ཟ་འདྲ་དགོས་ན་ལས་འདྲ་བྱོས། གཞན་ང་ལ་ཁ་ཆེམས་བཞག་རྒྱུ་མེད།

images/stories/45/k12 1.jpgཟ་འདྲ་དགོས་ན་ལས་འདྲ་བྱོས།གཞན་ང་ལ་ཁ་ཆེམས་བཞག་རྒྱུ་མེད།

Every one need to working hard

人需要勤奮工作

 ཨོ་གླིང་དུ་སློབ་གྲྭར་སོང་རིང་དབང་པོ་སྐྱོན་ཅན་ལ་རོགས་རམ་གྱི་ལག་ཁྱེར་རིམ་པ་གསུམ་ཅན་ཞིག་ཐོབ།  ད་ལྟའི་ཆར་ཉིན་རེར་ཆུ་ཚོད་མང་ཉུང་སྣ་ཚོགས་ཡོད་པའི་རྒས་ཁོག་དང་གཞན་ཡང་རྒན་གཞོན་ཅི་མཆིས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་གཏན་འཇགས་མིན་པའི་ལས་ཀ་ཞིག་ཀྱང་ལས་ནས་དངུལ་དེ་ཙམ་མང་པོ་མིན་རུང་དུས་ཚོད་མང་ཆེར་བྲེལ་བ་ཅུང་ཡོད་པ་འདྲ་རེད།

འདིར་རིགས་མཐུན་རྣམས་སུ་ལྷོད་དལ་གྱིས་སྡོད་མཁན་རེ་ཟུང་ཡོད་པ་དེ་དག་ནི་རྒས་གསོ་ཞུས་ཟིན་པའམ་ནད་པའི་མིང་ཐོག་གཞུང་གི་རོགས་དངུལ་འོག་འཚོ་བཞིན་པ་ཁོང་རྣམས་ཡིན། ཁ་ཅིག་སློབ་གྲྭར་འགྲོ་ཞོར་ནག་ལས་ཅུང་ཙམ་རེ་ལས་མཁན་དང་། དེ་མིན་ཉིན་རེར་ཆུ་ཚོད་བརྒྱད་ཡན་གྱི་ལས་ཀ་ཆ་ཚང་བྱེད་མཁན་གཞུང་དངུལ་དང་ཁ་བྲལ་ཚར་བ་རིགས་གཅིག ང་ལྟ་བུ་ལས་ཀ་ཉིན་ཕྱེད་དམ་ཆུ་ཚོད་འགའ་ལས་ཤིང་གཞུང་དངུལ་འོག་ནས་ཀྱང་ཐར་མེད་མཁན་རིགས་གཅིག་བཅས་ཡོད་བཟོ་འདུག ལས་ཀ་མང་པོ་ཡོད་པར་དཔགས་ནས་སྒོར་མའང་དེ་ལྟ་བུ་ཡོང་སྒོ་ཡོད། འོན་ཀྱང་ཆུང་དུས་ནས་རྒྱུད་ལ་འབྱར་བའི་སོས་དལ་གྱིས་འཚོ་བ་དང་། དགའ་སྤྲོའི་ཁོར་ཡུག་ལྟ་བུར་ལ་རེ་འདུན་འཆང་འདོད་པ་དེ་ད་དུང་ཡིན་ཡང་ཤ་གསེང་རུས་གསེང་ལ་ཐིམས་སོང་བའི་བོད་པའི་གཤིས་རྒྱུད་ཀྱི་ཆ་ཤས་ཡིན་པའི་ནང་ང་རང་ཡང་ཚུད་འདུག་གོ སྤྱིར་ན་ཕ་ཡུལ་ལུང་པར་ཉི་མ་དང་ལོ་བསྟུད་ནས་སོས་དལ་བྱེད་སྲོལ་ཡོད་པ་རེད། ལོ་གཅིག་དུས་ཚིགས་བཞིའི་ནང་ཞིང་པ་ལྟ་བུ་ཡིན་ན་དགུན་དུས་ཀྱི་ཟླ་བ་གསུམ་ཕལ་ཆེར་ནང་ཕ་མ་རྒན་རབས་དང་ཕྲུ་གུ་ཚོ་ནང་དུ་སྡོད་སྲོལ་ཡོད་ཅིང་། བུད་མེད་རྒན་པ་ཚོས་ཞོར་དུ་བལ་ལས་སོགས་ལས་རྒྱུ་ཏོག་ཙམ་ལས་གཞན་དུས་ཚོད་མང་ཆེར་ལྷོད་ལྷོད་བྱེད་དེ་སྡོད་ཀྱི་རེད། དེ་མིན་ནང་མིའི་འཚོ་གནས་ཀྱི་འགན་འཁྱེར་མཁན་རེ་གཉིས་ནི་རི་ལ་ཤིང་འཐུས་དང་། ཕྱི་ལ་ཚོང་ལས་སོགས་ཡོང་སྒོ་འཚོལ་སར་འགྲོ་དགོས་པ་ཡིན། སྐབས་དེའི་དུས་སུ་ཕྲུ་གུ་མང་ཆེར་ཡང་སློབ་གྲྭའི་དགུན་སེང་གི་དུས་ཡིན་པས་ལྷོད་དལ་གྱིས་རྩེད་མོར་གཡེང་རྒྱུ་དགའ་པོ་ཡོད། རྒྱ་གར་འབྱོར་རྗེས་ཀྱང་ཐོག་མའི་དུས་ནས་བཟུང་མི་རིགས་ཀྱི་ལ་རྒྱ་ཟེར་བའི་ཚོར་འདུ་ཞིག་གིས་ཡ་ཆུང་སྙིང་གར་འཚང་ནས་ཉིན་རེའི་འཚོ་བའམ་ཉིན་ཞག་དུས་དྲུག་གི་འགྲོ་འདུག་སྤྱོད་གསུམ་ལ་དེ་ཙམ་དོ་སྣང་མི་ཆེ་ཞིང་། ཉིན་ལྟར་འཛམ་གླིང་སའི་གོ་ལ་གཙོས་ས་གང་སའི་རྒྱུན་ཆད་རྒྱུ་མེད་པའི་གསར་འགྱུར་དང་གནས་ཚུལ། ཁྲ་ཁྲ་ཟིང་ཟིང་ཡོངས་ལ་དོ་སྣང་བྱེད་ཅིང་ཤེས་བཞིན་བྱང་ཆ་མེད་པའི་ཆབ་སྲིད་ཀྱི་འཁོར་ར་ལྟ་བུ་དེའི་ནང་ཚུད་ནས་ལོ་ངོ་ཧྲིལ་པོ་བཅུ་གསུམ་ལྷག་འདས་ཟིན་འདུག

