བོད་པའི་གཤིས་ཀ།

images/stories/126.jpgབོད་པའི་གཤིས་ཀ།

Thedifferent character of Tibetans

博巴(藏人)的性格

 

དབུས་གཙང་།

དབུས་གཙང་ནི་སྤྱིར་ན་བོད་མི་རིགས་འདིའི་ཆོས་སངས་རྒྱས་ཀྱི་བསྟན་པ་དར་ས་དང་། ཆབ་སྲིད་ཀྱི་ལྟེ་གནས་རྒྱལ་ས་ཆགས་ས་བཅས་གཙོ་བོ་ཡིན་པའི་དབང་གིས་མི་ཚོས་གང་ཐུབ་ཀྱིས་བཟང་ལུགས་ཤིག་འཛིན་རྒྱུར་སྣང་བ་མང་ཙམ་ཕྱོགས་སྲོལ་འདུག་སྙམ།

དུས་མཚུངས་སུ་བོད་གཞུང་ཞབས་མ་ལག་དང་བཅས་པའི་མི་སྣ་མང་ཆེར་དབུས་གཙང་གཉིས་ཀྱི་སྐུ་དྲག་གི་ཁྱིམ་རྒྱུད་ཚོས་འཛིན་སྐྱོང་སྤེལ་གསུམ་གྱི་ལས་སུ་འཇུག་རྒྱུར་བརྩོན་མཁན་མང་བས་སྔ་སྲོལ་དེང་སྲོལ་གྱི་དར་སྲོལ་བཅས་ཀྱི་ལམ་ལུགས་མང་པོར་བརྩི་སྲུང་བྱེད་རྒྱུ་ལའང་དང་དོད་ཆེ་ཙམ་སྣང་། ཁ་མང་པོས་གུས་སྲོལ་བརྩི་ལུགས་མང་པོ་དབུས་གཙང་ནས་བྱུང་ལུགས་བཤད་ཀྱང་དེའང་མཐའ་གཅིག་ཏུ་ངོས་འཛིན་རྒྱུ་དཀའ་ཞིང་ངེས་པ་མེད་པ་དེ་ནི་ཡུལ་ལུང་རེ་ལ་ཆགས་ལུགས་རེ། ཆགས་ལུགས་རེ་ལ་ཁྱད་ཆོས་རེའི་དཔེ་ལྟར་ས་ཐ་ཅི་འདྲ་ཞིག་ཡིན་ཡང་མི་ཚོས་ཡུལ་དེའི་མི་དམངས་ཚོས་གོང་ལ་བསྐུལ་སྲོལ་དང་དམན་ལ་སྡང་སྲོལ་གཙོས་འཚོ་བའི་ལམ་སྲོལ་ཡོད་པས་རེད།

 

 

 

ལུས་ངག་གཉིས་ཀྱི་གུས་ལུགས་འདི་ཚད་དང་ལྡན་ན་ཡིན་ལུགས་ཚུལ་མཐུན་དུ་འགྲོ་རྒྱུ་དང་། དེ་མིན་ཐལ་ཆ་ཆེ་བར་སོང་ན་གཡོ་རྫུས་དང་བཅོས་མར་འགྲོ་སླ་བས་ལ་ལས་དབུས་གཙང་སྤྲད་ལེད་ཅན་ཟེར་ནས་བཤད་མཁན་ཡོད་པ་དང་། ངོ་ལ་དགའ་འཛུམ་ཤིག་ཤིག་ཁོག་ལ་གཡོ་སྒྱུ་ནར་ནུར་ཞེས་ལུས་ཀྱི་གུས་ལུགས་འདི་སྒེར་དོན་སྒྲུབ་ཕྱིར་བཅོས་མའི་ཚུལ་དུ་སོང་ན་དེ་ནི་འཇམ་པོས་མི་བསད་འདོད་པའི་བྱ་སྤྱོད་ཅིག་ལ་འགྲོ་བར་ངེས་། འོན་ཀྱང་དོན་དངོས་ཐོག་གུས་ལུགས་འདི་སེམས་ཁོངས་རུས་པའི་གསེང་གི་གོང་བསྐུལ་དང་གུས་ཞབས་ཅིག་ཡིན་ན་དེ་ནི་འགྲོ་བ་མིའི་ཀུན་སྤྱོད་ལེགས་པོའི་ཚད་མཇལ་ན་ལུས་ངག་ཡིད་གསུམ་གྱིས་མཚོན་དགོས་སྟབས།

