༣། མགོ་སེར་རྒན་རྒོན་འདི་ཚོ།

images/stories/45/durer_-_bildnis_der_mutter.jpg༣། མགོ་སེར་རྒན་རྒོན་འདི་ཚོ།

Those aged foreigners 

這些老洋人

 

འདི་ནི་ངའི་ལས་ཀ་བྱེད་ཡུལ་ལམ་ཆུ་ཚོད་རེར་དངུལ་མང་ཙམ་ལེན་སའི་རྒས་མོ་ཞིག་རེད་ལ། ཁོང་མོ་ནི་སེམས་ཁམས་ལའང་བདེ་ཐང་དེ་ཙམ་མེད་པའི་རང་ལོ་དྲུག་ཅུ་བརྒལ་ཟིན་པའི་ཀླད་སྐྱོན་ཏོག་ཙམ་ཡོད་མཁན་ཞིག་ཡིན་པ་དང་། སོ་སོར་ཐོག་རྩེགས་སུ་སྒེར་ཁང་ཁང་མིག་ཆེ་ཆུང་ལྔ་དང་ཉི་ར་བཅས་ཡོད་པ་ཞིག་རེད།

 

སྤྱིར་ན་ཨོ་གླིང་རྒྱལ་ཁབ་འདིའི་ནང་ལུས་སེམས་གཉིས་ཀྱི་དབང་པོ་སྐྱོན་ཅན་རིགས་ཀྱི་གྲངས་ཀ་ནི་མི་ཡོངས་ཀྱི་བསྡོམས་འབོར་གྱི་བརྒྱ་ཆ་ས་ཡ་ ༤།༡ ཙམ་ཟིན་གྱི་ཡོད་པ་རེད་འདུག་ལ། དེའི་ནང་ལུས་སེམས་གཉིས་ཀྱི་སྐྱོན་ཅན་དང་། སྙིང་ནད་སོགས་ནད་རིགས་ཀྱིས་རྐྱེན་པའི་རིག་པར་གནོད་སྐྱོན་ཡོད་མཁན། དེ་མིན་སྤྱི་བཏང་ཆ་ནས་བཤད་ན་ང་ཚོའི་མིག་ནང་གི་ཐང་ཐང་ཡིན་ཤག་བྱེད་པའི་རིགས་ལའང་ཞིབ་ཏུ་དཔྱད་ན་མང་ཉུང་དང་ཕྱིར་མངོན་གསལ་དོད་མིན་གྱི་ཁྱད་པར་ལས་སྐྱོན་ཅན་ཡིན་འདུག་ལ། དམིགས་བསལ་དུ་ངའི་ཞབས་ཞུ་སྒྲུབ་ཡུལ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་རན་ཙམ་གཞན་ཞིག་གི་འགན་འཛིན་མས་མོ་རང་ལའང་མཚམས་རེར་རིག་པར་གཉའ་གནོན་ཐེབས་པའི་ན་ཚའི་རིགས་ཉུང་ཙམ་ཡོད་པ་རེད་ཅེས་བཤད་བྱུང་ཡང་མོ་ནི་དེ་སྔོན་ང་ཚོའི་སེམས་སུ་མི་བདེ་ཐང་ཡིན་བསམ་པ་ཚོ་ལའང་སྣ་ཚོགས་ནད་གཞི་འདི་འདྲ་ཡོད་པར་སེམས་ཟུར་ལའང་བསམ་བློ་གཏོང་མྱོང་མེད་པ་དེ་རེད། འགན་འཛིན་ལགས་ཀྱིས་ན་ཚ་དེའི་རིགས་ནི་ཕལ་པའི་མིག་ནང་ཧ་ཅང་ཆུང་ཙག་ཡིན་བསམ་སྲིད་ཀྱང་དེ་ནི་མང་པོར་ཡོད་པ་ཞིག་ཡིན། གཙོ་བོ་ན་ཚ་དེའི་རིགས་ཀྱིས་སོ་སོའི་ལས་དོན་དང་སེམས་ཁམས་ལ་གནོད་མི་བྱེད་པ་ཞིག་དགོས། དཔེར་ན་ང་ལྟ་བུར་མཚོན་ན་ལས་དོན་སྒྲུབ་བཞིན་པའི་སྒང་ངའི་རིག་པ་དྭངས་གསལ་མེད་པ་ལྟ་བུ་སྐར་ཆ་བཅུ་གྲངས་ཙམ་བསྡད་ཀྱི་ཡོད། འོན་ཀྱང་ཁྱོད་ཀྱིས་སོ་སོའི་ན་ཚ་ངོས་ཟིན་ནས་དེར་བཅོས་ཐབས་སམ་གཡོལ་ཐབས་བྱེད་དེ་ལས་དོན་ལ་སྐྱོན་མི་བཟོ་བ་ཞིག་དགོས་ཀྱི་ཡོད་པ་རེད་སོགས་གསུངས་བྱུང་།

