༡། མགོ་སེར་རྒན་རྒོན་འདི་ཚོ།

images/stories/Gangkarsem/222.jpgམགོ་སེར་རྒན་རྒོན་འདི་ཚོ།

Those aged foreigners 

這些老洋人

དེང་ལས་གནས་ཀྱིས་དབང་གིས་གུས་མོ་སྡོད་སའི་ཁོར་ཡུག་ཏུ་མགོ་སེར་རྒན་རྒོན་ཁག་ཅིག་ལ་ཞབས་ཞུའི་ལས་དང་། དེ་མིན་ཁོང་རྣམས་དང་དུས་མིན་གྱི་ཁ་བརྡ་ཉུང་ཙམ་རེ་བྱས་པ་བཅས་ཀྱིས་སོ་སོའི་ངོས་ནས་འདི་དག་ལ་སྣང་ཚུལ་འགའ་བྱུང་།

 

དེ་སྔོན་སྒེར་གྱི་འཚོ་བའི་ཉམས་མྱོང་ནི་ཕུན་སུམ་ཚོགས་པ་ཡིན་ཞེས་སྨྲ་མི་སྤོབས་ཀྱང་མཐོང་ཐོས་མྱོང་གསུམ་གྱི་རྨང་གཞི་ཅུང་ཡོད་པར་རློམ་མཁན་ཞིག་གི་ངོས་ནས་དཔྱད་ན། ཨོ་གླིང་དུ་ཡོད་པའི་མགོ་སེར་རྒན་རྒོན་འདི་ཚོ་ངོ་མ་སྐལ་བཟང་གི་ཁོར་ཡུག་འདི་འདྲའི་ནང་གཞུང་གི་ངོས་ནས་གང་ས་ཅིའི་ཐད་ནས་ལྟ་རྟོགས་གང་ལེགས་ཡོད་པ་ནི་སྨྲོས་མེད་ཅིག་རེད།

 

འདི་ནས་ཡུལ་གོམས་གཤིས་ལུགས་བཞིན་དུད་ཚང་ཁག་ཅིག་གི་ནང་གཞོན་སྐྱེས་ཚོས་སོ་སོའི་རྒན་རབས་རྣམས་ལ་ཁྱིམ་གཅིག་ཏུ་འཚོ་བཞིན་ཞབས་ཞུ་སྒྲུབ་གང་ཐུབ་བྱེད་སྲོལ་འདུག་ཀྱང་འདི་ནི་ཉུང་ཤོས་ཤིག་གི་འཚོ་སྟངས་ལས། དེ་མིན་འགྲོ་ལུགས་འདུག་སྟངས་དབང་བཙན་པའི་སྒོ་ནས་རྒན་འཁོག་མང་པོ་སྐབས་སུ་སོ་སོའི་ཕྲུ་གུས་ལྟ་སྐྱོང་བྱེད་པ་མ་ཡིན་པར་གཞུང་འབྲེལ་དང་སྒེར་གྱི་ཚོགས་པའམ་རྒན་གསོ་ཁང་དུ་བསྡད་སྲོལ་འདི་ཤུགས་ཆེན་པོ་དར་འདུག་སྙམ། གཞུང་གི་རྒས་གསོ་ཁང་དུ་རྒན་རབས་རྣམས་ལ་ཉིན་ཞག་དུས་དྲུག་གི་ལྟོ་གོས་གཏམ་གསུམ་གྱི་ལས་འཆར་གང་བཟང་ཡོད་པ་དཔེར་ན་རྒས་གསོ་ཁང་རང་དུ་ཟས་ཁང་དང་། ཇ་ཁང་དང་རྩེད་ར་ལྟ་བུའི་སྤྲོ་སྐྱིད་གཏོང་སའི་ཁོར་ཡུག རྒས་གསོ་ཁང་ནས་དུས་རྟག་ཏུ་ལུས་པོར་སྨན་དཔྱོད་སོགས་ཀྱི་མཐུན་སྦྱོར་ཆ་ཚང་བ་ཡོད། དེ་མིན་ལོ་རེར་ཐེངས་རེ་གཉིས་ཙམ་གྱིས་ཕྱིའི་ཡུལ་དུ་རྒྱང་ཐག་རིང་ཐུང་གང་རུང་ས་ལ་ཡུལ་བསྐོར་སྤྲོ་འཆམ་དུ་འཁྲིད་སྲོལ་རེ་གཉིས་ལ་ཡོད་པའང་ཐོས་སོང་། ང་ཚོའི་བོད་གཞིས་སུ་གནའ་དེང་གཉིས་ཀྱི་གནས་སྟངས་ཅུང་དང་མི་འདྲ་བ་ཨོ་གླིང་དུ་རྒན་འཁོག་ཚོར་འགྲོ་འདུག་སྤྱོད་གསུམ་ལ་མཐུན་སྦྱོར་རོགས་རམ་གང་ལེགས་འདུག་ཨང་སྙམ་པ་འདི་ཐེངས་གཅིག་མིན་པར་ངའི་སེམས་ཀྱི་ཚོར་སྣང་དངོས་ཡིན། དེ་ལྟར་ཡང་ཤེས་ལྡན་འགའི་བཤད་མྱོང་བ་ལྟར་ཡིན་མིན་ཆེར་མི་ཤེས་མོད། འོན་ཀྱང་སྔོན་བཤད་ཟིན་པ་དང་ལྡོག་སྟེ་ང་རང་གིས་ལྟ་རྟོགས་དང་རོགས་རམ་དགོས་ས་མགོ་སེར་འགའ་ཡོད་པ་འདི་དག་ནི་ངོ་མ་སྙིང་རྗེ་ཨང་བསམ་པ་ཞིག་རེད།

