༢། རྒན་རྒོན་འདི་གཉིས།

images/stories/45/durer_-_bildnis_der_mutter.jpg༢། རྒན་རྒོན་འདི་གཉིས།

These two old people

這兩個老人

 རྒས་མོ་འདི་ནི་སྐུ་ཤ་རྒྱགས་ཅིང་མགོའི་སྐྱ་ཕྱེད་སྔོ་ཕྱེད་ཀྱི་སྐྲ་ལོ་དེ་སྐྱེས་པ་ཕོ་ནང་བཞིན་རྣ་བའི་ཐོག་ཙམ་ལས་མེད་པར་བྲེགས་བཞག་པའི་ཨ་མ་རྒས་མོ་ཞིག་རེད་ལ། ངའི་ཞབས་ཕྱི་ཞུ་ཡུལ་དབང་པོ་སྐྱོན་ཅན་བུའི་ཨ་མ་ལགས་རེད། མོ་ལ་ཐོག་རྩེགས་ཉིས་ཅན་གྱི་སྒེར་ཁང་ཞིག་ས་འབུར་ཐོག་གནས་པ་ཞིག་ཡོད་ལ། རྒྱ་མཚོའི་ཕྱོགས་ཀྱི་མཛེས་ལྗོངས་ལ་གཤམ་ལ་རྒྱང་ལྟ་བྱེད་ས་ས་ཡག་མོ་མ་ཞིག་སར་ཆགས། ང་རང་རྒས་མོ་འདི་ཐུག་ཉིན་མོ་ནས་བཟུང་ཁོང་མོས་ང་ལ་བག་ཆགས་ཧ་ཅང་ལེགས་པོོ་བཞག་བྱུང་།

སྤྱི་བཏང་གི་ཆ་ནས་བཤད་ན་རྒས་མོ་འདི་ཁ་བརྡ་བྱེད་རྒྱུར་ཧ་ཅང་དགའ་བའི་ཁ་མང་མ་ཞིག་རེད་ལ། ངའི་ལས་རོགས་ཚོས་ཀྱང་མཚམས་རེར་འོག་ནས་མོ་ལ་ཉོམས་སྣང་ཆེན་པོའི་རྣམ་འགྱུར་བཏོན་གྱི་རེད། འོན་ཀྱང་མོས་ང་དང་ལས་རོགས་གཉིས་ཀྱིས་ཆུ་ཚོད་གསུམ་ཙམ་མོའི་བུའི་ཆེད་དུ་ལས་ཀ་ཚར་རྗེས་སུ་ཉིན་གཅིག་ལ་བལྟས་པ་ནང་བཞིན། ངེད་གཉིས་ལ་ཇ་དང་ཟས་ཙག་ཙིག་སྤྲོད་པའི་ལུགས་སྲོལ་ཡོད། ངེད་གཉིས་ཀྱང་ཁོང་མོའི་ཟས་ལ་རྔམ་མཁན་མིན་ཡང་བྱ་འགུལ་ཆུང་ངུ་དེས་ཡུལ་གྱར་བ་ང་ལྟ་བུའི་སེམས་རྩར་མཛའ་བརྩེས་གསོ་བཞིན་འདུག དེ་མིན་མོས་ཁ་བརྡའི་བརྗོད་གཞིའང་འཇིག་རྟེན་འདིར་མིའི་ལུས་རྟེན་ལེན་ཚད་ཀྱིས་བཟང་སྤྱོད་ཇི་ལྟར་དགོས་མིན། མོ་རང་གི་འདས་དོན་ལ་འཚོ་བའི་དཀའ་ཁག་ལ་གདོང་ལེན་ཇི་ལྟར་བྱས་མིན། མོ་རང་གི་ཕྲུ་གུ་ཚོར་ཀུན་སྤྱོད་སྐོར་གྱི་བསླབ་བྱ་སློབ་གསོ་ཇི་ལྟར་བྱས་མིན་སོགས་རེད།

