ང་འགྲོ་རུ་ཆུགས།

images/stories/25181803_1831327503565889_1512000525_n.jpgLet me go

讓我走

 ང་ལ་ཁ་ཡ་བྱེད་མི་དགོས།

ངས་གདམ་ཁ་བྱས་ཟིན།

དེ་སྔོན་ནས་ང་ཕྱིར་བལྟས་མེད་པར་སོང་བ་ཡིན་ཡང་།

ངས་གནམ་ལ་གྱེར་ནས་ལེན་པ་དེ།

གླུ་ཆུང་མིན་ལ་སེམས་ཁོངས་ནས་རྡོལ་བའི་ངུ་ངག་རེད།

འཇིག་རྟེན་འདིར་འཁྱམ་པའི་ཡུ་མོ་ཁེར་འགྲོ་མ།

ངུས་ངུས་པའི་མཐའ་མར།

ཇི་ཙམ་སོང་ཡང་སླེབས་རྒྱུ་མེད་དོན་ཅི།

ཤུགས་ཀྱིས་དགོད་ཀྱང་དགའ་རྒྱུ་མེད་དོན་ཅི།

 

གནའ་སྔ་མོ་སྔ་མོ་ཞིག་ནས།

དེང་བར་མཆེད་འོང་བ་ནི།

ངའི་མེས་པོ་གདོང་དམར་བ་ཚོའི།

རིགས་རུས་དང་ཁྲག་རྒྱུན།

དེའང་རིགས་རྒྱུད་ཙམ་གྱིས་ག་ལ་ཚད།

གཞན་གྱིས་དགོད་འཛུམ་ཤིག་ཤིག་གིས།

སོ་སོར་དབང་བའི་དུས་ཆེན་རོལ་དུས།

ང་ལ་ཅི་ཞིག་ལྷག་ཡོད་དམ།

བན་རོས་བརྩེགས་པའི་གངས་རི་དང་།

མེ་ལྷས་འཁྱེར་སོང་བའི་བླ་སྲོག་དེ་དག

རྒྱལ་ཁབ་དང་རང་དབང་མེད་པའི་བླ་འཁྱམ་ཚོས།

འཇིགས་སུ་རུང་བའི་རིགས་ཞེན་གྱི་ཀི་སྒྲས།

རྟག་ཏུ་ངའི་སེམས་ཀྱི་སྒོ་ཐེམས་རྡུང་ཞིང་།

སྙིང་ལ་གྲང་ངར་དེ་འདྲ་ཞིག་རྒྱུན་དུ་མྱོང་བཅུག་སྟེ།

ང་ལ་ལྷིང་འཇགས་ཉིན་གཅིག་ཀྱང་།

འབྱུང་མ་བཅུགས།

 

 

ངས་དགྲ་བོའི་སྲོག་རྩ་གཅོད་མ་ནུས།

ང་ལ་དེ་འདྲའི་བློ་ཁོག་མེད་པ་མིན་ནའང་།

ཤ་ཁོངས་རུས་གསེང་དུ་ཐེམས་ཆོག་པའི།

མེས་པོའི་རིག་གཞུང་གི་ཤུལ་བཞག་དེས།

ང་ལ་ཁ་ཞེ་གཉིས་མེད་ཀྱིས།

སེམས་རྩ་འབར་མ་བཅུགས།

 

དུས་དེ་ནས་བཟུང་ངས་གདོང་མཆོང་བློས་བཏང་བྱ་འདོད།

འཁོན་འཛིན་ཆུ་ལ་གཡུག་འདོད།

དཀར་པོའི་ཆུ་འཛིན་བཞིན།

དུས་ཡུན་གྱི་སྣང་ཚུལ་ལས།

ང་མུ་མཐའ་བྲལ་བའི་ས་ཐ་འདི་ནས།

སུས་ཀྱང་མ་གོ་མ་ཐོས་པར་སྐད་ཅིག་ཉིད་དུ་ཡལ་དུ་ཆུགས།

 

 