 

 

 

ད་བརྗོད་གཞི་གཙོ་བོ་རྒས་མོ་འདི་ནི་བསམ་བློ་ཐང་པོ་དེ་ཙམ་མེད་པ་ཙམ་མིན་པར་ཁོང་མོ་ནི་ཧ་ཅང་རྒྱགས་ལུག་མ་ཞིག་རེད་ལ། གཟུགས་རིང་ལ་ཤ་རྒྱགས་པ་དེ་སྤྱི་བཏང་གི་སྒོའི་ནང་ཐར་ཙམ་འདྲ་ཡོད། མོ་རང་རྒྱུན་གཏན་དུ་རྐུབ་སྟེགས་ཐོག་བསྡད་བཞག་པ་ལས་དུས་ཡུན་མང་པོར་ལང་ཐུབ་ཀྱི་མེད། ང་དང་ལས་རོགས་གཉིས་ཀྱིས་མོའི་རྐང་པར་འབུར་ཐོ་ཡོད་སར་སྨན་སྣུམ་བྱུགས་རྒྱུ་དང་། མཚམས་རེར་མོ་རང་ལ་གཟུགས་པོ་འཁྲུ་རོགས་བྱེད་དགོས། དེའང་གཟུགས་པོ་འཁྲུ་དུས་ཧ་ཅང་དཀའ་ངལ་ཅན་དེ་འདྲ་མིན་པར་མོ་རང་གིས་ཆུ་སྦུགས་ཀྱི་རྩེར་འཇུས་ནས་ཆུ་མགོའི་ཐོག་ནས་མར་བཤལ་ཐུབ་ཀྱི་ཡོད་ཀྱང་མགོ་བོ་སྒུར་ནས་ལུས་སྨད་ལ་ལག་པས་རེག་ཐུབ་ཀྱི་མེད། སྐབས་དེར་ང་དང་ལས་རོགས་གཉིས་ནས་གྱོན་གོས་བརྗེས་ཤིང་འགྱིག་གི་ལག་ཤུབ་གྱོན་ནས་མོའི་ལུས་སྨད་ལའང་ཆུ་བཤལ་གཏོང་ཐུབ་པར་རོགས་རམ་དགོས་པ་མ་ཟད། སྐྲའང་འཁྲུ་རོགས་བྱེད་དགོས་ཀྱི་ཡོད་པ་དང་། རྐང་པར་སྨན་བྱུག་པ་དང་གཟུགས་པོ་འཁྲུ་རོགས་བྱེད་པའི་སྐབས་སུ་མཚམས་རེར་མོས་ཆུ་མངར་མོ་དང་ཟས་ཙག་ཙིག་རིགས་ཟ་རྒྱུ་དགོས་འདུན་བཏོན་སྲིད་ཀྱང་། ལས་རོགས་ངེད་གཉིས་ཀྱིས་མོ་ལ་འཐུང་བྱའི་རིགས་མཁོ་སྤྲོད་ཆོག་པ་ལས་གཟུགས་པོ་འཁྲུ་སའི་འཁྲུས་ཁང་དུ་ཁོང་མོར་ཉན་ནས་ཟས་རིགས་རྩ་བ་ནས་སྤྲོད་ཆོག་གི་མེད་པ་རེད། ཐོག་མར་ལས་རོགས་ངེད་གཉིས་ནས་མོ་རང་རྐུབ་སྟེགས་ཐོག་མར་བསྡད་བཅུག་ནས་གྱོན་གོས་ཕུད་དེ་འཁྲུས་ཁང་དུ་བསྐྱེལ་རྒྱུ་དང་། སླར་འཁྲུས་ཁང་དུའང་རྐུབ་སྟེགས་ཐོག་བསྡད་དེ་ངེད་གཉིས་ཀྱིས་ལག་ཤུབ་གྱོན་ནས་མོའི་སྐྲར་འདག་རྫས་དང་གཟུགས་པོར་འདག་རྫས་བྱུག་ནས་ཅུང་འཕུར་གཉེར་བྱེད་ཚར་རྗེས་མོ་རང་ཡར་ལང་བཅུག་ཏེ་འཁྲུས་ཁང་དུ་ལང་ནས་སོ་སོས་མགོ་ནས་མཇུག་བར་ཆུ་བཤལ་གཏོང་འཇུག་རྒྱུ་དེ་འདྲ་རེད། དེ་ཚར་སོང་ན་སླར་དེ་མུར་རྐུབ་སྟེགས་ཐོག་མར་བསྡད་དེ་འཁྲུལ་ཆས་མགོའི་སྐྲ་རྐམ་པོར་བཟོས་ཏེ་ཉལ་ཁང་དུ་འཁྲིད་སོང་ནས་གྱོན་གོས་གཡོག་རོགས་དགོས། 