 

 

དེའང་མོ་རང་དང་བཟའ་ཟླ་གཉིས་རྒྱལ་ཁབ་(མིང་བརྗོད་མེད།)གཞན་ནས་འདིར་གནས་སྤོ་བྱས་ཏེ་ལོ་ངོ་ཧྲིལ་པོ་༢༣ འགྲོ་གི་ཡོད་ཅིང་། ཐོག་མར་འདིར་འབྱོར་དུས་ལས་ལ་གཙང་བཙོག་མེད་པར་དུས་ལ་ཉིན་མཚན་མེད་པར་ཧུར་བརྩོན་བྱས་མྱོང་བ་ཞིག་རེད་འདུག དཔེར་ན་ཐོག་མའི་སྐབས་སུ་མོས་ཟ་ཁང་དུ་ཕོར་པ་འཁྲུ་བ་དང་། གཞུང་གི་བཀོད་རྒྱ་བཞིན་ཁྲོམ་གཞུང་གསང་ལམ་དུ་དྭངས་བླངས་ཀྱིས་གད་སྙིགས་སྒྲུབ་རོགས་བྱས་པ། བཟོ་གྲྭའི་ནང་ཟས་རིགས་ཆག་རྒྱག་པའི་སྡེབས་ལས་རིགས། མིའི་ནང་ལ་སོང་ནས་གཙང་སྦྲ་བྱས་པ་སོགས་བུད་མེད་ཚོས་ལྕོགས་པའི་ཤུགས་ལས་ཀྱི་རིགས་ཐ་དག་བྱས་འདུག རྒས་མོའི་ད་ཆ་མོའི་མི་ཚེའི་ནང་སེམས་མ་སྐྱིད་པ་གཅིག་རང་ཡོད་པ་དེ་ནི་མོའི་ཁྱོ་གས་དེ་སྔོན་མོའི་གྲོགས་མོར་དགའ་མདོག་སྟོན་ཞིང་མོ་ལ་ངོ་ལོག་པའི་སྐོར་དེ་རེད། མོས་ལྟས་ངན་འདིས་ངའི་རྒྱབ་ནས་ལས་ངན་པ་མང་པོ་བྱས་ཟིན་པ་རེད།  ངས་ཁོ་ལ་གང་ས་ཅིའི་ཐད་ནས་བཟང་པོ་ཤ་སྟག་བྱས་པ་ཡིན་ཏེ་མཐར་ཁོས་ང་ལ་ངོ་ལྐོག་མི་འཕེལ་བའི་ལས་ངན་དེ་དག་བྱས་པ་རེད། དེའང་ངའི་ཉེ་སའི་གྲོགས་མོར་བྱས་པ་རེད། འོན་ཀྱང་དཀོན་མཆོག་གིས་ང་ལ་བཟང་པོ་ཉམས་ལེན་དང་ལག་བསྟར་བྱ་ཆེད་མི་ངན་འདི་འདྲ་ཞིག་ངའི་སར་མངགས་གནང་བ་རེད། དེ་བས་ངས་ཀྱང་དེར་ངོས་ལེན་བྱས་ཏེ་ལས་རྒྱུ་འབྲས་དང་བཟང་པོ་བརྩི་སྲུང་གང་ལེགས་བྱེད་ཀྱི་ཡོད།

 

 

 