 

 

འོན་ཀྱང་ཨོ་གླིང་འབྱོར་ཏེ་ལོ་གཅིག་ལྷག་སོང་ནས་བཟུང་རྩ་བའི་ཆ་ནས་རིགས་ཞེན་དེས་སེམས་ལྷོད་ལ་ཉིན་གཅིག་མ་འཇོག་ཀྱང་། གཞན་དུས་ཚོད་མང་ཆེར་ལས་གནས་དབང་གིས་མིག་གི་མཐོང་ཐོས་རིག་གསུམ་ནང་མགོ་སེར་ཚོའི་བྱེད་ལུགས་བྱེད་སྟངས་ལ་དོ་སྣང་མང་ཙམ་བྱེད་འགོ་བརྩམས་པའི་ཁུལ་ཡིན། དེ་འདྲའི་རྒྱུན་རིམ་ཕྲོད་དུ་གཞི་ནས་སྒེར་ལ་རང་དབང་མེད་པར་ཕྱིའི་དཔལ་འབྱོར་དར་རྒྱས་དང་། ནང་ཕལ་པའི་མི་ཚོའི་བསམ་བློའི་སྤུས་ཚད་སོགས་མགོ་སེར་ཚོའི་ལམ་དང་ལུགས་སྲོལ་མང་པོར་ཡིད་སྨོན་ཤོར་འགྲོ་བར་འགོག་མི་ཐུབ་ཅིང་། དེའང་ཞོར་གཅིག་ལ་རང་རིགས་ལ་ཞེན་པ་དཀར་པོ་དེ་ནམ་ཡང་དོར་ཕོད་པ་ཞིག་མིན་པ་ཤེས་ཀྱང་དུས་མཚུངས་སུ་རང་རེའི་གཟུགས་པོའི་ཐོག་གི་སྐྱོན་ཆ་དང་རྗེས་ལུས་ཀྱི་བྱ་བ་རྣམས་ཀྱང་ལོ་ཇི་ཙམ་སོང་ན་དེའི་ཚོད་ཀྱིས་ཇེ་གསལ་ཇེ་ལོད་དུ་འགྲོ་བཞིན་པ་མཐོང་འོང་བཞིན་གདའ།

 

 

འདིར་སྐབས་མཚམས་སུ་གང་དྲན་དྲན་འདྲ་བཀོད་ན་མགོ་སེར་ཚོས་ཕྲུ་གུ་ཆུང་ཆུང་ལ་ལག་བཀྱག་ནས་རྡུང་བའི་ལུགས་སྲོལ་རྩ་བ་ནས་མེད་ཟེར་ན་ཆོག ཕ་མ་ལ་ལས་བུ་རྒྱུད་ལ་བསླབ་བྱ་དང་སློབ་གསོ་གཙོས་ཕྲུ་གུའི་སྤྱོད་པ་རྩིང་བ་རྣམས་བཅུན་ཐབས་བྱེད་ཅིང་། དེ་མིན་མི་རྒན་པས་རྩ་བ་ནས་བཅུན་མི་ཐུབ་མཁན་གྱི་ཕྲུ་གུ་ཚོ་ལའང་ཟུར་ནས་འཇམ་ཅག་གེར་བལྟས་སྡོད་པའམ་ཡང་ན་ཕྲུ་གུའི་ཟུར་ནས་གཞན་སར་གཡོལ་འགྲོ་བ་ལས་རྡུང་རྡེག་རྩ་བ་ནས་མི་བྱེད། ཐ་ན་ཕ་མ་འགའ་རེར་ཕྲུ་གུ་ལ་ལས་རླུང་ཚོད་མེད་པར་བསླངས་ཀྱང་སྐད་མགོ་མཐོན་པོ་དང་། ཡང་ན་ངར་སྐད་ཀྱིས་བསྡིགས་པ་ལས་མཐོང་སྣང་ཕལ་ཆེར་ཕྲུ་གུར་ལག་པ་བཀྱག་པའི་ལུགས་སྲོལ་ཁྱོན་ནས་མི་འདུག