 

 

དེ་ནི་ལས་རོགས་ངེད་གཉིས་ཀྱི་ཆུ་ཚོད་འགའི་ལས་ཀའི་རྒྱུད་རིམ་གཙོ་བོ་དེ་འདྲ་ཞིག་རེད།

 

 

རྒས་མོ་འདི་སོ་སོའི་སྒེར་ཁང་དུ་བསྡད་ཀྱི་ཡོད་ཀྱང་རྒྱུན་དུ་བཤད་པའི་སྐད་ཆའི་ཐོག་ནས་ད་ཆ་མོ་ལ་ཨ་མ་དང་གཅེན་པོ་ཞིག་ཡོད་བཟོ་འདུག ངའི་ལས་ཀའི་ངོ་བོ་ཐོག་ནས་བྱས་ན་ཁ་བརྡའི་ནང་འཛེམ་བྱའི་རིགས་ཏེ་ཞབས་ཕྱི་ཞུ་ཡུལ་གྱི་གང་ཟག་དེའི་ཁྱིམ་ཚང་གི་རྒྱབ་ལྗོངས། དངུལ་ཁང་གི་མ་རྩ། དངུལ་ཕོག་ཡོད་མེད་དམ་ཇི་ཙམ་ཡོད་མེད། བཟའ་ཟླ་ཤི་གསོན་ཇི་ཡིན་སོགས་འདྲི་མི་ཆོག་པ་ཡིན་ཡང་སྐད་ཆ་དེ་དག་ནི་མོ་རང་སོ་སོས་ངེད་གཉིས་ལ་བཤད་བཞག་པའི་གནས་སྟངས་ལོག་ཀ་ཆག་ཡོད། མོས་མཚམས་རེར་ཅུང་གཟུགས་པོ་འཁྲུས་ཚར་ནས་ངས་མོའི་ངོ་ལ་མཛེས་མཚོན་ཏོག་ཙམ་བྱུག་དགོས་པའི་རེ་འདུན་བཏོན་གྱི་ཡོད། ངས་དེ་སྔོན་ནས་ངོ་གདོང་གི་མཛེས་རྩལ་སོགས་གང་ཡང་ཤེས་ཀྱི་མེད་ལ། དེ་སྔོན་བུད་མེད་ཅིག་ཡིན་པའི་ངོས་ནས་ལག་ཏུ་ག་རེ་ཐེབས་བྱུང་ན་དེ་དག་ངོ་ལ་བྱུག་ནས་ཏོག་ཙམ་བེད་སྤྱོད་པའི་ཁུལ་ལས་གོ་རིམ་དང་ཞིབ་ཆ་ཏིལ་ཙམ་ཡང་ཤེས་ཀྱི་མེད་ཟེར་ན་འགྲིག་གི་ཡོད། འོན་ཀྱང་སྦྱིན་བདག་མ་འདིས་ང་ལ་ཐོག་མར་མོའི་ངོ་གདོང་ཐོག་གི་བ་སྤུ་རྩིང་ཙམ་རྣམས་འདམ་རྫས་ཀྱིས་བསྐོག་བཅུག་པ་དང་། དེ་ནས་ངོར་ཞག་རྩི་བྱུག་རྫས་སྤྱོད་རྗེས་གཞི་ནས་མིག་དང་མཆུ་ཏོར་མཚོན་བྱུགས་བཅུག་གི་ཡོད། མོས་ག་དུས་ཡིན་ཡང་ངས་མོའི་ངོ་ལ་མཛེས་ཆོས་བྱུག་དགོས་པ་བཤད་ཀྱི་ཡོད།

