གཞིས་ལུས་སྤུན་ཟླར་མོལ་བ།

images/stories/logo34.gif

 

 

 

 

དེ་རིང་འོས་བསྡུའི་བསྐལ་བཟང་ཉིན་མོ་འདིར།

གཞིས་བྱེས་གཉིས་ལ་སེམས་རྩ་ཅུང་ཙམ་འཁོར།།

རང་དབང་དམངས་གཙོ་སྤྲིན་ཕུང་རླུང་འཁྱེར་ལྟར།།

གདམ་བྱ་འདེམས་བྱེད་མེད་པའི་ཁྱེད་ཚོ་དྲན།།

ཁྱེད་ཚོའི་སེམས་ཀྱི་སྙིང་སྟོབས་ལྷུན་པོ་འདྲ།།

ཁྱེད་ཚོའི་མཐུན་སྒྲིལ་ཆོད་སེམས་གངས་དཀར་བཞིན།།

ཁྱེད་ཚོ་མི་རིགས་འདི་ཡི་རེ་བ་དངོས།།

ཁྱེད་ཚོ་གངས་ཅན་པ་ཡི་རྩ་དོན་ཡིན།།

 

 

ཡུལ་གྱར་འདི་ཚོའི་བྱེད་ལས་ཇེ་ལོད་རེད།།

ཕྱོགས་བཞི་མཚམས་བརྒྱད་འགལ་ཟླ་ཇེ་མང་རེད།།

ཁྱོད་དང་ང་ཞེས་རྩོད་གླེང་རྫོགས་མཐའ་མེད།།

ཆིག་སྒྲིལ་རྩ་དོན་སྲུང་བར་འགག་རྡོ་མང་།།།

 

 

དབུ་རང་གཉིས་ཀ་རང་རློམ་ཇེ་ཆེ་རེད།།

ང་ལས་མི་མིན་རྐུབ་ལས་ཤ་མེད་ཟེར།།

རང་སྐྱོན་རི་ཙམ་བཙན་གྱིས་སྦས་ཐབས་དང་།།

གཞན་སྐྱོན་ཏིལ་ཙམ་ས་འཕྱར་གནམ་འཕྱར་རེད།།

 

 

ཆབ་སྲིད་པ་ཚོར་ཐབས་ཇུས་དབུལ་ཞིང་ཕོངས།།

ཆོས་ལུགས་པ་ཚོ་སྲིད་ལ་ཇེ་བསྙེས་རེད།

གནའ་དེང་གཉིས་ཀར་མི་བརྩོན་སྒྱིད་ལུག་ཆེ།།

སྤྲ་སེར་སྤྲིའུ་ཡི་རྐུབ་ལ་ཇེ་སྨོན་རེད།།

 

 

མཐོ་སར་མི་བརྩི་ཁེངས་དྲེགས་ཇེ་ཆེ་རེད།།

དམའ་སར་མི་བསམ་རང་འདོད་ཇེ་བཙན་རེད།།

སུ་དང་ཐུག་ན་འགལ་འདུལ་གླེང་རྒྱུ་མང་།།

ཅོལ་ཆུང་འདི་དག་སད་པའི་ནམ་དུས་དབེན།།

 

 

རང་ལུགས་གསེར་ལྟར་འདྲ་བར་མཆི་ཞག་འཕེན།།

གཞན་ལུགས་དྲི་ཆེན་ཡིན་ཡང་སྨོན་པ་ཤོར།།

ལྷ་དང་བླ་མའི་དབུ་ལ་བཞོན་གྲབས་འདིས།།

ནང་པ་ང་ཡི་སྙིང་རྩ་འདར་སིག་རྒྱག།།

 

 

གཞིས་ལུས་ཁྱེད་ཚོའི་གནང་སྟངས་ཡིད་ལ་མཛའ།།

བླ་མའི་ཆོས་འཁོར་བསྐོར་ནས་གདུལ་བྱ་འདུལ།།

གཞོན་སྐྱེས་རང་ལུགས་སྦྱོང་ནས་ཤེས་ཡོན་བརྩོན།།

ཕ་སྐད་རང་ཆས་ཀུན་གྱི་ལུས་ལ་མཛེས།།

 

 

ཁྱེད་ཚོས་བྲོ་ར་ཁྲ་མོ་བསྐོར་ནས་འཁྲབ།།

ང་ཚོའི་ངུ་ངག་ལའང་དབྱངས་རྟ་མེད།།

ཁྱེད་ཚོ་དད་འདུན་གཙང་མས་བླ་མ་འབོད།།

ང་ཚོ་ལྷ་སའི་རྒན་མོས་ཇོ་མི་མཇལ།།

 

 

ཁྱེད་ཚོ་མི་རིགས་གཅིག་གི་ལ་རྒྱ་འཛིན།།

ང་ཚོ་རང་ཁ་མི་སོས་ཕྱོགས་བཞིར་གྲམ།།

ཁྱེད་ཚོ་སེམས་དང་བསམ་པའི་ལུགས་བཟང་འཛིན།།

ང་ཚོར་ར་མ་ལུག་གི་རྗེས་རབས་མང་།།

 

 

དེང་རབས་རློམ་མཁན་རིག་པའི་སྒྲུབ་བྱེད་ཕོངས།།

 གནའ་ལུགས་སྲོལ་ལ་བཅོས་བསྒྱུར་དཔའ་སེམས་མེད།།

གནའ་དེང་གཉིས་ཀྱི་ཤེས་བྱ་དབེན་པའི་ཚོགས།།

ཅ་ཅོ་སྒྲོག་བཞིན་ལོ་དང་ནམ་དུས་རྫོགས།།

 

 

 

མི་ཡུལ་ཇི་ཙམ་འཁྱམ་ཡང་ཕ་ཁྱིམ་དྲན།།

 ལོ་ཟླ་རིང་མོར་སྤུན་ཟླ་ཇེ་དྲན་རེད།།

ཀྱེ་མ་ཀྱེ་ཧུད་སྨེ་ངག་ཤོར་བཞིན་ཡང་།།

སྐུ་ཚེ་རིང་རྒྱུ་ཁྱེད་ཚོར་བདེ་སྐྱིད་ཤོག།།

 

 

༢༠༡༥ ཟླ་ ༡༠ ཚེས་ ༡༨ ཉིན་སྲིད་སྤྱིའི་འོས་བླུགས་ཚར་ཏེ་ངོ་དེབ་ལྟ་ཙམ་བྱས་རྗེས་སེམས་ཚོར་འདི་ཤར་མར་བྲིས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།