 

 

ཕ་རོལ་པོར་གུས་ལུགས་མཚོན་བྱེད་ལུས་ཀྱི་འགུལ་སྤྱོད་བཟང་པོ་ནས་རྟོགས་དགོས་པ་ཞིག་ཡིན་ལ་མིའི་རིགས་ཀྱི་རིག་གཞུང་དང་ཤེས་ཡོན་དར་སྲོལ་ཆགས་པའི་ལུས་ཕུང་གི་མཚོན་བྱེད་མངོན་གསལ་དེའང་ཡིན་པས་གཏམ་དཔེའི་ནང་ཡ་རབ་མ་རབ་སྤྱོད་པས་ཤེས། ཅེས་པའི་དོན་ཡང་ཡིན་ནོ། གུས་ལུགས་ལ་བརྩི་མཐོང་ཆེ་བའི་དབང་གིས་ཁྱིམ་ཚང་ལེགས་གྲས་སུ་རྟོགས་པ་ཚོས་གང་ཐུབ་ཀྱིས་བུ་རྒྱུད་ཚོ་ལའང་འདིའི་སྐོར་གྱི་བསླབ་བྱ་སློབ་གཉེར་སོགས་ལ་བརྩོན་ནས་མི་རབས་རིམ་བརྒྱུད་བྱེད་པར་བརྟེན། དབུས་གཙང་བ་འདིའི་མི་གཤིས་ལ་ཞིབ་ཆ་ཆེ་ཞིང་། ཞི་དུལ་བག་ཕེབས་དང་། གཞན་ལ་ལྟ་ཤེས་བསྟུན་མཁས་ཅན་དུ་ངོས་བཟུང་མཁན་མང་། འོན་ཀྱང་ཞིབ་ཚགས་ས་ཤིག་ནས་ཁོག་རྒྱ་ཅུང་ཆུང་སོང་བའི་དབང་གིས་བྱ་བ་གང་ཡིན་ལ་ཐད་ཀར་ཐག་ཆོད་རྒྱུ་ཞིག་ལ་གྱ་གྱུ་མང་པོ་བཟོས་ནས་དོན་ཕན་ཚབ་ཏུ་གནོད་ཆེ་བའང་མིན་ནམ་བསམ། དབུས་གཙང་ནི་ཆོས་སངས་རྒྱས་བསྟན་པ་དར་ས་ཡིན་ཞེས་པའི་ཤུལ་དུ་ཆོས་དད་དང་སྲོལ་རྒྱུན་གྱི་མི་རིགས་ལམ་ལུགས་མང་པོ་ཞིག་ཀྱང་དབུས་གཙང་བས་མ་ཉམས་པར་བརྒྱུད་འཛིན་བྱེད་ཀྱི་ཡོད་པ་གང་ཞིང་གདན་ས་ཆེན་པོ་གསུམ་ཡང་ཆགས་ཡུལ་ཡིན་སྟབས་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ་ཞེས་འབོད་སྲོལ་འདི་ཆགས། དབུས་གཙང་མི་ཚོས་གང་ཐུབ་ཀྱིས་ཆེ་ས་མཐོ་སར་ལྟ་ས་དེའང་བླ་མ་བླ་ཆེན་དང་དགོན་ཆེ་ཆུང་གི་ཆོས་པ་རྩ་ཆེན། སྲིད་ཕྱོགས་ནས་ཡིན་ན་དཔོན་བློན་གྱི་གོ་ས་ཡོད་པའི་སྐུ་དྲག་དཔོན་ཆེན་ཡིན་པའི་དབང་གིས་ཆོས་སྲིད་གཉིས་ལ་གཞོལ་ཐབས་ཀྱིས་མཐོ་ས་ཤིག་ལ་ལྟ་བ་འདིའང་དབུས་གཙང་བས་བརྩོན་བྱའམ་དམིགས་སྒོ་གཙོ་བོར་བརྩི་སྲོལ་འདུག་སྙམ། དེ་མིན་དབུས་གཙང་དུ་རྟོགས་པའི་སྟོད་པ་འདི་ཚོ་ནི་ཡུལ་ལུང་མཐའ་འཁོབ་ཏུ་གནས་པའི་དབང་གིས་ཡིན་ནམ་སྙམ་ཞིང་དབུས་དང་གཙང་གཉིས་ཀྱི་ལམ་ལུགས་གོམས་སྲོལ་རྒྱུད་འཛིན་མང་པོ་མེད་པར་སྟོད་པ་སོ་སོའི་ཆགས་ལུགས་མི་འདྲ་བ་ལྟ་བུ་འཛིན་པ་ལས་དབུས་གཙང་གི་མི་གཤིས་དང་ཅུང་ཕྱོགས་འགལ་དུ་སོང་བ་འདིའང་མང་པོས་ལུས་ཀྱི་སྤྱོད་པས་མིག་སྟོན་བྱེད་ཀྱི་འདུག