 

 ཀློག་པ་པོས་ཁྱོད་ཀྱིས་རྒས་འཁོག་འདི་དག་ལ་གང་ས་ཅིའི་ཐད་ནས་གཞུང་དང་སྒེར་གྱིས་རོགས་ཕན་གང་ལེགས་འདུག་ཅེས་བཤད་བཞིན་དེ་དག་སྙིང་རྗེའི་ཡུལ་དུ་གང་འདྲ་ཟེར་ཆགས་པ་ཡིན་ནམ་སྙམ་སྲིད་མོད།

དེའང་འདི་དག་ལ་གོང་བརྗོད་ལྟར་ཕྱིའི་ཆགས་ལུགས་འགྲོ་སྤྱོད་ཀྱི་ཆ་རྐྱེན་ཞེན་དྲག་པའི་སྐྱོན་གྱིས་ཁོང་རྣམས་ལ་དཀའ་ཁག་འཕྲད་བཞིན་པ་མིན་པར་དེ་ནི་ཁོང་རྣམ་པར་ནང་སེམས་ཀྱི་དཀའ་ངལ་ཁོ་ན་ལས་འབྱུང་བཞིན་པ་ཤ་སྟག་རེད་འདུག་སྙམ།

 

 

༡། རྒས་མོ་ཀ་པ་ནི་དེ་སྔོན་ཨིན་ལན་རྒྱལ་ཁབ་དུའང་སྐུ་དྲག་གི་མིང་ཡོད་པའི་ཁྱིམ་ཚང་ཞིག་གི་སྲས་མོ་སྐུ་ཞབས་རེད་འདུག་ལ་མོ་རང་ལོ་ཆུང་དུས་ཨོ་གླིང་གི་དམག་དཔོན་ཞིག་དང་ཁྱིམ་ཐབ་ཟིན་རྗེས་ཕྲུ་གུ་བུ་བུ་མོ་གཉིས་བྱུང་འདུག དེ་རྗེས་ཕྲུ་གུ་ཆེན་པོར་ཆགས་ནས་སོ་སོའི་སྒེར་གྱི་ཁྱིམ་ཚང་བཟུང་ནས་ཕྱི་ལ་སྤོས་ཟིན་རྗེས་ཁྱོ་བོ་འདས་གྲོངས་སུ་གྱུར་ཞིང་། བདག་མོ་འདི་ད་ཆ་ཁང་མིག་བཞི་ཅན་གྱི་ཁང་པ་འབྲིང་ཙམ་ཞིག་ཏུ་ཁེར་འདུག་རེད། ཁོང་མོ་ནི་རང་ལོ་བརྒྱད་བཅུ་བརྒལ་ཚར་ཞིང་ད་ཆ་ལག་གཡོན་མ་ཞ་བོར་གྱུར་འདུག་པ་དང་། རྒྱུན་གཏན་གྱི་ཁྱིམ་ནང་གི་མཁོ་སྤྱོད་དགོས་མཁོ་ཆ་ཚང་པའི་ཐོག་སོ་སོས་ལྟོ་ཟས་སྟབས་བདེ་ཙམ་ཡང་གཡོས་སྦྱོར་དང་གསང་སྤྱོད་དུ་ཁེར་འགྲོ་ཐུབ་ཀྱི་ཡོད་ཀྱང་སོ་སོས་གཟུགས་པོ་འཁྲུ་མི་ཐུབ་ཅིང་། རླངས་འཁོར་གཏོང་ནས་ཕྱི་ལའང་འགྲོ་ཐུབ་ཀྱི་མེད་པ་རེད། ནང་དུ་མོ་རང་དང་མཉམ་དུ་རྒྱུན་དུ་སྡོད་མཁན་ནི་ཁྱི་རྒན་ནག་པོ་ཞིག་ལས་གཞན་མེད།

 