 

 

 ཐོག་མའི་སྐབས་སུ་ངས་མོའི་མིག་རྫིར་ཆུ་ནག་པོ་ཡོད་པའི་སྨྱུ་གུས་དེས་སྤྱོད་པས་གཟབ་གཟབ་མ་བྱས་པར་མིག་དོམ་ཁྲའི་མིག་ཟོལ་འདྲ་བཟོས་ཤོར་བས་དེ་མུར་ཤོག་བུ་གཙང་མ་ལེན་ནས་གཙང་བཟོ་བྱས་ཁུལ་ཡང་ལེགས་པོ་མ་བྱུང་རྐྱེན་མཇུག་ཏུ་མོས་ཤེལ་སྒོར་ལྟ་དུས་ཧ་ལས་ནས་སྐད་ཆེན་པོ་རྒྱགས་ནས་ང་དང་ལས་རོགས་གཉིས་དུས་ཡུན་ཅི་དགོས་མི་ཤེས་པའང་བཟོས། ཧཧཧཧ ཡིན་ཡང་མོ་རང་ནི་སེམས་པ་ཐང་ཐང་མེད་པའི་རྒས་མོ་ཞིག་ཡིན་སྟབས་ང་དང་ལས་རོགས་གཉིས་ཀྱིས་མོའི་ཚོར་བ་འཕར་ཡོང་དུས་གང་ཐུབ་ཚོར་བ་འཇགས་ཐབས་དང་རང་ཚུགས་སུ་བསྡད་ཐབས་སྤེལ་བ་ལས་གཞན་ཐབས་ཤེས་མེད་པ་ལྟ་བུ་རེད། ཐེངས་ཤིག་ང་དང་ལས་རོགས་གཞོན་ནུ་མ་གཉིས་ཀྱིས་མོར་གཟུགས་པོ་འཁྲུ་བར་རོགས་རམ་བྱེད་དུས་མོས་ལག་པ་གཉིས་ཡར་བཀྱག་རོགས་མ་བྱེད་པར་ངེད་གཉིས་ནས་ཅི་བྱས་སོང་ངན་ལྟ་བྱེད་ཀྱི་འདུག་མོད། ངའི་ལས་རོགས་གཞོན་ནུ་མ་དེ་ནི་ཧ་ཅང་ལོ་ཆུང་ཞིག་དང་དབང་པོ་སྐྱོན་ཅན་ལ་རོགས་རམ་གྱི་ལས་ཀ་འདི་བྱས་ནས་དུས་ཡུན་མང་པོར་སོང་མེད་པ་ཞིག་ཡིན་རྐྱེན་ག་དུས་ཡིན་ཡང་འདར་སིག་སིག་འདྲ་བྱེད་དེ་མཚམས་རེར་ང་ལའང་ཤུགས་རྐྱེན་ཐེབས་གྲབས་བྱེད་ཀྱི་འདུག སྐབས་དེར་ངའང་རླུང་ཧ་ཅང་ལང་ནས་སྔོན་དང་མི་འདྲ་བར་སྐད་ཤུགས་ཆེན་པོས་སོ་སོས་ལག་པ་གནམ་ལ་ཡར་བཀྱག་ནས་ཞོགས། དེ་ཙམ་ཁྱེད་ཀྱིས་བྱེད་ཐུབ་བཞིན་དུ་མ་བྱེད་པ་གང་ཡིན། ངེད་གཉིས་ཀྱིས་ཁྱེད་ལ་གཟུགས་པོ་འཁྲུ་བར་རོགས་རམ་བྱེད་པ་ལས་ཁྱེད་ཀྱིས་ལུས་པོ་གཡོ་འགུལ་ཙམ་མེད་པར་ངེད་གཉིས་ལ་འཁྲུ་རུ་བཅུག་རྒྱུ་དེ་འདྲ་མ་རེད། ཁྱེད་ཀྱིས་སོ་སོར་གདིང་ཚོད་ཡོད་པའི་སྒོ་ནས་སྦྱོང་བརྡར་བྱེད་ན་མ་འོངས་པར་སོ་སོས་གཟུགས་པོ་འཁྲུ་ཐུབ་ཀྱི་རེད། ཧ་གོ་སོང་ངམ། ཞེས་འབོད་པས་མོས་ལག་པས་མིག་གཉིས་ཕྱི་བཞིན་ང་ལ་ཧ་ལས་མདོག་གིས་ལྟ་བཞིན་འདུག ངའང་ཏོག་ཙམ་བདེ་མིན་ཡང་སྦྱོང་བརྡར་སྐབས་སུ་ངའི་སྦྱིན་བདག་མ་འདི་དང་འདྲ་བ་ཚོར་སོ་སོར་གང་ཡང་བྱ་ཐབས་སྤེལ་རྒྱུ་དང་། ཁོ་ཚོའི་སེམས་ལ་སྤོབས་པ་བསྐྲུན་རྒྱུ་དེ་བྱ་བ་ཐོག་མར་འཇོག་དགོས་པའི་སྐོར་བསླབ་བྱ་སྦྱང་ཡོད་པ་བཞིན་ཡོང་ཐབས་ཡིན།