རིགས་ཞེན་གྱི་ས་བོན་དེ།

ད་དུང་ཡང་ལྗང་ལོ་ལྟར་རྒྱས་ཆོག་ཆོག་ཡིན་ཡང་།

ཅི་ཙམ་འདོད་པ་མེད་བཞིན་དུ།

ཅི་ཞིག་གི་འདེད་ཤུགས་ངར་མོས།

ངས་ལྗང་ལོ་དེའི་རྩ་བ་བཀོག་པར་བསྐུལ་འདེད་བྱས།

 

 

གདམ་ཁ་དེས།

ང་གཡང་སར་འཁྲིད་སྲིད་དམ།

ངའི་རེ་བ་ངར་མ་དེ་བོར་སྲིད་དམ།

དེ་ཡང་བསླུ་མེད་ཀྱི་ལས་འབྲས་ཡིན་ནམ།

དོན་ངོ་མར་རྩ་བ་ནས་གཡོལ་ཐབས་མེད་པ་ནི།

ད་ཆ་ང་རང་ཧ་ཅང་ཡིད་ཐང་ཆད་ནས་ཡོད་པ་དེ་ཡིན།

 

 

ད་ཡིན་ན་ང་རང་འགྲོ་རུ་ཆུགས།

ང་གཡང་སར་སླེབས་ཀྱང་རུང་།

ང་སྨིག་མེད་དུ་གཏོང་ཡང་ཆོག

བློ་མཐུན་ཡིན་ཟེར་མཁན་ཚོས་ཀྱང་།

ད་ནས་ངའི་ལག་པ་ནས་བཟུང་མ་འོང་།

ང་ལ་འདོད་པ་ཇི་ཙམ་མེད་ཀྱང་།

ང་ཕྱི་བཤོལ་མེད་པའི་ལམ་དེར་འགྲོ་རུ་ཆུགས།

 

 

མཚམས་འདིར་ངའི་སྣ་བུག་ནས་ཚ་ཤར་རྒྱག་འོང་གི་འདུག་ཀྱང་།

ངས་སོ་སོ་ཤུལ་མེད་དུ་གཏོང་འདོད་ཆེ།

ཐལ་བ་བཞིན།

སྤྲིན་ཕུང་བཞིན།

སྐད་ཅིག་ཉིད་དུ་སོ་སོ་བརླག་ན་འདོད།

ངས་ཐེ་ཚོམ་མེད་པར་ཤེས་ཀྱི་ཡོད།

སྐབས་དེར་ངའི་སེམས་ལ།

འགྱོད་གདུང་དྲག་པོས་བརྡུང་སྲིད།

སྡུག་གི་མཚོ་མོ་འཁྱིལ་ཡང་སྲིད།

འོན་ཀྱང་ང་ལ་གང་ཡང་ལྷག་མེད།

ངས་སྐད་ཅིག་ཙམ་གྱི་མཛེས་པ་དེར་རེ་ཞིང་།

ང་དང་ངའི་རིགས་མཐུན་གྱི་ཡོངས་རྫོགས།

ཆུ་ལ་གཡུགས་དང་མཚུངས།

 

 

ངའི་མིང་ནས་འབོད་མ་འོང་།

ང་འཇིག་རྟེན་འདི་ནས་ཡལ་དུ་ཆུགས།

ད་ང་རང་དོན་མེད་ཀྱི་འཕགས་མཆོང་དེ་འདྲ་བྱེད་འདོད་མེད།

དེའི་རྐྱེན་གྱིས་ལས་འབྲས་ནས་ང་ལ་ཅི་ཡང་སྦྱིན་པ་མི་སྲིད།

 

སྔ་མོ་ཞིག་ནས་མེས་པོའི་ཤུལ་བཞག་དེས།

དམ་ལྷོད་རན་པའི་སྒོ་ནས་ངའི་སེམས་རྩའི་ངར་ཤུགས་བསྡམས་ཟིན།

བདག་གང་ལའང་འཕུར་མི་ཐུབ་པའི།

ནུས་མེད་ཀྱི་གཤོག་ཟུང་ཞིག་ཐོགས་ཡོད།

མི་འདོད་བཞིན་དུ།

ངའི་ངོ་བོ་ཉམས་སུ་བཅུགས།

སུམ་མདོ་ལམ་དུ་ལྷག་པའི་ཡུ་མོ་ཁེར་འགྲོ་མས།

མེས་པོ་དམ་པ་གཞན་དེ་ཚོའི།

སེམས་ཤུགས་དང་སྤོབས་པ།

རིགས་ཞེན་གྱི་སྒེར་དོན་དེ་ཚོ།

བློས་གཏོང་བྱ་བརྩིས་ཡིན།

 