 གོམས་སྲོལ་ལམ་གུས་མོའི་མཐོང་སྣང་ལྟར་ན་རྒས་མོ་ཁོང་ཞོགས་སྔ་ལང་ནས་མཚན་ཕྱི་ཉལ་གྱི་བར་དུ་ལྟོ་དུས་གསུམ་གཡོ་བསྐོལ་གྱི་དུས་ཚོད་ཕུད་ཞོར་དུས་མང་ཆེར་བརྙན་འཕྲིན་ལ་ལྟ་ནས་བསྡད་ཀྱི་ཡོད་བཟོ་འདུག གུས་མོས་རྒས་མོའི་སྐོར་ད་དུང་མང་ཙམ་ཤེས་འདོད་ཀྱང་གཅིག་ནི་ཁོང་མོ་ད་ཆ་གཞན་དང་ཁ་བརྡའི་སྐབས་སུ་ཚིག་རེ་ཟུང་ལས་སྐད་ཆ་ཁྱོན་ནས་བཤད་མི་ཐུབ་ཅིང་ཁག་པོའམ་ཚིག་འབྲུ་དག་མ་སྨྲ་དཀའ་བ་དང་གཅིག གཉིས་ནི་གུས་མོའི་ཨིན་ཡིག་སྤུས་ཚད་ཀྱང་ཧ་ཅང་ཞེན་པའི་དབང་གིས་ངེད་གཉིས་དབར་བདུན་རེར་ཉིན་གཅིག་གི་ཆུ་ཚོད་འགའ་ལས་མཉམ་དུ་འདུག་པའི་དུས་མེད་ཀྱང་མང་ཆེར་ངས་ཁོང་མོར་གང་ཤེས་ཀྱིས་བཤད་བཞག་པའི་ཁ་བརྡ་དེ་དག་དང་། ཁོང་མོས་ང་དང་ཕན་ཚུན་ལྐུགས་བརྡ་ལག་བརྡ་གཙོས་ཡིག་ཆ་འགའ་ཡང་མིག་སྟོན་བྱུང་བ་ནས་ངས་གང་ཐུབ་ཀྱིས་ཁོང་མོའི་དོན་དག་གོ་བརྡ་འཕྲོད་ཐབས་བྱེད་དུས་མང་བ་ཆགས་ཡོད། ད་ཆ་རྒས་མོའི་སེམས་ལ་དཀའ་ངལ་འཕྲད་སྟངས་ནི་རྒྱུན་རིང་པོར་ཁེར་འདུག་གི་ཁོང་མོས་ང་ལ་སྣང་ཚུལ་ནས་བཏོན་གྱི་འདུག་ལ་འདི་ལྟར་རྒྱུན་རིང་ཁེར་འདུག་བྱས་པའི་དབང་གིས་རྒས་མོས་ང་རང་ཐུག་པ་ཙམ་གྱིས་རྟག་ཏུ་ཧ་ཅང་དགའ་སྣང་བཏོན་ཞིང་། ཁོང་མོས་ངའི་མིག་གཉིས་དང་སོ་ཕྲེང་ལ་ཧ་ཅང་དགའ་པོ་ཡོད་ཅེས་ཀྱང་གསུང་ནས་བསྟོད་ར་གཏོང་གི་ཡོད། ཧཧཧ