གང་ཡིན་ཟེར་ན། ད་ངས་ཁོ་སྒོའི་ཕྱི་ལ་ཕུད་མི་ཐུབ་ཅིང་དེ་འདྲ་བྱས་ན་ཁོ་ག་འགྲོ་འདི་འགྲོ་མེད་པར་ཁེར་རྐྱང་ངང་སྐྱོ་ངལ་གྱིས་ལྷག་རྒྱུ་རེད། ངས་ཁོ་ངའི་བུའི་ཨ་ཕ་ཡིན་པའི་ངོ་ལ་གཙོ་བོར་བལྟས་ནས་ཁོ་ངའི་ཁང་པ་ནས་ཕྱི་ལ་ཕུད་མེད། ད་དུང་མཚམས་རེར་ཁོས་ངན་པ་ཤ་སྟག་ལས་ཀྱི་རེད། དཔེར་ན་དོན་ཆུང་ཡིན་ཡང་ཁོ་རང་གི་འདོད་མོས་ལྟར་མ་བྱུང་ན་ཁོས་གཞན་ལ་སྙིང་རྗེ་དང་བྱམས་སྐྱོང་ཟེར་བ་དེ་འདྲ་རྩ་བ་ནས་བྱེད་མི་ཤེས། ཤེས་ནའང་མི་བྱེད། ཁོའི་གཤིས་ཀ་རྩུབ་པོ་ཡིན་པ་མ་ཟད། སྒེར་སེམས་ཆེ་བའི་མི་ཞིག་ཡིན། ཁོས་ཚང་མ་ཁོ་ལ་དགོས་ཡོད་ཟེར་གྱི་རེད། ཁོས་གཞན་ལ་འདི་འདྲ་ཞིག་སྟེར་དགོས་རེད་ཟེར་སྲོལ་ཁྱོན་ནས་མེད། ཡིན་ཡང་ད་ནས་བཟུང་ངེད་གཉིས་དབར་གྱི་ལས་དེ་རྫོགས་པ་འདྲ། ཁོ་མཐོང་བ་ཙམ་གྱིས་ངའི་སེམས་ལ་ན་ཚ་སླེབས་ཀྱི་འདུག་ལ། ངའི་དབང་པོ་སྐྱོན་ཅན་གྱི་བུའི་ངོ་གདོང་མཐོང་ཡོང་དུས་ངའི་སེམས་ཧ་ཅང་སྐྱོ་ཡོང་གི་འདུག་་་་་་སོགས་ཅི་དྲན་པ་ཡོངས་རྫོགས་བཤད་ཀྱི་རེད།

 

 

དེ་མིན་མོས་ང་ཚོ་ལས་ཀ་བྱེད་མཁན་ཚོ་ལ་རྒྱུན་གཏན་གྱི་འཚོ་བའི་ནང་རྒྱུན་སྤྱོད་ཀྱི་ཟས་རིགས་གཡོ་བསྐོལ་བྱེད་སྟངས་ལག་དང་ལག་བརྒྱུད་བསླབ་ཀྱི་རེད། དཔེར་ན་ཐེངས་ཤིག ང་དང་ལས་རོགས་གཉིས་ལ་སྒོ་ངས་བག་ལེབ་ཇི་ལྟར་བཟོ་དགོས་མིན་བསླབ་དུས་ངས་དེ་སྔོན་ནས་དེ་འདྲ་ཞིག་ཐབས་ཆག་བཟོ་ཤེས་ཀྱི་ཡོད་ཀྱང་ཞིབ་ཏུ་ལས་དུས་ཏོག་ཙམ་མི་འདྲ་སའང་འདུག འོན་ཀྱང་ངའི་ལས་རོགས་ནི་གཞོན་ནུ་ཞིག་ཡིན་པས་ཁོས་ཁོ་དང་དགའ་རོགས་མ་གཉིས་ནས་རྒྱུན་གཏན་ཚོང་ཁང་དང་ཟ་ཁང་ནས་ཉོ་ནས་ཟ་བ་ལས་ནང་དུ་ཟས་གཡོ་བསྐོལ་གྱི་ལུགས་སྲོལ་ཆེར་མེད་པར་བཤད་སོང་བར་རྒད་མོས་སླར་ཕྱི་ནས་ཉོས་པའི་ཟས་རིགས་ལ་རྫས་སྣ་ཚོགས་ཡོད་རབ་དང་ནང་དུ་བཟོས་པའི་ཟས་ལ་བཅུད་ཆེ་རབ་སོགས་མང་དག་ཅིག་བསླབ་བྱ་བྱས་སོང་བས་ངའི་ལས་རོགས་ནས་འཛུམ་དང་བཅས་མི་ཉན་རང་ཉན་རེད།

