་དང་བཅས་ལམ་སེང་དེར་མོས་མཐུན་གྱིས་བཟའ་ཟླ་མོ་ལ་སོ་སོར་ཡོད་པའི་དངུལ་ཚང་མའམ་ཨོ་སྒོར་འབུམ་ཁ་ཤས་ཙམ་སྤྲད་འདུག་པར་བཟའ་ཟླ་མོས་ད་ལྟ་ཡིན་ཡང་ཁོང་ལ་བཀའ་དྲིན་ཆེན་པོ་ཡིན་ལུགས་ཀྱི་དྲིན་གསོ་བྱེད་ཀྱི་ཡོད་རེད་ཟེར། ཡིན་ཡང་ཁོང་དུས་དེ་ནས་བཟུང་བུད་མེད་ལ་ཞེ་མེར་ཞིང་སླར་ཡང་བཟའ་ཚང་བསྒྲིགས་པའི་འདོད་པ་ཁྱོན་ནས་མེད་པ་ཆག་ཅིང་། དེ་སྔོན་ཡང་བཟའ་ཟླ་མོ་དང་མཉམ་དུ་ཕྲུ་གུ་མ་བྱུང་བར་བརྟེན། ད་ལྟའི་ཆར་ཁོང་ལ་བུ་རྒྱུད་གཅིག་ཀྱང་མེད་པ་རེད་འདུག འདིའི་སྐོར་བཤད་ཡོང་དུས་ཁོང་གིས་ང་ཐོག་མར་ཁོང་གི་ཁང་པར་སླེབས་དུས་ཁྱོད་ཀྱིས་ཆུ་ཚོད་གཉིས་ནང་ངའི་ཉལ་ཆས་རྣམས་གཙང་སྦྲ་དོད་པོར་བཞག་དགོས་པ་དང་། ངའི་གྱོན་ཆས་རྣམས་སྟེབས་ཆག་རྒྱག་དགོས། དེ་མིན་གཞན་ངས་ཁྱོད་ལ་ད་དུང་ལས་ཀ་གཞན་ག་རེ་མངགས་དགོས་མིན་ལྟ་ནས་བཤད་ཆོག་ཅེས་གསུངས་ཚར་རྗེས་ང་ལ་གྱོན་ཆས་བླུགས་སྣོད་དང་ཉལ་ཁང་མིག་སྟོབ་བྱེད་པ་ལས་གཞན་གདོང་ལ་རྣམ་འགྱུར་ཡག་མདོག་ལྟ་བུ་ཟུར་ཙམ་ཡང་མི་འདུག་པས་སྐབས་དེར་ངའང་ཏོག་ཙམ་དོགས་མི་བདེ་བ་འདྲ་བྱུང་མྱོང་བ་དེ་ད་ལྟའང་དྲན་སོས་ཀྱི་འདུག

 

 