 

 

སྟབས་ལེགས་པ་ཞིག་ལ་མོས་སྔོན་དང་ཁྱོན་ནས་མི་འདྲ་བར་ངའི་ཁ་ལ་ཉན་ནས་སོ་སོས་ལག་པ་ཡར་བཀྱག་པ་མ་ཚད་ཐུབ་མིན་ལ་མ་ལྟོས་པར་གཟུགས་པོར་འཕུར་ཙམ་རེའང་བྱས་སོང་། སྐབས་འདིར་ང་རྒས་མོ་རྒྱགས་ལུག་འདི་སར་སོང་བའི་ཐོག་མའི་སྐབས་ཀྱི་གནས་སྟངས་ཤིག་ཕྱིར་དྲན་སོས་པ་ནི། ལས་རོགས་ཚོས་སྤྱིར་ན་རྒས་མོར་གཟུགས་པོ་འཁྲུ་རོགས་ཙམ་བྱེད་ཅིང་། དེའང་གཟུགས་པོ་ཕྱིའི་དབྱིབས་སུ་རེག་ཙམ་འཕུར་ཙམ་ལས་བྱེད་སྲོལ་མི་འདུག སྐབས་དེར་ངས་མོའི་གླ་ཤ་གཉིས་ཀྱི་མཚམས་སུ་དམར་པོ་ཆགས་འདུག་པ་དེར་འགྱིག་གི་ལག་ཤུབ་གྱོན་པ་དེ་བརྒྱུས་ནས་ཕྱིར་ལེན་པར་དྲི་མ་རིལ་བུ་འགའ་རེ་ཕྱིར་ཐོན་སོང་། ང་རང་ཧང་སངས་ནས་སླར་མོའི་གྲོད་ལུག་ཆེན་པོ་དེ་ཅུང་ཙམ་ཡར་སྟེགས་ཐབས་ཀྱིས་གཙང་མ་བཟོས། དེ་རྗེས་ཀྱང་མོའི་ལུས་ཀྱི་སྐུ་ཤ་རྒྱགས་ལུག་སྟེབས་རྒྱགས་བསྡད་པའི་ཕྱོགས་གཙང་བཟོའི་ཕྱིར་ངས་ཚོང་ཁང་ནས་རས་འཇག་པོའི་ལག་ཤུབ་རིང་པོ་ཞིག་ཉོས་ནས་མོའི་གཟུགས་པོའི་སྟེགས་ཁུག་ཡོད་ས་ཚང་མར་གཙང་མ་བཟོ་གི་ཡོད། དེ་སྔོན་ནས་ལས་རོགས་ཚོས་མོའི་མགོའི་སྐྲ་འཁྲུ་བ་དང་། གཟུགས་པོའི་ཕྱིར་འདག་རྫས་དང་ཆུ་བཤལ་བཏང་བ་ལས་ཤ་སྟེགས་རྩེགས་ཕྱོགས་སུ་གཙང་མ་བཟོ་ཚུལ་མ་མཐོང་མོད་གང་ལྟར་ཡང་ངས་ཀྱང་ཁོང་མོར་མོའི་རྒྱགས་ལུག་སྟེགས་ཚིགས་རྒྱག་བསྡད་པའི་ཕྱོགས་ནས་ཐོན་པའི་བཙོག་པ་ཐེངས་འགར་མིག་སྟོན་བྱས་པར་མོ་རང་ཡང་ཧང་སང་མདོག་བྱས་སོང་།