 

 

 

སྐབས་དེར་ང་ཚོས་སོ་སོས་བཟོས་ཚར་བའི་ཟས་མདུན་ཅོག་ཐོག་གཤམ་ནས་མཉམ་རུབ་ཀྱིས་མཉམ་ཟ་དང་མཉམ་འཐུང་བྱེད་སྐབས་ང་དང་རྒས་མོ་གཉིས་ནས་རེ་རེ་ཟས་རྗེས་གཞོན་ནུ་དེས་བག་ལེབ་གཞན་ཚང་མ་ཕལ་ཆེར་བཞི་ཙམ་ལྷག་ཡོད་སྙམ་པ་ཚང་མ་ཟས་ཚར་རྗེས་ཤོག་བུས་ཁ་ཕྱི་བཞིན་དེ་རིང་ཡིན་ན་ཕྱི་ནས་དགོང་ཟས་ཟ་མི་དགོས་པ་བྱས་ཡོད་ཟེར། སྐབས་དེར་ང་རང་ཡང་ལུས་སེམས་གཉིས་ལྷོད་ལ་བབས་ཅིང་སེམས་ཁོང་རུས་པའི་གསེང་ནས་རྒས་མོ་འདིས་གཞན་ལ་ལྟ་ཤེས་བསྟུན་མཁས་ཀྱི་བཟང་སྤྱོད་ཆུང་ཙག་ཡིན་ཡང་སེམས་གཏིང་ནས་དེར་སྤྲོ་སྣང་ཞིག་སླེབས་སོང་། དེ་རྗེས་ཀྱང་ང་དང་ལས་རོགས་ཚོ་རིས་མོས་ཀྱིས་རྒས་མོའི་ནང་ལ་འགྲོ་དུས་ངས་ཐེངས་འགར་ཁྱེད་རང་ཨ་མ་བཟང་མོ་ཞིག་ཡིན་པར་ཐེ་ཚོམས་ཙམ་ཡང་མི་དགོས་མོད། འོན་ཀྱང་ད་དུང་བཟའ་ཟླའི་འདས་སོང་ཡོངས་ལ་གུ་ཡངས་སྤྲད་དེ་ཁོ་ལ་སྙིང་རྗེ་མཐའ་འཁྱོལ་བར་གནང་རོགས། གང་ཡིན་ཟེར་ན་ཁྱེད་ཀྱིས་ཁོ་ཁྱིམ་འདིར་བསྡད་བཅུགས་པ་རེད་ལ་ཉིན་ལྟར་ཁོའི་ངོ་ལ་བལྟས་ནས་བསྡད་དགོས།

 

 

 