 

གཞན་ཡང་ཁོང་མོས་གུས་མོར་འབྲེལ་ཡོད་ཀྱི་ཡིག་ཆ་དང་པར་རིས་སོགས་མིག་བཏོན་བྱས་ནས་ད་ཆ་འདས་དོན་གྱི་མི་ཚེ་གང་པོར་ལས་ཀའམ་ལེགས་སྐྱེས་ཕུལ་མྱོང་པའི་ལས་ཁུངས་ལ་འགྲོ་འདོད་དང་། དེ་མིན་མོས་བརྙན་འཕྲིན་གྱི་གསར་འགྱུར་བརྒྱུད་དེ་སྔོན་མོ་རང་བསྡད་མྱོང་བའི་ཡུལ་དེར་ལུས་རྩལ་འགྲན་བསྡུར་སོགས་དུས་སྟོན་ཅི་འདྲ་ཞིག་ཡོད་ཀྱང་རི་མོའི་ལམ་ནས་སེམས་ལ་བཞག་རྗེས་ང་ལ་ངེས་པར་དུ་བཤད་ཀྱི་ཡོད། འོན་ཀྱང་མོ་རང་འགྲོ་འདོད་ཤུགས་ཆེན་པོ་ཇི་ཙམ་ཡོད་རུང་ངའི་འགོ་དཔོན་དང་དེ་མིན་གྱི་འབྲེལ་ཡོད་ཚོས་ཀྱང་གཅིག་བྱས་ན་སྔོན་རྩིས་སུ་མེད་པའི་འགྲོ་སོང་གི་དངུལ་གཏོང་དགོས་པས་སྟབས་མི་བདེ་བའམ་གཏོང་འདོད་མེད་པ་ཡིན་སྲིད་པས་ངས་ཐེངས་ཁ་ཤས་གནས་སྟངས་དེ་གོང་ཞུས་བྱས་ཀྱང་དེར་ལན་གསལ་པོ་ཞིག་གནང་སྐྱོང་ཡོང་གི་མེད་པ་དེ་སྔོན་ལྟར་སྔ་སྲོལ་བཞིན་རེད། རྒས་མོས་ག་དུས་ཡིན་ཡང་ང་མོ་རང་ས་ནས་ལས་ཀ་ཚར་ནས་ཕྱིར་ལོག་འགྲོ་དུས་གོམས་སྲོལ་བཞིན་ངེས་པར་དུ་ང་ལ་འཐམ་ནས་བསྐྱེལ་མ་ལྟར་བྱེད་པ་འདི་མགོ་སེར་ཚོའི་ལུགས་ལྟར་ཡིན་པ་མ་ཟད། ད་དུང་ག་དུས་ཡིན་ཡང་ཁོང་མོའི་སྤྱན་ནང་མཆི་ཞག་འཁོར་གྱི་ཡོད་པ་དེ་ངས་མཐོང་གི་ཡོད། སྐབས་དེར་ང་རང་གི་སེམས་སུ་མོ་ལ་སྙིང་རྗེ་འགོག་མི་ཐུབ་པ་ཞིག་སྐྱེ་གི་ཡོད།