 

དེ་ནས་ང་ལ་མཚོན་ན་སྐྱོན་ཅན་འདི་དག་ལ་གཟུགས་པོ་འཁྲུ་རོགས་དང་ཟས་སྤྲད་རོགས་བྱེད་པ་ནི་དཀའ་ངལ་ཁྱོན་ནས་མིན་པར་དེ་བས་རྒས་མོ་མོ་རང་ཤ་རྒྱགས་དྲག་ནས་འགྲོའང་ཡག་པོ་ཐུབ་ཀྱི་མེད་པ་དེ་ཡིན།

མོས་གཟུགས་པོ་གཡག་རོ་འདྲ་ཆེན་པོ་དེ་སྤྱི་བཏང་བའི་སྒོའི་ནང་ཕྲེད་ལོག་ནས་འགྲོ་དགོས་པ་དང། མོ་རང་རྐུབ་སྟེགས་སུ་མར་བསྡད་པར་དཀའ་ཁག་དེ་ཙམ་མེད་བཟོ་འདུག་ཀྱང་། ད་ཡིན་ན་ཡར་ལང་དུས་སྙིང་རྗེ་སྐྱེ་འོས་པ་ལྟ་བུ་ཡོད། གང་ཡིན་ཟེར་ན། ལས་རོགས་ངེད་གཉིས་ཀྱིས་མོ་རང་སྐྱོར་ཆོག་གི་མེད་ལ། མོས་སོ་སོ་ཡར་ལང་ཐབས་བྱེད་རྒྱུ་དེ་རེད། སྐབས་དེར་མོས་གཟུགས་པོ་ཡོངས་རྐུབ་སྟེགས་འབོལ་གདན་གྱི་མདུན་ངོས་སུ་ཤུགས་ཀྱིས་ནུར་ཐབས་གང་ལེགས་བྱུང་རྗེས་ལག་གཡས་གཡོན་རྒྱགས་པ་གཉིས་ཀྱང་ཤུགས་ཀྱིས་འདར་བཞིན་དཀྲུག་དཀྲུག་ཙམ་བྱེད་པ་དེ་ནི་ཡར་ལང་གྲབས་ཀྱི་སྟ་གོན་རྩོམ་པའི་ཚུལ་ཡིན་ལ། མཐོང་སྣང་ལ་སྐབས་དེར་ག་དུས་ཡིན་ཡང་མོ་རང་ཧ་ཅང་རྔང་འཚབ་ལང་བཞིན་ཁ་ནས་ཆད་མེད་ཀྱིས་ཆོས་དཔེ་ངག་ནས་སྐྱོར་བཞིན།(མོ་རང་ཡེ་ཤུ་ཆོས་ལུགས་པ་ཞིག་རེད།) དཀའ་ཁག་ཧ་ཅང་ཆེ་མདོག་གིས་ངུ་སྐད་དམ་འདར་སྐད་ཡང་ཤོར་བ་ནི་རྒྱུན་གཏན་གྱི་འགྲོ་སྟངས་ཤིག་ཡིན་པ་མ་ཟད། གཟུགས་པོའི་བྱ་འགུལ་དེ་འདྲས་སྐབས་བབས་སུ་མོ་རང་ཡར་ལང་ཐུབ་པར་ནུས་ཤུགས་དང་སྤོབས་པ་ཡོང་ཐབས་བྱེད་ཀྱི་རེད། ཡང་དུས་མཚུངས་སུ་སྐབས་དེར་ངའི་སེམས་ནས་ཀྱང་མོ་ལ་འགོག་ཐབས་མེད་པའི་སྙིང་རྗེ་ཞིག་སྐྱེ་གི་ཡོད་ལ། ལས་གཞིའི་སྒྲིག་སྲོལ་ལྟར་ན་མོ་རང་གི་རྐང་ལག་ནས་འཇུས་ཏེ་ཡར་འཐེན་རོགས་སྐྱོར་རོགས་མི་ཆོག་པས་མོ་རང་སོ་སོར་བྱེད་བཅུག་རྒྱུ་དང་། མོས་གང་ཐུབ་སོ་སོས་ཡར་ལང་ཐབས་བྱེད་དུས་སེམས་ལ་རྔང་འཚབ་ལང་སྟངས་དེ་འདྲ་མཐོང་ན་ངོ་མ་སྙིང་རྗེ་མི་སྐྱེ་ཁག་མེད་རེད།