ཁོའང་སྙིང་རྗེ་ན་ཚ་ཏོག་ཙམ་ཡོད་པའི་དབང་གིས་རྟག་པར་སྨན་ཟ་ནས་བསྡད་དགོས་ཀྱི་འདུག ངས་བསམ་ན་ཁོས་འདས་སོང་གི་ལོ་རྒྱུས་ནང་ཁྱེད་ལ་ངོ་ལོག་མྱོང་བ་དེ་སོ་སོའི་སེམས་ནང་ཧ་ཅང་གསལ་པོ་ཤེས་ཀྱི་རེད། དེས་ན་གལ་ཏེ་ཁོས་ཁྱེད་ལ་མཐའ་གཅིག་ཏུ་ངོ་ལོག་བསམ་ན་ས་གང་དུ་ཡིན་ཡང་འགྲོ་བཞག་པ་ལས་ཁྱེད་དང་མཉམ་དུ་མུ་མཐུད་མི་སྡོད་པ་ཤེས་དགོས། དེ་བས་ཁོས་འདས་སོང་ལ་ཡག་བཙོག་གང་བྱས་ཀྱང་ད་ཆ་ཁོས་ཁྱེད་དང་ཁ་མི་བྲལ་རྒྱུ་གདམ་ཁ་བརྒྱབས་པ་རེད། དེར་བརྟེན། ཁྱེད་ཀྱིས་ཀྱང་བཟང་པོ་མཐའ་འཁྱོལ་བ་གནང་ནས་ཁོ་ལ་གུ་ཡངས་དང་བཟོད་སྒོམ་གནང་ནས་མ་འོངས་པའི་མཐའ་མཇུག་གི་མི་ཚེའི་ནང་འཆམ་མཐུན་བརྩེ་བ་གནང་ན་སྐྱིད་པོ་ཡོང་གི་རེད་སོགས་བཤད། སྤྱིར་ན་ངས་ཀྱང་ཕྱི་རྒྱལ་བའི་ལུགས་སྲོལ་ལྟར་ན་སོ་སོས་བྱེད་དགོས་པའི་བྱ་བ་དེ་དག་ཚར་སོང་ན་སྐད་ཆའང་མང་པོ་མི་བཤད་ནས་ལས་དོན་གྲུབ་པར་བྱེད་ཀྱི་ཡོད་ཀྱང་མཚམས་རེར་ཁ་བརྡའི་ལམ་ནས་གོ་བརྡ་དང་ར་འཕྲོད་བྱེད་དགོས་པ་ལས་ཁ་བཙུམ་ནས་སྡོད་ན་སེམས་ཐག་ཀྱང་རིང་དུ་འགྲོ་བའི་སྐྱོན་ཆ་འདུག་སྙམ། ངས་ཁོང་མོའི་ཐུགས་བསྙེས་མིན་ལ་མ་ལྟོས་པར་སྐད་ཆ་དེ་དག་རན་མཚམས་ས་ནས་དྲན་བསློང་ཙམ་བཤད་ཀྱི་ཡོད།

 

 

 

དེ་རྗེས་ཀྱི་དུས་ཡུན་རྗེས་སུ་ངས་བསམ་པར་སོ་སོའི་སྐད་ཆ་འཐོལ་པ་དེ་ཚོས་མོ་ལ་རླུང་བསླངས་ཡོད་སྲིད་དམ་སྙམ་ཡང་། མོས་ང་ལ་སྔོན་དང་མི་འདྲ་བ་གཞན་ལས་དགའ་སྣང་ཧ་ཅང་ཆེ་བ་གནང་གི་འདུག མོས་ང་དང་ལས་རོགས་ཀྱི་དོན་ཚར་རྗེས་ག་དུས་ཡིན་ཡང་ང་ཁང་པའི་ཐོག་བརྩེགས་སུ་མོའི་ཉལ་ཁང་དུ་སྐད་གཏོང་ཡོད་ལ་དོན་ཆེན་མིན་རུང་ཙག་ཙིག་གི་བརྗོད་གཞི་དང་འབྲེལ་ནས་ཁ་བརྡ་ཉུང་ཙམ་ཡང་བྱེད་སྲོལ་ཆགས་ཡོད། དེ་རྗེས་མོའི་བཟའ་ཟླ་རང་གཤིས་ཚ་པོ་དེས་ཀྱང་ང་ལ་དགའ་སྣང་དང་བསྟུན་ཤེས་བྱེད་ཀྱི་ཡོད་པ་ངས་མངོན་གསལ་དོད་པོའི་སྒོ་ནས་ཤེས་སོང་། དེའང་རྒས་པོས་ང་ཚོ་ལས་རོགས་སུ་ཡིན་རུང་ཁོའི་བུ་ལ་གཡོག་བྱ་ཇི་ལྟར་དགོས་མིན་དང་ཏོག་ཙམ་མ་འགྲིག་པའི་ཚུལ་བྱུང་ན་སྐད་མགོ་མཐོན་པོས་གཤེ་བ་ལས་ཁོའི་བཟའ་ཟླ་རྒས་མོ་ལྟར་སྐད་ཆ་འཇམ་པོ་རྩ་བ་ནས་མི་བཤད། དེ་ལྟར་ཡིན་དུས་ཐེངས་ཤིག་ངའི་ལས་རོགས་གཞོན་ནུ་དེ་ཁོང་ཁྲོ་ནས་ངེད་གཉིས་ལས་ཀ་བྲོལ་རྗེས་རྒས་པོ་དེ་ག་དུས་ཡིན་ཡང་དེ་འདྲ་རེད། ཁོས་ཞི་པོ་ཞིག་ཤེས་ཀྱི་ཡོད་མདོག་སྟོན་གྱི་འདུག སྤྱི་བཏང་ཆ་ནས་བཤད་ན་ང་ཚོ་དབང་པོ་སྐྱོན་ཅན་ལ་རོགས་པ་བྱེད་མཁན་ཚོས་དེ་དག་ལ་གཡོག་བྱ་ཇི་ལྟར་དགོས་མིན་གྱི་ཤེས་བྱ་ཚང་མ་སྦྱོང་ནས་འདིར་ལས་ཀ་བྱེད་ཀྱི་ཡོད་རེད། ཁོའི་བུ་ལའང་ལས་བྱེད་གཉིས་ལས་མང་བ་དགོས་པ་མེད། འོན་ཀྱང་ཁོས་རྟག་པར་ལས་བྱེད་གཉིས་ཀྱི་དབར་འཚང་ཀ་རྒྱག་ཅིང་དེ་བྱོས་འདི་མ་བྱེད་ཟེར་ནས་ཇུས་གཏོགས་བྱེད་ཀྱི་འདུག