 

དུས་མཚུངས་སུ།

སོམ་ཉིའི་སྐད་སྒྲ་གཞན་ཞིག་གིས།

ཁྱོད་ཀྱིས་དེ་དག་བློས་གཏོང་བྱ་ཆོག་གམ།

བྱ་ཕོད་དམ་སོགས་མུན་ནག་གི་གླིང་ནང་།

ང་ལ་ངར་བཞིན་འབོད་ཐེངས་མང་པོ་བྱུང་ཨང་།

 

 

ད་ཆ་མགོ་སེར་ཚོའི་བྲན་གཞན་ཞིག་ཏུ་ཚུད་པའི།

ཕ་ཁྱིམ་བོར་བའི་ཡུལ་འཁྱམ་ང་ཚོས།

ལྕེ་ནས་དགའ་མདོག་གི་མཆི་མ་ལྡུད་ཅིང་།

མཐོང་མི་ཐུབ་པའི་རྔ་མ་གཡུག་གཡུག་གིས་ངོ་དགའ་འཁྲབ་ཀྱི་ཡོད།

འོ་ན་འདི་ནི་ང་ཚོའི་འཚོ་སྟངས་ངོ་མ་ཡིན་ནམ།

ང་ནི་ད་དུང་ཡང་འཛམ་གླིང་འདིར་གྲགས་མྱོང་བའི།

གངས་ཅན་པའི་རྗེས་འཛིན་ཡིན་ནམ།

ངའང་བཙན་པོའི་རྗེས་འཛིན་དུ་གཏོགས་པའི།

གདོང་དམར་བ་ཡིན་ནམ།

 

 

ད་ནས་ང་ཚོ་འདི་ལྟར་གོ་མེད་ཚོར་མེད་ཀྱིས།

ཤུལ་མེད་འགུལ་མེད་ཀྱིས།

སྒེར་དོན་འཚོ་བའི་ཁོ་ནར་བྲེལ་ནས།

ཕྱི་མིའི་ལམ་དེར་ཅེར་དགོས་སམ།

ཀྱེ་མ་ཧུད་།

ངའི་སྙིང་རྩ་གས་གྲབས་བྱས་མྱོང་བའི་ཚོར་འདུ་དེ་་་་་་།

གངས་ཅན་པ།

( འཕུར་མ་ཐུབ་ན་རྒྱུགས་དགོས་པ་དང་།

རྒྱུགས་མ་ཐུབ་ན་གོམ་བགྲོད་དགོས།

དེའང་མ་ཐུབ་ན་གོག་འགྲོས་བྱེད་) མི་དགོས་སམ།

 

 

 

སད་མ་ཐུབ་པའི་མཚན་མོ་འདིར་ཤར་རིའི་དུང་གི་ཟླ་བ་དེ་འདྲ་མཛེས་པ་ལ།

འོན་ཀྱང་ང་ལ་མཛེས་སྡུག་དེ་འདྲ་སྐྲུན་པའི་གདིང་ཚོད་མེད།

ནུབ་རིའི་ལྷུན་པོ་དེའང་དེ་འདྲ་བརྗིད་ཉམས་དོད་པ་ལ།

འོན་ཀྱང་ང་ལ་ངོམས་བཟོ་ཆོག་པའི་གཟི་བརྗིད་ཅིའང་ལྷག་མེད།

 

 

དགྲ་བོས་ངའི་མགོ་བོར་ཇི་ཙམ་རྡོག་བརྫིས་བཏང་ཡང་།

ངའི་མིད་པ་འགག་ཅིང་སེམས་ཀྱི་ངུ་ངག་ལ་ཉན་བཞིན།

འཇིག་རྟེན་འདི་སྙིང་པོ་མེད་པའི་ཟིལ་ཤུགས་དེས།

ང་ལ་འགོག་མ་ཐུབ་པའི་སྲ་བརྟེན་གྱི་བསླབ་བྱ་དོ་མེད་ཅིག་སྦྱིན་འོང་།

 