དེ་མིན་ཁོང་ལ་ད་ལྟའི་ཆར་སེམས་ཁམས་ལ་ལྟ་རྟོགས་བྱེད་མཁན་ཟེར་ནའང་ཆོག་དེ་ནི་ཁོང་གི་གཅུང་མོ་ཁོ་ན་ཡིན་ལ། ཁོང་གིས་གསུངས་གསལ་ལྟར་ན་འཇིག་རྟེན་འདིའི་ཐོག་སོ་སོའི་ཁྲག་དང་རྒྱུད་ནས་ཆད་པའི་ཁྱིམ་མི་ལས་ལྷག་པའི་མི་ཞིག་མེད་ལུགས་ལ་ཡིད་ཆེད་ཧ་ཅང་བརྟེན་པོ་ཡོད་མཁན་ཡིན་ཟེར། ཁོང་གིས་སྐྱེས་ཕོ་མོ་སུ་ཡིན་རུང་མང་པོས་གཙོ་བོ་ཕ་རོལ་པོའི་ལེགས་ཆའམ་དངུལ་དངོས་དཔལ་འབྱོར་སོགས་སོ་སོར་ཁེ་བཟང་རག་ཐབས་གཙོ་འདོན་དང་། དེ་བས་སྒེར་གྱི་འདོད་དོན་སྒྲུབ་ཐབས་ལ་འབད་པ་ལས་ཁྱོད་ལ་སེམས་གཏིང་ནས་དགའ་ཞེན་དང་མི་ཚེ་མཐའ་འཁྱོལ་བྱེད་མཁན་ཧ་ཅང་དཀོན་པོ་རེད། དེ་འདྲའི་མི་དང་ཐུག་ན་ག་དུས་ཡིན་ཡང་རྒྱང་རིང་དུ་སྡོད་རྒྱུ་ལས་དེ་དག་དང་འབྲེལ་བ་བྱས་ན་སོ་སོས་སྡུག་གྱོང་ཉོས་པ་རེད། དེ་བས་ང་ཚོའི་རིགས་ཀྱིས་གཙོ་བོ་དགའ་རོགས་བསྒྲིག་དུས་སྒེར་གྱི་ཚོར་བའི་འདུ་ཤེས་ལ་བརྟེན་ནས་དགའ་རོགས་དང་བཟའ་ཟླ་བསྒྲིག་རྒྱུ་དེ་ནི་དར་སྲོལ་ལྟར་ཡིན་པས་དེ་རྗེས་ཕྲུ་གུ་གཉིས་གསུམ་ལས་མང་བའི་ཁྱོ་ཤུག་གཉིས་ཀྱང་སོ་སོའི་འདོད་མོས་ལ་མ་བྱུང་ན་ཁ་བྲལ་རྒྱུར་འཁོན་ཐོགས་དེ་ཙམ་བྱེད་ཀྱི་མ་རེད་ཟེར་བྱུང་བས་ངའི་སེམས་ཀྱང་སྐྱོ་ལྷང་ལྷང་འདྲ་བཟོས་སོང་། འོན་ཀྱང་ཁོང་ནི་ཡེ་ཤུ་ཆོས་ལུགས་པ་ཞིག་ཡིན་པས་ཆོས་དཔེའི་ནང་བཟའ་ཟླ་ཁ་བྲལ་ལ་འཛེམས་ཟོན་བྱེད་ཀྱི་ཡོད་པ་ལས་ལས་སྟབས་བདེའི་སྒོ་ནས་ཁ་བྲལ་བྱེད་རྒྱུ་མེད་ལུགས་འཁོད་ཡོད་པ་རེད་ཀྱང་ཟེར།

 

 

དམག་གི་སྐོར་བཤད་ཡོང་དུས་ཁོང་གིས་ག་དུས་ཡིན་ཡང་ཁོང་གི་གཟི་བརྗིད་ལྡན་པའི་ཁྱིམ་རྒྱུད་ཀྱི་ཆེ་བ་དེ་དག་ཡང་ནས་བསྐྱར་དུ་གླེང་རྒྱུར་དགའ་པོ་ཡོད་པ་རེད། ཁོང་གིས་དམག་འཐབ་སྐོར་མང་ཙམ་བཤད་བྱུང་མོད། ང་རང་སྒེར་ངོས་ནས་དེ་དག་ལ་དོ་དབྱིངས་དེ་ཙམ་མེད་རྐྱེན་འདིར་ཞིབ་ཏུ་བཀོད་འདོད་མ་བྱུང་།

 

 