 

 

ཕྲུ་གུའི་གཤིས་ཀའི་བཙན་ཚུགས་ལོང་ཡོང་དུས་དཔེར་ན་ཕྲུ་གུ་གཞུང་ལམ་དབུས་སུ་ངུ་འབོད་བྱེད་དུས་ཀྱང་ཕ་མས་མ་མཐོང་མདོག་གིས་ཕྲུ་གུར་ཁ་ཡ་མ་བྱེད་ནས་ཕྲུ་གུར་འུ་ཐུག་ནས་ཕ་མར་བསྟུན་མཁན་ཡོང་ཐབས་ཀྱང་སྤེལ་གྱི་འདུག

དེ་མིན་རང་རིགས་ལ་མཚོན་ན་བོད་ཕྱི་ནང་གང་དུའང་དེང་གི་གནས་ཚུལ་ཅུང་ལེགས་སུ་སོང་ཡོད་པ་དག་ཕུད། ང་ལྟ་བུའི་དར་གཞོན་གྱི་ལོ་ཚོད་ཅན་ཚོར་མཚོན་ན་ཆུང་དུས་ཕ་མ་སྤུན་འཇགས་དང་། དེ་མིན་ཕྲུ་གུའི་དབུས་ཀྱི་ཅུང་རྒན་པ་རྣམས་ཀྱིས་ཆུང་པ་ཚོར་ལག་རྡུང་གིས་ཁུར་ཚུར་བཞུ་བའམ་ཆེ་ཆུང་གཏུགས་ཏེ་མནར་གཅོད་བཏང་ནས་ཆེ་ཆུང་ལ་ལྟོས་པར་རྡུང་རྡེགས་གཏོང་རྐྱང་ལས་སྐྱོན་ཆེན་པོ་བྱུང་བའི་རིགས་ཕུད། དེ་མིན་སྐྱ་སེར་ཕོ་མོ་རྒན་གཞོན་སུ་གཅིག་གིས་ཀྱང་ཕན་ཚུན་ལག་པ་བཀྱག་རས་བྱེད་པའི་རྩུབ་སྤྱོད་ཆུང་ཙག་རིགས་ལ་ཡ་མཚན་མདོག་རྩ་བ་ནས་མི་བྱེད།

 

 

དེའི་རྐྱེན་གྱིས་ཕ་མས་ཕྲུ་གུར་རྡུང་བ་དང་། ཁྱོ་གས་བཟའ་ཟླ་རྡུང་བ། ( འདིའི་རིགས་ནི་བོད་མདོ་དབུས་ཁམས་གསུམ་གྱི་ས་ཆ་ཞིང་འབྲོག་གཉིས་ལ་རྒྱུན་གཏན་ལྟ་བུའི་གོམས་གཤིས་ཅིག་སུ་སྣང་ཡང་། མང་པོས་དེར་སྣང་བ་ཙམ་ཡང་མི་འཇོགས་ལ། དེ་བས་ཆུང་མ་རྡུང་མཁན་གྱི་སྐྱེས་པར་མང་ཆེར་བདེན་ཁ་སྟེར་ཞིང་དཔའ་རྟགས་ཀྱང་བརྩི་སྲོལ་བྱེད་བཞིན་ཉུང་ཙམ་ཡོད་པ་རེད་འདུག་པ་དེང་སང་བསམ་བློར་འཁོར་ཡོང་ངོ་མ་ཐ་ཤལ་ཅན་ཨ་ལ་ལ་འདྲ་པོ་རེད་འདུག ) དེ་བཞིན་གཅེན་པོའམ་གཅེན་མོས་གཅུང་པོའམ་གཅུང་མོར་རྡུང་བ་དང་། དགེ་རྒན་གྱིས་སློབ་བུ་རྡུང་བ། གང་ལྟར་ཆེ་ཆུང་དང་ཤེད་ཤུགས་བཙན་ལོས་ལ་བརྟེན་ནས་མཚམས་རེར་དོན་དག་ཅི་གང་མེད་ཀྱང་སྣང་བ་མ་འགྲོ་བའི་རིགས་སམ་ཕ་རོལ་པོར་རྡུང་བ་བཅས་བྱེད་སྲོལ་ཆེན་པོ་རེད། རྡུང་རྡེག་གཏོང་སྟངས་ལ་གཏམ་རྒྱུད་དང་ལོ་རྒྱུས་ཡ་ང་ཞིང་ངུ་བྲོ་བའང་མང་པོ་ཡོད་ཀྱང་འདིར་ཡིག་སྙོགས་ལ་འཛེམས་ནས་ཞིབ་དུ་བཀོད་མེད་ཀྱང་མང་པོས་དེའི་རྣམ་པ་སྣ་ཚོགས་ཤིག་སེམས་སུ་རི་མོ་ལྟར་ཝ་ལེར་ཡོད་རེད་བསམ་གྱི་འདུག  