 

 

 

དེ་མིན་ངའི་ལས་རོགས་ཚོ་ནི་ག་དུས་ཡིན་ཡང་རྒས་མོ་འདིའི་ས་ནས་ལས་མཚམས་གང་མགྱོགས་འཇོག་པའི་འཚུབ་ཆའང་ལང་གི་ཡོད་པ་མཐོང་ཐུབ། ང་ནི་དེ་ལས་ལྡོག་སྟེ་རྒས་མོ་རྒྱགས་ལུག་མ་འདིའི་ཐབ་ཚང་དང་འཁྲུས་ཁང་། ཉལ་ཁང་བཅས་སུ་གང་སར་གཡུག་བཞག་པའི་ཅ་དངོས་སོགས་དང་། དེ་བས་རྒྱུན་རིང་གཙང་མ་མ་བཟོ་བའི་མཚམས་རེར་དྲི་མའང་ཁྱབ་ཡོང་གི་ཡོད་པའི་ཁང་པ་འདིའི་ནང་རྒས་མོ་འདི་རྒྱུན་སྡོད་དགོས་པས་གང་དྲག་བསམ་པའང་མང་པོ་བྱུང་། ཐེངས་ཤིག་མོས་ང་ལ་ཉལ་ཁང་དུ་མོས་གང་སར་གཡུགས་བཞག་པའི་དུས་དེབ་མཚོན་ཁྲ་ཅན་དེ་ཚོ་ཕྱོགས་གཅིག་ཏུ་བསྒྲིགས་རོགས་བྱོས་ཟེར་ནས་མངགས་བྱུང་ལ་ངས་དེ་ལྟར་བྱས། ཐེངས་རྗེས་མར་མོའི་ནང་དུ་སླེབས་དུས་མོས་ང་ལ་མོའི་ཧ་ཅང་དགའ་སྣང་བྱེད་སའི་གཞས་པ་གྲགས་ཅན་ག་གེ་མོའི་འོད་སྡེ་མཐོང་ས་མི་འདུག་ལ། སྣོད་ཁུག་ཆུང་ངུའི་ནང་གི་སྡེ་མིག་ཁྱུ་ཞིག་ཀྱང་མེད་ལུགས་སོགས་ཧམ་བཤད་བྱས་བྱུང་། ངས་མོའི་ཚོར་ཤུགས་ཏོག་ཙམ་མ་འཇག་བར་ངང་སྒུག་གིས་བསྡད་དེ་ལས་ཀ་གཞན་བྱས་པ་ཡིན། དེ་ནས་ཅུང་འགོར་རྗེས་མོ་གནས་ཚུལ་གཞན་ལ་གཡེང་ནས་སོང་རྗེས་དེ་དག་བརྗེད་ཚར་འདུག ངས་སྐབས་དེར་མོ་རང་ལྷོད་ལ་བབས་པའི་སྐབས་དང་བསྟུན་ནས་གལ་ཏེ་མི་ཞིག་གིས་ཕ་རོལ་པོར་བརྩི་འཇོག་དང་ཡིད་ཆས་ཙམ་མེད་ན་ནམ་ཡང་རོགས་རམ་བྱེད་མཁན་ཡོང་ཐབས་མེད་པའི་སྐོར་བཤད་པར་མོས་དེ་མུར་འཛུམ་དང་བཅས་ང་ཁྱོད་རང་ལ་དགའ་པོ་ཡོད་པས་ངའི་འོད་སྡེ་དང་སྡེ་མིག་མེད་ནའང་ངས་ཁྱོད་ལ་གུ་ཡངས་གཏོང་ཡོད་ཟེར། ང་རང་ངུ་མ་དགོད་ཀྱིས་མོའི་སྐད་ཆ་དེ་དག་ལ་ཡ་ལན་བྱེད་རྒྱུར་འདོད་པ་མ་བྱུང་།