 

 

ཉིན་གཅིག་རྐང་རྩལ་སྤོ་ལོ་རྩེད་མཁན་ཧ་ཅང་མཁས་པའི་མོའི་བུ་དེ་མོ་རང་སར་འབྱོར་འདུག དེའང་རྒས་མོ་སྨན་ཁང་དུ་དུས་ཐོག་རྟག་དཔྱད་ཀྱི་ཆེད་དུ་རེད་འདུག ཕྱིར་འགྲོ་རན་པའི་སྐབས་སུ་རྒས་མོའི་བུས་ང་ལ་རྒས་མོའི་གདོང་ལ་མཛེས་བཟོ་དགོས་འདུན་བཏོན་པ་བཞིན་ངས་རྒས་མོའི་གདོང་ལ་མིག་རྫི་དང་མཆུ་ཏོ་དམར་མཚོན་ཡང་ཅུང་བྱུགས་པ་ཡིན། སྐབས་དེར་བུས་ངས་རྒས་མོར་མཛེས་བཟོ་བྱེད་པར་བལྟས་འདུག་སྟབས་ངས་ང་ཚོའི་ཕ་ཡུལ་ལ་ཕ་མ་རྒན་རྒོན་ཚང་མ་ཁྱིམ་གཅིག་ཏུ་འདུག་སྲོལ་མང་བ་དང་། རྒས་གསོ་ཁང་དུ་བསྐྱེལ་བ་དེར་ཡག་པོ་བརྩི་སྲོལ་མེད་སྐོར་བཤད་པས་རྒས་མོས་ལུགས་སྲོལ་དེ་འདྲ་ཧ་ཅང་ལེགས་ཚུལ་བཏོན་ཕྱིར་བསྟོད་རའི་ཚིག་གཅིག་ལེན་མང་བརྗོད་སོང་ཡང་། བུས་དེར་སྣང་བ་མེད་མདོག་སྟོན་གྱི་འདུག

 

 

དེ་ནས་ངས་ཇུས་གཏོགས་ཚ་བའི་གོམས་གཤིས་དེ་འགོག་མ་ཐུབ་པར་བུ་ལ་ང་རང་ཕ་མ་དང་མཉམ་དུ་ཡོད་དུས་ཕ་མ་སྤུན་མཆེད་ཚོར་བརྩི་བཀུར་ལེགས་པོར་བསྒྲུབས་མ་ཐུབ་པ་མང་བས་ད་ལྟའི་ཆར་མི་ཡུལ་དུ་སླེབས་དུས་སེམས་ལ་འགྱོད་པ་དང་སྡུག་ངལ་ཆེན་པོ་ཡོང་གི་ཡོད་ལུགས། མ་འོངས་པ་ལའང་ཕ་མ་སྤུན་མཆེད་རྣམས་ལ་དྲིན་ལན་ནམ་ཞབས་ཞུ་བསྒྲུབ་ཐུབ་མིན་མི་ཤེས་སོགས་བཤད། དེ་མིན་ཁོ་རང་ལ་ཨ་མ་མཉམ་དུ་འཚོ་བའི་གོ་སྐབས་འདི་འདྲ་ནི་ཧ་ཅང་སྐལ་བ་བཟང་ལུགས་སོགས་སོ་སོའི་སེམས་སུ་གང་དྲན་པ་ཚང་མ་བུ་ལ་བཤད་པས་ཁོས་ཀྱང་ང་ལ་གང་ཐུབ་ཀྱིས་མོས་མཐུན་ཡོད་ལུགས་མཚོན་པར་བྱས་བྱུང་།