 

 

གོང་དུ་ཞུས་པ་ལྟར་གཞན་ཡང་དེ་རིང་ངའི་དྲན་འོང་བ་ནི་རང་རིགས་ཀྱི་ཤ་ཁོངས་རུས་པའི་གསེང་ལ་ཧ་ཅང་སྒྱིད་ལུག་གི་བག་ཆགས་ཤིག་ལྡན་ཡོད་པ་དེར་གཏམ་དཔེའི་ནང་མི་ཚེ་རྟག་པ་བརྟེན་པ་མེད། སང་ཤི་གནངས་ཤིར་སྔོན་ཤེས་མེད་ཟེར་ནས་གང་ཐུབ་ཐུབ་ཀྱིས་སོས་དལ་ཞིག་དང་ལྷོད་ལྷོད་འདྲ་བྱེད་ཁུལ་རེད་འདུག་བསམ་གྱི་ཡོད། དེའི་གནས་སྟངས་ནི་ཕྱོགས་གཅིག་ནས་སོས་དལ་དང་ཞིང་བདེ་ལྷིང་འཇགས་ལ་རློམ་མཁན་ང་རང་ཡང་དེའི་ནང་གི་གཅིག་ཡིན། འོན་ཀྱང་དུས་མཚུངས་སུ་སེམས་ནང་ད་ཡིན་ན་སོས་དལ་ཞིག་བྱེད་དགོས་སྙམ་ཚེ་མ་འོངས་པའི་ལས་གཞི་དང་འཆར་འགོད་མངོན་འགྱུར་ཡོང་བར་སྔོན་འགྲོའི་འགག་རྡོ་ལྟ་བུ་ཆགས་འགྲོ་ལ། དེ་མིན་ཐ་ན་གཟུགས་ཕུང་འགུལ་སྤྱོད་ཙམ་གྱི་རྒྱུན་གཏན་གྱི་འཕྲོད་བསྟེན་དང་གོམས་གཤིས་བཟང་པོ་ལའང་གནོད་གཞི་ཚབ་ཆེ། ཡང་རང་རིགས་ནི་ལས་ལ་བརྩོན་ཞིང་དཔའ་ངར་ཆེ་སོགས་ཟེར་ནས་རང་རློམ་ཆེན་པོ་འཕྱར་སྲོལ་ཡོད་ཀྱང་། དོན་དངོས་ཐོག་ཤུགས་ལས་སམ་ངར་ལས་སོགས་གཟུགས་ཕུང་གཡོ་འགུལ་དགོས་པའི་ལས་ཀའི་རིགས་ལ་རྒྱུན་དུ་ནས་བརྩོན་འགྲུས་རྩོམ་མཁན་ཧ་ཅང་ཉུང་བ་མཐོང་། མི་ཆུང་ཁ་བདེ་རེ་བཟུང་གིས་མཚམས་རེར་མི་ཟེར་བ་འདི་སང་ཤི་གནངས་ཤི་ཧ་གོ་ལེ་མ་རེད། དེ་བས་དེ་རིང་ལ་སྐྱིད་པོ་གཏོང་དགོས་ལེ་རེད་ཟེར་ནས་ལས་ཀར་ཧུར་པོ་བྱེད་རྒྱུ་ལ་དེ་ཙམ་མི་དགའ།

 

 

མགོ་སེར་ལྟ་བུ་ལ་མཚོན་ན་རྒས་ཁོག་དང་ལུས་པོའི་གནས་སྟངས་དམིགས་བསལ་ཅན་ནམ་སྐྱོན་ཅན་རྣམས་ཕུད། ( འདིར་དབང་པོ་སྐྱོན་ཅན་ཡིན་ཡང་གཞུང་སྒེར་གཉིས་ནས་ཐབས་ཤེས་སྣང་མང་སྒོ་ནས་དེ་དག་རང་འགོ་ཐོབ་ཐབས་ལ་རོགས་ཕན་གང་ཐུབ་གྱི་བྱ་འགུལ་སྤེལ་གཤིས་ཡོད་ལ་དེའི་སྐོར་རོགས་རམ་བྱེད་པའི་ཤེས་བྱའང་སྣ་མང་འདུག་པ་མ་ཟད། ཐ་ན་རྦེད་དེ་སྨྱོན་པ་ཆགས་ཟིན་པ་ཚོ་ལའང་བྱ་འགུལ་གྱི་གོམས་གཤིས་དང་ལུགས་སྲོལ་བཟང་པོར་ཆགས་རྒྱུར་བསླབ་ནས་རང་འགོ་རང་ཐོན་ཡོང་ཐབས་སོགས་མང་པོ་བྱེད་རྒྱུ་འདུག་ཀྱང་འདིར་རེ་རེ་བཞིན་མི་བཤད། )