 

 

ཁམས་པ།

ཁམས་པ་མི་རིགས་ཅེས་སྔོན་ནས་ཚིག་བརྗོད་འདི་འདྲ་ཞིག་མཐོ་བླ་མའི་ཞལ་དང་དམའ་འབངས་མི་སེར་ནས་བེད་སྤྱོད་ཀྱི་འདུག་ཀྱང་འདིའང་བོད་མི་རིགས་ཁོངས་སུ་རྟོགས་པར་གདོན་ཟ་མི་དགོས། ཁམས་པ་ནི་ཆུང་ནས་ཆེ་བར་རྒན་རབས་རྣམས་གཙོས་བུ་ཚོར་ཕོ་བློ་རིག་བཀྲ་ཞིང་གཤིས་ཀ་བཙུན་པ་ཞིག་ཡིན་ཚེ་རབ་ཅིག་ལ་ངོས་འཛིན་གྱིས་ངེས་པར་དུ་ཆོས་སྒོར་བཞུགས་བཅུག་རྒྱུ་དེ་མི་རབས་དང་ཁྱིམ་ཚང་གི་གཟི་བརྗིད་ལ་བརྩི་སྲོལ་འདི་ཆོལ་གསུམ་མི་གཤིས་ཀྱི་གཅིག་གྱུར་ཕྱོགས་ཡིན་ལ་གངས་ལྗོངས་ཆོས་ལྡན་ཞིང་གི་ཁྱད་ཡོན་ཞིག་ལའང་བརྩི་བའི་སྲོལ་འདི་དར་འདུག ཁམས་པ་སྐྱ་བོ་སྡེའི་ཕོ་ཞིག་ཡིན་ཚེ་དེར་ཚང་དགོས་པའི་རང་གཤིས་ནི་དཔའ་བློ་སྟོབས་ཆེ་བ། ཁོག་རྒྱ་ཡངས་པ། སྐྱེས་པ་ཕོའི་ཁོག་ཏུ་མདའ་ཤོང་མདིའུ་ཤོང་དགོས་ཅེས་དང་། སྐྱེས་པ་ཕོ་ཞིག་ཡིན་ན་ཐང་དཀར་རྒོད་པོ་ལྟར་གནམ་འཕང་གཅོད་དགོས། དཔའ་བློ་སྟོབས་བསྐྱེད་དེ་ཡུལ་ལུང་སྲུང་དགོས་སོགས་ཀྱི་སློབ་གསོ་རིམ་བསྟུད་ལྟར་སྤྲོད་མཁན་མང་། འོན་ཀྱང་དོན་དངོས་ཐོག་བློ་ཁོག་ར་ཡི་རིལ་མ་ཙམ་ལས་མེད་མཁན་གྱི་ཁམས་པའི་བུ་ཞིག་ཡིན་ཡང་ཕོ་ལུས་ལན་ཚད་ཀྱིས་སོ་སོས་འཇོན་མིན་ལ་མ་ལྟོས་པར་གང་ཐུབ་ཀྱིས་ཁོག་རྒྱ་ཆེ་ཐབས་དང་དཔའ་བློ་ཁོག་ཅིག་ལ་བརྩོན་པའི་ལུགས་སྲོལ་འདི་ཆགས་པ་མིན་འགྲོ་སྙམ། དུས་མཚུངས་སུ་བདེན་མིན་ལ་མ་ལྟོས་པར་ཕྱི་ཚུལ་ནས་མཐོང་སྣང་ལ་ཁམས་པའི་རིགས་ནི་སྤྱོད་པ་རྩིང་ཚུལ་ལམ་འཛིང་རས་རྒྱག་རས་ཚ་པོ་ཡོད་པའི་ཤོད་ཡམ་ཞིག་ཀྱང་ཆགས་འདུག