 

 

དེ་རྗེས་ང་རང་མུ་མཐུན་ཁོང་མོར་སར་འགྲོ་དགོས་ལ། མོས་ཀྱང་ང་ཡོང་བའི་ཞོགས་པ་དེར་སྔ་པོ་ནས་རྒྱ་སྒོ་ཕྱེས་ནས་ང་ངང་སྒུག་བྱེད་པའི་ལུགས་སྲོལ་ཡོད་ཅིང་། ང་ཁང་པའི་ནང་ཡར་འཛུལ་མ་ཐག་ང་ལ་དགའ་སྣང་ཆེན་པོས་འཐམ་ཞིང་རྣམ་འགྱུར་ཡང་གང་ལེགས་བཏོན་པའི་གོམས་སྲོལ་ཡོད། སྐབས་དེར་ག་དུས་ཡིན་ཡང་ངས་སོ་སོའི་བརྩེ་ཆེན་གྱི་མ་ཡུམ་མཆོག་ཡིད་ལ་འཁོར་ཞིང་ཡ་ཆུང་གི་སེམས་སྐྱ་མོ་དེའང་ཧ་ཅང་ཉམས་ཆུང་དང་དྲན་གདུང་གི་མནར་བཞིན་སོབ་སོབ་ཆགས་ཀྱི་ཡོད་ལ། སྐབས་དེ་ནས་བཟུང་ངས་ཀྱང་ཨོ་གླིང་སར་ཕྱིའི་ཁོར་ཡུག་ཏུ་ཡར་ལྷ་བླ་མར་མཆོད་སའི་ཁོར་ཡུག་ཆེར་མེད་ལ། མར་སྤྲང་ཚོགས་ལ་སྦྱིན་པ་གཏོང་སའང་མང་པོ་མེད་པས་ཚེ་འདིར་ངས་གང་ཐུབ་ཅི་ནུས་ཀྱིས་རྒས་འཁོག་འདི་དག་ལ་ཞབས་ཞུ་སྒྲུབ་ན་ང་རང་ནང་པ་ཆུང་ཆུང་ཞིག་གི་ངོས་ནས་བླ་མའི་བཀའ་ལ་བརྩི་བའམ་འདི་ཕྱིར་ལས་བཟང་པོ་བསགས་སྟངས་ལེགས་པོ་ཞིག་ཡིན་ཨང་བསམ་ཞིང་། མི་ཡུལ་ལུང་པར་གཞན་དབང་སྟབས་བསྟུན་ཤུགས་ཆེན་དགོས་སྟབས་འདི་ནས་རང་ཁ་རང་གསོའམ་རང་མགོ་ཐོན་ཐབས་ཙམ་ལའང་ཉུང་མཐའ་ན་ལོ་གཉིས་གསུམ་འགོར་འགྲོ་གི་ཡོད་པ་རེད།

 

 

འོན་ཀྱང་དུས་རྒྱུན་སོ་སོས་སོ་སོར་གོ་བསྐོན་གང་ཐུབ་བྱེད་ཅིང་བྱ་བ་ཆུང་ངུ་ཡིན་ཡང་ལུས་ངག་ཡིད་གསུམ་སྒྲིལ་ནས་ཁོང་རྣམས་པར་ཞབས་འདེགས་གང་ལེགས་ཞུ་གི་ཡིན་བསམ་པ་ཡོད།  

 

(དེང་དུས་ཁོམ་དེ་ཙམ་མེད་པའི་དབང་གིས་རྩོམ་དུམ་རེ་བྲིས་ཁུལ་ཡངབརྗོད་གཞི་གཙོ་འདོན་མེད་པར་རང་གིས་གང་དྲན་བྲིས་བཞག་ཡོད་ལགས།) 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།