 

 

མི་རྣམས་རྒྱུན་གཏན་གྱི་དུས་ཚོད་ནང་ཧུར་ཐག་འབད་ཐག་གིས་ལས་ལ་འཇུག་པ་ལས་སོས་དལ་ཟེར་བ་དེ་འདྲ་འདུག་སྲོལ་ཆེར་མེད་པ་སྣང་། ཐེངས་ཤིག་གུས་མོས་རྒྱུན་ཤེས་འཕྲོད་བསྟེན་སྐོར་གྱི་རྩོམ་ཞིག་ལ་བལྟས་པས་དེའི་ནང་ཕྱི་ལུགས་ལྟར་ན་མིའི་གཟུགས་པོར་རྦེད་དེ་སོས་དལ་ཞིག་ཡོང་ཐབས་མེད་ཅིང་། རྒྱུན་དུ་ལུས་ལ་དཀའ་ངལ་འཕྲད་དུས་ལས་བྱ་གཞན་གང་ཡང་རུང་བར་ཅུང་འགོ་འཁོར་བཅུགས་རྗེས་སླར་ཕྱིར་ལས་བྱ་དེར་རང་སྲོལ་འཇུག་ན་དེའི་བར་གཟུགས་ཕུང་ལ་ངལ་གསོ་ཐེབས་རྒྱུ་དང་། གཞན་གཉིད་ཉལ་བའམ་ས་ལ་རྒྱུན་རིང་པོར་བསྡད་བཞག་པ་ཡིན་ན་ཐ་གཅིག་ཏུ་ངལ་གསོ་ཟེར་བ་དེ་འདྲ་ཐེབས་རྒྱུ་མེད་ལུགས་བཤད་འདུག གུས་མོར་མཚོན་ན་དེ་ནི་ངོ་མ་ཧ་ཅང་བདེན་ནོ་སྙམ་པའང་བྱུང་།

 

 

 

དེ་བས་ལུས་ལ་ངལ་གསོ་ཐེབས་དགོས་ན་ལས་བྱ་ཅུང་བརྗེ་པོ་བརྒྱག་ཅིང་སླར་ཡང་ཕྱིར་ལས་རྒྱུ་དེ་ནི་སོས་དལ་རྩེ་ཕུད་ཀྱི་གྲལ་དུ་བརྩིས་འདུག་པས་ང་ཚོས་བཤད་སྡོད་པའི་སྐྱིད་ཉལ་རྒྱག་པ་ཟེར་བ་དེ་ནི་མི་སྒེར་གྱི་སེམས་ཀྱི་སྣང་ཚུལ་ལས་བྱུང་བའི་རྣམ་རྟོགས་ཤིག་ཡིན་པ་ལས་རྦེད་དེ་གཉིད་ཁུག་པ་དང་། ཡང་ན་རྦེད་དེ་ས་ལ་རྒྱུན་རིང་པོར་བསྡད་པ་དེ་ནི་ལུས་ལ་ངལ་གསོ་ཡོང་ཐབས་བཟང་ཤོས་ཤིག་རེད་མི་འདུག་པས་དེ་བས་ལས་ཀ་ཅུང་བརྗེ་བསྒྱུར་དང་གང་ལྟར་ཡང་གཟུགས་པོ་མུ་མཐུད་འགུལ་སྤྱོད་བྱེད་རྒྱུ་མ་ཚད། དེའང་འགུལ་སྟངས་མི་འདྲ་བ་བྱེད་རྒྱུ་དེ་རེད།

 

འོན་ཀྱང་རང་རིགས་ལ་མཚོན་ན་རྒས་ཁོག་ཚོ་ནི་རང་ལོ་དྲུག་ཅུ་བརྒལ་ཙམ་སོང་བ་རྣམས་ནས་བཟུང་ད་ཡིན་ན་ང་རྒས་ཡོད་ཟེར་ནས་འགུལ་སྤྱོད་ལ་མི་དགའ་ལ། རྒྱུན་དུ་སོས་དལ་ཟེར་བའི་ངལ་གསོ་མེད་པ་ཞིག་ལ་རེ་བ་ཤུགས་ཆེན་པོ་འཆང་ནས་བཞུགས་མཁན་རེད། ང་ཚོས་རྒྱུན་ཤེས་འདི་ཙམ་ཤེས་རྗེས་གཞི་ནས་ས་ལ་རྐུབ་བཙུགས་ནས་རྒྱུན་རིང་པོར་བསྡད་པ་དེས་གཟུགས་ཕུང་ལ་ངལ་གསོ་མི་ཡོང་བ་ཤེས་ན་གཞི་ནས་འགུལ་སྤྱོད་བརྗེ་བསྒྱུར་གྱིས་ལུས་སེམས་གཉིས་ལ་ངལ་གསོ་ཡོང་ཐབས་དགོས་པ་ད་བཟོད་གཞི་ནས་ཤེས་འོང་།