དོན་དངོས་ཐོག་ཆུང་ནས་གཤིས་སྤྱོད་འདི་འདྲ་ཞིག་གསོ་སྐྱོང་བྱས་པའི་དབང་གིས་དམིགས་བསལ་དུ་ཕོ་ཚོས་རང་གཤིས་སུ་ཆེ་ས་ཞིག་ལ་དམིགས་ནས་སྡོད་རྒྱུ་ལས་སྤྱི་བཏང་བའི་ཞིབ་ཚག་གི་བྱ་བར་འཇུག་རྒྱུ་མི་སྤྲོ། ཁྱིམ་ཐབ་ལྟ་བུ་ནི་ཆུང་ཙག་གི་ལས་སུ་སྣང་བ་ཙམ་ཡང་མི་གཞོལ་པར་དེ་དག་ཉམས་ཆུང་བུད་མེད་ཚོས་བྱས་ན་ལེགས་ཚུལ་ལས་སྐྱེས་ཕོ་ཚོས་བྱེད་པའི་ལུགས་སྲོལ་ཆེར་མེད་པ་ལྟ་བུ་རེད། ཁམས་པའི་རྒན་རབས་ཚོས་རྒྱུན་དུ་སྐྱེ་པ་ཕོ་ལུས་ལེན་ཚད་ཀྱིས་ཕྱིའི་ནམ་མཁའ་སྲུང་དགོས་པ་ལས་ནང་གི་དཀར་ཁུང་སྲུང་ནས་སྡོད་རྒྱུ་མེད་པའི་བསླབ་བྱ་དང་བློ་ཁོག་རྒྱུད་དུ་གསོ་སྐྱོང་བྱེད་སྲོལ་དར་འདུག དེའི་ལྡོག་ཕྱོགས་ནས་བཤད་ན་སྤྱོད་པར་ཞིབ་ཆ་མེད་པའི་དབང་གིས་ཁམས་པ་རྣམས་སྤྱང་གྲུང་མི་འཛོམས་པའང་མཐོང་སྲིད་མོད་གཞན་གྱི་སྣང་བར་དེ་ཙམ་འགྲོ་མིན་ལ་མ་ལྟོས་པར་མདོ་སྟོད་མིའི་ཆོལ་ཁ་ཞེས་པ་ལྟར་མིའི་རྒྱུད་པར་ཡིད་ཆས་བློ་འགེལ་འོས་ཤིང་ཕུག་ལ་བརྟན་པ། སྲ་བརྟན་འགྱུར་མེད་ཅིག་ལའང་རློམ་མཁན་མང་པོ་རེད། དུས་མཚུངས་སུ་ངས་བསམ་པར་ཁམས་པ་ཕོ་ཚོས་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་མི་གཤིས་སུ་གྲུབ་པའི་གཞན་ཕ་རོལ་པོར་ལྟ་ཤེས་བསྟུན་མཁས་ཀྱི་གཤིས་སྤྱོད་འདི་ཧ་ཅང་དགོས་མཁོ་ཆེ་བའི་རྒྱུ་ཞིག་ཏུ་གྱུར་འདུག་སྙམ་པའང་འདུག

 

 

 