 

ངོ་མ་ཡིན། ད་ཡིན་ན་ང་འགྲོ་རུ་ཆུགས།

གཞན་གྱིས་ངའི་ངོ་བོར་མཆི་མས་སྦག་བཙོག་ཇི་ཙམ་བཟོས་ཀྱང་།

ད་ཡིན་ན་ང་རང་ཕྱི་མའི་ལམ་དུ་བཞུད་དུ་ཆུགས།

ལྷིང་འཇགས་སེའི་ངང་ནས།

གཞན་གྱིས་ངའི་མིང་ནས་ཐོས་དུས།

དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཅིའང་མེད་པའི་ཐོག་ནས།

ཤུལ་མེད་ཀྱི་སྒོ་ནས།

གོ་མེད་ཚོར་མེད་ཀྱིས།

དུང་ཕྱུར་བཅུ་ལྷག་བརྒལ་ཟིན་པ་རེད་ཟེར་བའི།

སའི་གོ་ལ་འདིའི་མི་ཚོགས་དབུས་ནས།

སྔོན་བྱོན་དང་རྗེས་འཇུག་ཚོའི་གཟི་བརྗིད།

བྱས་རྗེས་དང་སྤོབས་པ་ཡོངས་རྫོགས་ནི་བྱེ་མ་རླུང་གིས་སྤུར་བ་བཞིན།

གང་ཡང་ལྷག་མི་སྲིད་ཅིང་།

ཅིའང་འགྱུར་མི་སྲིད།

 

 

སོ་སོ་བདག་གི་མགོན་ཡིན་གྱི།

གཞན་གྱིས་བཀོད་འདོམས་ཅི་ཞིག་སྲིད།

དཀོན་མཆོག་གིས་ཀྱང་གཡས་འདེད་གཡོན་གཟུར་དཀའ་བའི།

ལས་འབྲས་གསོན་པོའི་སྨུ་ཐག་དེ་དར་བཞིན་འཐེན་པ་ལས།

རྡུལ་མཚོན་གྱིས་བཟོས་པའི་མཚོན་ཁྲ་ཅན་གྱི་འཇའ་མཚོན་བཞིན།

ཚན་རིག་དང་འཕུར་མདའ་ཡི་ཚན་རྩལ་དང་།

འབར་གས་བཞིན་འཐོར་ཆོག་པའི་མིང་གྲགས་བཅས་ཀྱིས།

ནམ་ཡང་བསླུ་བ་མེད་པའི་ལས་འབྲས་ཀྱི་ཁ་ལོ་བསྒྱུར་མི་ཐུབ།

 

 

 

ལྐོག་འགྱུར་གྱི་ནུས་ཤུགས་དེས་ང་ལ་ངེས་ཤེས་རྙེད་པའི་གདོང་གྲོགས་མཛོད།

ད་ཡིན་ན་སུ་གཅིག་གིས་ངའི་མིང་ནས་འབོད་མ་འོང་།

ས་སྟེང་འདི་ནས།

གོ་ལ་འདི་ནས།

ང་དལ་འབབ་ཀྱི་ཆུ་རྒྱུན་བཞིན་རྒྱ་མཚོར་འདྲེས་སུ་ཆུགས།

བཟང་པོའི་སྤང་ལྗོངས་སུ་དལ་འགྲོའི་གར་སྟབས་ཀྱིས།

གོམ་པ་རེ་རེ་བཞིན།

མང་པོས་ཤེས་རྟོགས་མེད་ཅིང་གོའང་མ་མྱོང་བའི།

མངོན་མེད་ཤུལ་མེད་ཀྱི་ས་དེ་འདྲ་ཞིག་ལ་ངའང་འགྲོ་རུ་ཆུགས་ཡ།

 

 

ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༡ ཎོ་བྷེལ་ཞི་བདེའི་གཟེངས་རྟགས་ཉིན་གྱི་

ཞོགས་པ་ཆུ་ཚོད་ ༩་༤༨ ཐོག་ཨོ་གླིང་རང་ཤག་ཏུ་ཚར་བ་བྲིས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།