 

 

 

 འོན་ཀྱང་དེ་རྗེས་ལས་རོགས་མཉམ་གྲོས་བསྡུར་ནས་ང་ཚོའི་འགན་འཛིན་ལ་ངག་ཐོག་ནས་སྙན་ཞུ་ཕུལ་ནས་རྒས་མོར་ངེས་པར་དུ་བདུན་རེར་ཉིན་གཅིག་གི་ནང་ཁང་པའི་ནང་གཙང་སྦྲ་བཟོ་རོགས་ཐེངས་རེར་དགོས་ལུགས་ཀྱི་རེ་འདུན་བཏོན་པར་བདུན་གཉིས་ཀྱི་རྗེས་སུ་ངའི་འགན་འཛིན་གྱིས་གཙང་སྦྲ་བཟོ་རོགས་བཏང་འདུག་སྟབས། ང་དང་ལས་རོགས་གཉིས་སླར་ཡར་རྒས་མོ་རྒྱགས་ལུག་སར་འགྲོ་དུས་མོའི་ཁང་པའི་དྲི་ངན་དེ་དག་མེད་པའམ་ཉུང་དུ་སོང་འདུག་པར་དགའ་སྣང་ཆེན་པོ་བྱུང་།

 

 

གང་ལྟར་ཡང་རྒས་མོ་འདི་ནི་ངའི་ཞབས་ཕྱི་ཞུ་ཡུལ་དམིགས་བསལ་ཅན་ལྟ་བུ་ཞིག་ཡིན་ལ། དེ་རྗེས་ཀྱང་མོས་ང་ལ་དགའ་སྣང་ཡང་གང་ལེགས་སྟོན་དུས་ངའི་སེམས་སུའང་ལྷོད་ལ་བབས་ཡོང་གི་ཡོད། ངས་མོ་ལ་དེ་སྔོན་རླུང་སྒོམ་གྱི་ནང་གྲོད་པ་ཆུང་རུ་གཏོང་བའི་ལུས་སྦྱོང་དེའི་ཟུར་ཙམ་བསླབས་པར་མོས་ཟེར་ན་མོས་དེ་འདྲ་རྩེད་ཀྱི་ཡོད་ལུགས་བཤད་ཀྱི་འདུག་ཀྱང་ང་ལ་ཡིད་ཆས་སླེབས་མ་སོང་མོད། གང་ཡིན་ཟེར་ན་མོ་རང་ནི་སེམས་བདེ་ཐང་དེ་ཙམ་མེད་པས་ཡིན།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།