ཨ་མདོ།

ཨ་མདོ་བ་སྤྱང་གྲུང་འཛོམས་ཚུལ་ལ་ཁེངས་སྤོབས་སྐྱེ་མཁན་མང་། དམིགས་བསལ་དུ་དགའ་ལྡན་ཕོ་བྲང་སྐབས་སུ་ཨ་མདོ་ནས་བོད་མི་རིགས་འདིས་གནམ་ལ་ཉི་ཟླ་ཟུང་གཅིག་ཅེས་འབོད་སྲོལ་ཡོད་པའི་བླ་མ་རྩ་ཆེན་༧རྒྱལ་པཎ་གཉིས་བྱུང་བའི་དབང་གིས་ཨ་མདོ་བའི་ངོ་སོ་དགོང་ལ་བསྟོད་པ་ལྟར་གྱུར་། དེ་མིན་ཨ་མདོ་བའི་ས་ནས་གཞན་ཆོལ་ཁ་གཉིས་དང་གཅིག་མཚུངས་ཀྱི་རིག་གནས་མཁས་པ་མང་ཙམ་བྱུང་བས་རིག་པའི་འབྱུང་གནས་ཅེས་ཀྱང་འབོད། སྤྱིར་ན་ཨ་མདོ་བའི་རིགས་འདིའི་ནང་སྤྱི་བཏང་བའི་ཤེས་ལྡན་རློམ་མཁན་ཚོའི་གཤིས་སྤྱོད་ལ་ཚོར་ཤུགས་རྣོ་བ་གང་ཞིག་དྲན་རྒྱུ་རྒོད་པོ་དང་རླུང་ཚ་པོའམ་མང་པོ་ཞིག་ནི་ཚ་གེ་ཚི་གེ་བྱེད་རྒྱུར་དགའ་པོ་ལྟར་སྣང་། ཨ་མདོ་ཡུལ་འདི་གཙོས་མདོ་ཁམས་ཀྱི་ས་མང་པོ་ས་བཅུད་ཡུལ་བཅུད་འཕེལ་ཁ་དར་བའི་སྤང་ཁ་དང་རང་བོད་མི་རིགས་འདིར་བཀའ་དྲིན་གཞོལ་བ་དཀའ་བའི་ཆོལ་གསུམ་གྱི་ཁོངས་སུ་རྟོགས་པའི་སྐྱེས་རབ་ཚོའི་བཀའ་དྲིན་ལ་བརྟེན། ཨ་མདོ་བ་རང་བཞིན་གྱིས་ཁ་ཕོ་རུ་སྲུང་མཁན་ཡིན་པའི་ཆ་ནས་དེ་ལའང་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་ལམ་ལུགས་དར་ཞིང་། རང་ཡུལ་རང་སྲུང་གི་བསམ་བློ་རྣོ་ལ་དེང་ས་འདིར་བོད་ཀྱི་སྐད་དང་ཡི་གེ ཆོས་དང་རིག་གཞུང་སྐྱར་དར་གྱི་མཚོ་རླབས་འཕྱུར་ས་གཙོ་བོའི་གྲལ་ཞིག་རེད་ཟེར་ནའང་འགྲིག་པར་སྣང་།

 

དུས་མཚུངས་སུ་ཨ་མདོ་བ་ནི་ཧ་ཅང་སྤྱང་གྲུང་ཅན་ལ་མཐོང་སྣང་ནས་མི་རིགས་ཀྱི་ལ་རྒྱ་དང་རིགས་ཞེན། སྐད་དང་ཡི་གེར་གཙིགས་ཆེན་འཛིན་སྲོལ་འདུག གོ་ཐོས་ལ་མི་གཤིས་སུ་འགྱུར་མེད་སྲ་བརྟན་དུ་རློམ་པའི་ཡུལ་ལུང་ཉུང་ཤོས་ཀྱང་སྣང་བ་དཔེར་ན་ཨ་རིག་དང་མགོ་ལོག་ལྟ་བུའོ། ཨ་མདོའི་ས་ཆ་མང་ཆེར་ཡངས་ཤིང་སྤང་ཁ་དར་བའི་དབང་གིས་རྟ་ནོར་ལུག་གསུམ་གཙོས་ནོར་ཕྱུག་དར་རྒྱས་འགྲོ་བའི་ས་ལ་ངོས་འཛིན་གྱིས་ས་ཡག་ལུང་པ་འདིར་ཨ་མདོ་གྱི་ལིང་རྟ་ཡི་ཆོལ་ཁའང་འབོད་སྲོལ་འདི་ཆགས་པ་མིན་འགྲོ

 

 