 

 

སོས་དལ་མེད་པའི་ངལ་གསོ་འདི་འདྲ་ནི་ཕ་ཡུལ་དུ་མི་རྣམས་ཀྱིས་ལོ་དང་ཟླ་བ་བསྟུན་ནས་བསྡད་ཀྱི་ཡོད་པའི་རྒྱུ་རྐྱེན་ལ་བརྟེན་ནས། ད་ཆ་རང་རིགས་ནི་ཕྱིའི་དངུལ་དངོས་དཔལ་འབྱོར་ཡར་རྒྱས་ཀྱི་གྲལ་ཟུར་དུའང་ཚུད་མེད་པ་འདི་ཡིན། ཕ་མའི་ཡང་མེས་ནས་བཟུང་སང་ཉིན་ཤིའང་སྲིད་པ་རེད་ཟེར་ནས་རྗེས་རབས་མང་པོའི་བསམ་བློར་ཧུར་བརྩོན་དང་འབད་འབུངས་བོར་ནས་སྒྱིད་ལུག་གི་གཡོ་ལས་དེའི་ས་བོན་ངར་མོ་ཞིག་བཏབས་པའི་དུས་དེ་ནས་བཟུང་ང་ཚོ་ནི་ཕྱིའི་དངོས་པོ་རྗེས་ལུས་ཀྱི་གནས་དེ་ནས་ཐར་ལམ་མེད་པ་ཆགས་ཀྱི་འདུག་སྙམ།

 

 

མང་པོའི་ཁ་ནས་ནུབ་ཕྱོགས་མགོ་སེར་ལུང་པར་སོང་བ་རྣམས་ནི་མི་ཡུལ་རོ་འཁྱམ་རེད། གཞན་གྱི་གཡོག་ལས་རེད། མགོ་སེར་གྱི་རྐུབ་འཁྲུ་ས་མ་རག་པའི་རིགས་རེད་ཟེར་བ་སོགས་མགོ་སེར་ལུང་པར་ཡོད་པ་རྣམས་ལ་ཚིག་དམོད་སྣ་ཚོགས་ཤིག་བཤད་སྲོལ་ཡོད་ལ་དེ་དག་ཕྱོགས་གཅིག་ནས་བདེན་ཁ་སྟེར་མཁན་ཡང་ལོས་ཡོད་སྲིད།

 

 

འོན་ཀྱང་མགོ་སེར་ལུང་པའི་ནང་དུ་ཨ་ཕོ་རང་གིས་ལས་ཀར་བརྟེན་ནས་ཧུར་བརྩོན་གྱིས་ལྟོ་གོས་གཏམ་གསུམ་འཚོལ་དགོས་པ་ལས་སྒྱིད་ལུག་གི་ངན་གཤིས་ཆེ་བའི་ས་གནས་ལྟར་སྒོར་མོ་གཅིག་སློང་བརྒྱག་ནས་བསགས་ཐབས་མེད་ཅིང་། ( འདིའི་ནང་ཅིག་ཅིག་ཉིག་ཉིག་གི་རོགས་རམ་དང་སྐྱོར་གསོའི་མ་དངུལ། ཆོས་སྤེལ་མཁན་རྣམས་ནས་ཀྱང་ཅིག་ཅིག་ཉིག་ཉིག་ལ་ཁ་གཡར་ནས་འཁྲབ་སྟོན་བྱས་པའི་རྗེས་སུ་རག་པའི་དངུལ་སྒོར་ལའང་གོ་རྒྱུ་མེད་པ་ཡིན། ) ཧམ་པ་བྱས་ནས་གཞན་ས་ནས་འཕྲོག་ས་སྐར་རྡོག་ཅིག་ཀྱང་དེ་བས་མེད་ལ། གཡོ་སྒྱུ་རྩེད་ནས་བསླུ་སའང་འགྲོ་མཁན་དཀའ་ལས་ཁག་པོ་རེད།

 