 

 

 

ང་ནི་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱས་ནས་ལོ་ངོ་མང་པོ་འགྲོ་གི་ཡོད། ཁོས་འདི་བྱོས་དེ་འདྲ་མ་བྱེད་ཟེར་དུས་རང་དབང་མེད་པར་དགོད་མོ་བྲོ་གི་འདུག་སོགས་ཟེར། ངས་ཀྱང་གེ་ཡོད་མ་རེད། ཁོ་རང་བུའི་ཨ་ཕ་་ཡིན་པའི་ངོས་ནས་བུ་ལ་གང་བཟང་བཟང་ཞིག་བྱེད་དགོས་བསམ་གྱི་ཡོད་འགྲོ རྒས་པོ་ཞིག་གིས་རྣམ་འགྱུར་ལོག་པ་ཏོག་ཙམ་བཏོན་པ་ལ་ཧ་ལས་དགོས་དོན་མེད་བཅས་སོགས་བཤད་པར་ཁོས་མུ་མཐུད་བཟའ་མི་རྒན་རྒོན་འདི་གཉིས་ནི་རྒས་མོ་ནི་གཞན་ལ་ལྟ་ཤེས་བསམ་ཤེས་ཅན་སེམས་བཟང་མ་ཞིག་ཡིན་ཡང་། རྒས་པོ་འདི་ཉིན་ལྟར་རང་གཤིས་ཚ་ལ་ཁོང་ཁྲོ་བསླང་མཁན་ལྟ་བུ་ཞིག་ཡོད་པ་རེད།

 

 

གལ་ཏེ་རྒས་མོས་ཁོ་ལ་སྙིང་རྗེ་བྱས་ནས་སྡོད་པ་རེད་མ་གཏོགས་རྒས་པོ་ཁོང་ཁྲོ་ཚ་བ་འདི་དང་མཉམ་དུ་སུ་གཅིག་སྡོད་རོགས་རག་གི་མ་རེད་སོགས་ཟེར་བས་ངེད་གཉིས་ཀ་དགོད་མོ་ཤོར་བཞིན་ལས་མཚམས་བཞག་རྗེས་ལས་རོགས་ཀྱི་རླངས་འཁོར་ནང་སྡོད་དེ་ཕྱིར་ལོག་པ་ཡིན།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།