མཇུག་གི་མཆན།

འགྲོ་བ་མིའི་རིགས་ཡིན་ཕྱིན་ཕྱིའི་ཤེས་ཡོན་སློབ་གསོ་དང་། ཡུལ་གོམས་གཤིས་ལུགས་བཅས་ཀྱིས་མིའི་བསམ་བློར་བག་ཆགས་གཏིང་ཟབ་བཞག་པའི་དབང་གིས། གང་ཟག་ཅི་འདྲ་ཞིག་ཡིན་ཡང་དེའི་ཁོར་ཡུག་དང་ཉེ་འབྲེལ་གྱིས་ཤུགས་རྐྱེན་དང་བློ་བསྐྱེད་གཙོ་བོར་བཞག་པར་བརྟེན་ནས་རིམ་གྱིས་སྒེར་གྱི་བསམ་སྤྱོད་དེའང་གྲུབ་པ་མང་། ད་ལྟའི་ཆར་བོད་ཆོལ་གསུམ་དུ་ཕན་ཚུན་གཉེན་སྒྲིག་གི་ལམ་ལུགས་དར་ནས་རིགས་རྒྱུད་མང་པོ་ཕར་འདྲེས་ཚུར་འདྲེས་ཡིན་པ་ལས་མཐའ་གཅིག་ཏུ་འདི་ཡིན་དེ་མིན་གྱིས་བཤད་ཚོད་ཁག་པོ་རེད། རིགས་རྒྱུད་སམ་རྗེས་རབས་རྣམས་ཀྱང་མཐའ་གཅིག་ཏུ་སྔོན་སོང་ལྟར་གཅིག་མཚུངས་སུ་ཆག་རྒྱུར་ངེས་པ་མེད།

 

དེའང་གཤེན་པའི་ཁྱིམ་རྒྱུད་ལ་བླ་མ་རྩ་ཆེན་ཕེབས་སྟངས་དང་། བླ་རྒྱུན་ཆད་མ་མྱོང་པའི་ཁྱིམ་ཚང་ནས་གཤེན་པ་བདུད་འདྲ་བའང་རེ་གཉིས་འབྱུང་སྲིད་པ་འདི་ནང་ཆོས་ལྟར་ན་ལས་རྒྱུ་འབྲས་ཀྱི་ཤུལ་རིས་དེ་མིག་སྟོན་ཡིན་ཚུལ་ལ་སྔོན་མར་གང་བྱས་ད་ལྟའི་ལུས་ལ་ལྟོས། རྗེས་མར་གང་ཆག་ད་ལྟའི་ལས་ལ་ཡོད་ཅེས་པ་ལྟར་ཡིན་ངེས་ལ་ནང་པ་ཚོས་དེར་ཡིད་ཆེས་བྱེད་པར་གདོན་མི་ཟ་སྙམོ།

 

སྤྱིར་ན་འཚེ་བ་དང་དྲག་སྤྱོད་ཕུད། མིའི་གཤིས་སྤྱོད་ལ་མཐའ་གཅིག་ཏུ་འདི་ཡག་དེ་ཉེས་འབྱེད་ཁག་པོ་རེད། སྐབས་དུས་སུ་གང་ཟག་ཅིག་གིས་རང་གཞན་གཉིས་ཀྱི་ཕུག་ལ་ཕན་པ་ཆེ་མིན་གྱིས་ལེགས་ཉེས་འབྱེད་དགོས་སྟབས། ཡག་པོའི་གཤིས་སྤྱོད་ཅན་ཞིག་གིས་དུས་ཐོག་གཞན་ཕན་ལ་གཞོལ་ཐབས་མ་འབྱུང་སྟབས་དགོད་བྲོ་བའི་བླུན་རྟགས་སྟོན་པ་དང་། གླན་ལྐུགས་ཅན་ཞིག་གིས་གོ་སྐབས་སྟབས་ལེགས་ནས་མང་པོར་ཕན་སྲིད་པའི་དཔེ་མཚོན་རེ་གཉིས་ཡོད་པས་འདི་ནི་ལས་འབྲས་ཀྱིས་གཞལ་དགོས་ལ་ཕལ་པའི་མིག་ནང་གསང་བ་ལྐོག་འགྱུར་ལྟར་ཡིན་པ་མཐོང་།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།