དེ་མིན་ངས་ཁོང་ནི་ཁ་ཆེ་ཆོས་ལུགས་ལ་ཧ་ཅང་སྡང་མཁན་ཞིག་ཡིན་པ་ཤེས་ཀྱི་ཡོད། གང་ཡིན་ཟེར་ན། ཁོང་གིས་གལ་ཏེ་ཁ་ཆེ་ཆོས་ལུགས་དང་འབྲེལ་བའི་བརྗོད་གཞི་གླེང་འོང་དུས་ག་དུས་ཡིན་ཡང་ཁ་ཆེ་ཚང་མ་གཙང་མ་བྱེད་དེ་གསོད་དགོས་རེད། བུ་རྒྱུད་ཚ་རྒྱུད་ནས་གཙང་མ་བཟོ་དགོས་ཀྱི་རེད། དེ་དག་ནི་མིའི་གྲལ་དུའང་ཚུད་ཀྱི་མ་རེད། དེ་དག་ནི་དུད་འགྲོ་ལས་ལོད་པའི་སྲོག་ལྡན་གྱི་ཚོགས་ཤིག་རེད་སོགས་བཤད་ཡོང་དུས་ང་རང་ཁོང་གི་སྐད་ཆ་དེ་དག་ལ་ཧོན་འཐོར་གྱི་ཡོད་ལ། ངས་མཚམས་རེར་ཁོང་གི་རྣམ་འགྱུར་ལ་དཔྱོད་དེ་ཁ་ཆེ་ཚང་མ་སྡུག་ཆག་ཡིན་གྱི་མ་རེད་ཙམ་ཟུར་ཙམ་གླེང་དུས་ནས་ཁོང་གིས་དེ་མུར་ངའི་སྐད་ཆ་མཚགས་གཅོད་དེ་སྐད་མགོ་མཐོན་པོས་ཁོ་ཚོ་མི་མ་རེད། དེ་ཚོ་མི་མ་རེད། ཟེར་ནས་འབོད་ཀྱི་ཡོད་དུས་ངས་ཁོང་གིས་ང་ལ་ཐེངས་ཤིག་རྣམ་འགྱུར་རྩུབ་པོ་བཏོན་པའི་སྐོར་ཡིད་ལ་འཆར་བྱུང་། དེའང་གནས་ཚུལ་ཅི་ཡིན་ཆ་མི་འཚལ། ང་ཁོང་གི་སྒོ་ཁ་ནས་ཡར་འཛུལ་མ་ཐག་ངོ་ནག་པོར་རྒས་གཉེར་བསྡུས་ནས་བསྡད་འདུག་པར་ངས་ཁྱེད་རང་ག་རེ་གནང་སོང་ངམ་ཞེས་དྲིས་པར་ཁོང་གིས་དེར་ཇུས་གཏོགས་མ་བྱོས། སོ་སོའི་ལས་དོན་བསྒྲུབ་ཤོག་ཟེར་བྱུང་བར་ངའང་ཁ་བཙུམ་ནས་མི་སྡོད་རང་སྡོད་རེད།

 

 

ངས་ཉལ་ཁྲིར་རས་གཡོག་ཅིང་གྱོན་གོས་སྟེབས་བརྩེགས་རྒྱག་ཚར་དུས་ད་དུང་དུས་ཚོད་ཏོག་ཙམ་འདུག ངས་དེབ་ཀློག་དགོས་རེད་དམ། ཞེས་དྲིས་པར་ཁོང་དེ་མུར་ཕྲུ་གུ་ཆུང་ངུ་ཞིག་དང་འདྲ་བར་འོ་རེད། འོ་རེད། ཐུགས་རྗེ་ཆེ། ངེད་གཉིས་ཀློག་མཚམས་དེ་ཤོག་གྲངས་བརྒྱ་དང་ཉི་ཤུར་ཡིན། ཞེས་དང་། ཡང་ངས་ཁོང་གི་རྣམ་འགྱུར་མ་མཐོང་མདོག་གིས་རྐུབ་སྟེགས་ཐོག་བསྡད་ཚར་དུས་ཁོང་ཡང་མདུན་དུ་མར་བསྡད་དེ་བྱིས་པ་ནང་བཞིན་དེ་སྔོན་ངས་ཁྱེད་ལ་རྣམ་འགྱུར་སྡུག་ཆག་བཏོན་ཤོར་སོང་བར་དགོངས་དག་ཞུ་གི་ཡིན། ཞེས་གསུངས་བྱུང་བས་ང་དེ་མུར་གད་མོ་ཤོར་སོང་བས་ཁོང་ཡང་དུས་བསྟུན་ཧ་ཅང་དགའ་ཚོར་གྱིས་དགོད་མོ་མཉམ་དུ་དུས་ཡུན་ཤོར་རྗེས་ངས་སྔ་སྲོལ་བཞིན་ཁོང་ལ་དེབ་ཀློག་འགོ་བརྩམས་པ་ཡིན། 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།