དེ་སྔོན་ནས་ཨོ་གླིང་དུ་འབྱོར་བའི་བཙོན་ཟུར་དང་འབྲེལ་ཡོད་འབྲེལ་ཆགས་རྣམས་ལ་མཚོན་ན། འདིར་ཐོག་མའི་སྐབས་སུ་གཞུང་གིས་རོགས་སྐྱོར་འོག་རྐང་པ་ཚུགས་ཐབས་དགོས་པ་བདེན་ཡང་། ཞར་དང་ཞོར་ལས་བྱེད་མཁན། དེ་མིན་ལས་ཀར་དངོས་སུ་འཇུག་མཁན་ཡོངས་ནས་རང་གི་ལས་ལག་པ་གཉིས་ལ་བརྟེན་ནས་སྡུག་དཀའ་ལས་རྒྱག་ནས་སྒོར་མོ་བསགས་དགོས་པ་ལས། ཧམ་པ་བཤད་ནས་ཟ་ས་དང་འཕྲོག་ཆོག་ཆོག་དེ་འདྲ་རྩ་བ་ནས་མིན།

 

 

མཚམས་རེར་དེ་སྔོན་བཙོན་དུང་མུན་ནག་ཏུ་ཚུད་དེ་སྡུག་དཀའ་ལས་མང་པོ་བརྒྱབས་རྗེས་ལུས་སེམས་གཉིས་ལ་དཀའ་ངལ་མང་པོ་མྱངས། དེ་ནས་ད་ཆ་ཨོ་གླིང་དུ་འབྱོར་རྗེས་ཀྱང་སོ་སོའི་ངོས་ནས་དཀའ་ལས་ཧུར་ཐག་འབད་ཐག་རྒྱག་མཁན་གྱི་འཐབ་གྲོགས་རེ་འགའ་ལམ་ཞོར་ནས་ཐུག་ཙམ་བྱེད་དུས་རང་དབང་མེད་པར་མིག་ནང་འཆི་མའང་འཁོར་ཡོང་གི་འདུག

 

 

 

དེ་ནི་ངས་ཁོང་ཚོས་སོ་སོའི་སྒེར་གྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་འཚོ་བ་བསྐྱེལ་གྱི་ཡོད་པར་ངོས་འཛིན་ཡོད་ལ། དེ་སྔོན་ནས་མི་རིགས་འདིར་ལེགས་སྐྱེས་ཅུང་ཕུལ་རྗེས་ད་དུང་མུ་མཐུད་ཧུར་བརྩོན་གནང་བའི་སྤོབས་པ་དེ་ལ་ཡིད་རང་འོས་པའི་གནས་ལུགས་ཤིག་ཀྱང་ཡིན། ཡིན་ཡང་འདིར་མང་པོ་མི་བཤད། གང་ཡིན་ཟེར་ན། མང་པོ་བཤད་ཤོར་སོང་ན་ལ་ལས་མོས་སོ་སོར་བསྟོད་ཀྱི་འདུག་པའི་ཟུར་ཟའང་རག་སྲིད་པས་ཡིན། ཧཧཧ་

 

 

དེ་བས་ངས་འདིར་འབྱོར་བའི་དགེ་འདུན་པ་ཕོ་མོ་ཁག་ཅིག་ཡོད་པའི་ནང་གི་ལ་ལས་གུས་མོར་བཤད་པའི་སྐད་ཆའི་བསྡོམས་རྒྱག་པ་འགའ་འདིར་བཀོད་འདོད་བྱུང་། ཁོང་ཚོས་གསུང་ན་ཁོང་ཚོ་དེ་སྔོན་དགོན་ཆེ་ཆུང་སྣ་ཚོགས་སུ་དཀའ་ལས་ཅུང་ཙམ་ཡང་རྒྱག་མི་དགོས་པར་ཆོས་ཉམས་ལེན་དེ་ཙམ་མི་འཇོན་བའི་སྒོ་ནས་དགོན་དཀོར་ལྟ་བུ་དེ་ཟོས་ནས་ལོ་མང་བསྡད་པ་རེད་ལ། དགོན་པའི་ཟས་དེ་དག་སྒེར་སོ་སོའི་ལུས་ལ་ཞུ་མིན་ཡང་ཐེ་ཚོམས་རེད། ཅེས་དང་།

 

 

དེང་སྔགས་འཆང་ཡིན་ཟེར་མཁན་འགའ་ལྟར་མགོ་སེར་ཚུད་པའི་གཞན་རྣམས་ལ་བྱ་འགུལ་སྣ་ཚོགས་སྤེལ་བ་དེས་ཕན་མིན་ཡང་སྣ་ཚོགས་ལས་གཞན་མགོ་བསྐོར་མི་དགོས་པར་འདིར་རང་གི་ལས་ལག་པར་བརྟེན་ནས་ལས་ཀ་བྱེད་ན་དེ་ནི་ལས་རྒྱུ་འབྲས་སུ་འགྲོ་གི་རེད་བསམ་པ་ཡིན་ལ། མགོ་སེར་ཡིན་ནའང་མི་རེད། ནང་པ་ཚོས་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་དགེ་བ་བསགས་ཀྱི་ཡིན་ཟེར་གྱི་ཡོད་པས་སེམས་ཅན་དེ་དག་རང་གི་ཨ་མ་མ་བྱས་པ་གཅིག་ཀྱང་མེད་པ་དེ་དག་གི་རྐུབ་འཁྲུ་ནའང་འདྲ། རྐང་པ་འཁྲུ་ནའང་འདྲ་གཙོ་བོར་སེམས་དྭངས་མས་སྨོན་ལམ་བརྒྱབས་ན་དགེ་ལས་ཉག་ཅིག་ལ་འགྲོ་བས་ངོ་གནོང་འགྱོད་པ་བྱེད་དགོས་པ་ཁྱོན་ནས་མེད་པ་རེད།

 

 

 

ཡག་ཤོས་བྱུང་ན་སོ་སོས་ཞབས་ཞུ་སྒྲུབ་ཡུལ་དེ་དག་ནི་སོ་སོའི་དྲིན་ཆེན་གྱི་ཨ་མ་ལྟ་བུ་ཡིན་བསམ་པའི་བློ་བསྐྱེད་རེ་ཡོང་ཐུབ་ན་དེ་བས་དགེ་བ་ཆེན་པོ་བསགས་པ་རེད་སོགས་གསུངས་མཁན་བྱུང་བར་གུས་མོ་འདྲ་ཡིན་ནའང་ནང་པ་ཆུང་ཆུང་ཞིག་གིས་བླ་མའི་བཀའ་ཡོངས་ཚུལ་མཐུན་དུ་སྒྲུབ་མི་ནུས་ཀྱང་རང་གིས་གང་བྱས་པ་དེ་བསྔོ་བ་སྨོན་ལམ་དང་བཅས་དགེ་ལས་སུ་སྒོམ་ན་ངོ་མ་བོད་པ་ཡིན་གོ་ཆོད་པ་རེད་བསམ་ནས་ཁོང་རྣམས་པའི་སྐད་ཆ་དེ་དག་ལ་བདེན་ཁ་མང་ཙམ་སྟེར་དགོས་བྱུང་།

 

ད་ངས་འདིར་གནའ་སྔ་མོའི་གཏམ་དཔེ་ཞིག་ཡིད་ལ་འཁོར་བྱུང་བ་དེ་བཀོད་ན་འདི་ལྟར་ཏེ། བུ་ཞིག་གིས་ཁོའི་ཨ་མ་འདས་ཁར་སླེབས་དུས་དྲུང་དུ་བཅར་ནས་ངག་འདར་བཞིན་ངའི་བརྩེ་ཆེན་གྱི་ཨ་མ་ལགས། ད་ཁྱེད་ཀྱིས་བུ་ང་ལ་ཁ་ཆེམས་ཤིག་ཞོག་དང་། ང་ལ་ཁ་ཆེམས་ཤིག་གནོངས་དང་། ངས་མ་འོང་པར་ཁྱེད་ཀྱི་ཅི་འདྲ་གསུངས་པ་དེ་འདྲར་ཞུ་ངེས་ཡིན་ཟེར་ནས་ཨ་མའི་དྲུང་དུ་ངུས་འདུག སྐབས་དེར་ཨ་མས། ངའི་བུ། ཨ་མ་གསོན་པོར་སྡོད་རིང་ངས་བུ་ཁྱོད་ལ་བསླབ་བྱ་སློབ་གསོ་མང་པོ་བརྒྱབས་མྱོངས་མོད། དེའི་དུས་སུ་ཁྱོད་རང་སྣང་བ་མཐོ་དྲག་ནས་ཨ་མའི་སྐད་ཆར་དོ་སྣང་དེ་ཙམ་མ་བྱེད་པ་རེད། ད་ཡིན་ན་ཨ་མ་ང་ཕྱི་མའི་ལམ་དུ་འགྲོ་རན་སོང་། ངས་བུ་ཁྱོད་ལ་བཤད་རྒྱུ་གཅིག་རང་ཡོད། དེ་ག་རེ་ཡིན་ཟེར་ན། ཟ་འདྲ་དགོས་ན་ལས་འདྲ་བྱོས། དེ་བས་ང་ལ་ཁ་ཆེམས་བཞག་རྒྱུ་མེད། ཅེས་གསུངས་ནས་ཨ་མ་ལགས་ཕྱི་མའི་ལམ་དུ་བུད་སོང་སྐད་འདུག་གོ

 

 

མཆན། (དེང་སང་དུས་ཁོམ་ཆེར་མེད་པའི་དབང་གིས་ཞུ་དག་དང་ལེགས་བཅོས་ཀྱང་བྱེད་ལོང་མ་བྱུང་ཡང་རང་སྐད་ལ་དུང་བའི་དབང་གིས་འདིར་ཉག་ཉོག་རེ་འབྲི་ཁུལ་ཡིན་ན་ནོར་འཛོལ་འདྲ་བྱུང་ཚེ་ཀློག་པ་པོའི་དྲུང་དུ་དགོངས་དག་ཞུ།)

༢༠༡༧ ལོའི་ཟླ་ ༡༠ ཚེས་ ༡༣ ཉིན་རང་ཤག་ཏུ་ཤར་མར་བྲིས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།