གཡང་སྒྲོལ། (༦)

images/stories/Gangkarsem/22.jpg

( དྲུག་པ། )

( བརྩམས་སྒྲུང་། )

The girl ( novel )

央卓女 ( 小說 )

སྨྱོ་ནད་སྨན་ཁང་གི་སྨན་པའི་གཞུང་ལས་ཁང་ཞིག་ནས་ང་སྨྱོ་མེད། སུས་ང་སྨྱོ་འདུག་ཟེར་གྱི་འདུག ང་འདིར་སྡོད་ཀྱི་མིན། དོན་ངོ་མ་ཁྱོད་ཚོ་ཚང་མ་སྨྱོ་འདུག ང་སྨྱོ་མེད། ང་འདི་ནས་ཕྱི་ལ་ཐོངས་དང་། ང་ནང་ལ་ལོག་འགྲོ་གི་ཡིན། ང་ཐོངས་དང་་་་་་བུད་མེད་ཅིག་གིས་ངར་སྐད་འཇིགས་སུ་རུང་བ་ཞིག་བསྒྲགས་པར་ཐོས་དུས་སྨན་ཁང་དེར་ཡོད་སྨན་པ་དང་སྨན་ཞབས་ཚོ། གཞན་ཡང་ལས་མི་འགའ། དེ་བཞིན་སེམས་ནད་ཅན་གྱི་ནད་པའི་རིགས་སྣ་ཚོགས་ཡོད་པ་དེ་དག་ཚང་མ་ཧད་དེ་སྐད་སྒྲོག་ཡོང་སའི་གཞུང་ལས་ཁང་གི་ཕྱོགས་སུ་ཅེར་ནས་ལུས།

ཚང་མས་ཤེས་གསལ་ལྟར། གཞུང་ལས་ཁང་དུ་སྨན་པ་དང་ནད་གཡོག་སྐྱེས་པ་གཉིས་ནས་གཡང་སྒྲོལ་གཡས་གཡོན་གྱིས་བཟུང་ནས་གང་ཐུབ་ཀྱིས་གཡང་སྒྲོལ་ལ་སེམས་ལྷོད་ལ་ཕབ་དགོས་ཚུལ་སྟོན་པ་དང་། ཡང་ནད་གཡོག་སྐྱེས་པ་ཞིག་གིས་ཚིག་འཇམ་པོའི་སྒོ་ནས། ལྕམ་སྐུ་ཞབས་ལགས། ཁྱེད་རང་སེམས་ལྷོད་ཙམ་གནོངས་དང་། འདིར་དུས་ཡུན་སྡོད་དེ་ཁྱེད་ལ་རྟག་དཔྱད་ཉུང་ཙམ་བྱས་ནས་བསྙུན་གཞི་དྲག་བསྐྱེད་བྱུང་རྗེས་ཕྱིར་ཁྱེད་ཀྱི་ནང་དུ་ལོག་ཕེབས་ཆོག་གི་རེད། ཁྱེད་རང་ཐུགས་འཚབ་རྩ་བ་ནས་གནང་དགོས་མེད་་་སོགས་བཤད། གཡང་སྒྲོལ་གྱིས་དེ་བས་ནུས་ཤུགས་ཡོད་རྒུས་སོ་སོའི་ལག་པ་གཉིས་ཀྱིས་མགོའི་སྐྲ་བཟུང་བཞིན་འཐེན་ཞོར། ང་སྨྱོ་མེད། ང་ལ་རྟག་དཔྱད་བྱེད་མི་དགོས། ང་ནང་ལ་ལོག་གི་ཡིན། ཞེས་མུ་མཐུད་ཤུགས་ཀྱིས་སྐད་འབོད་བྱས།

 

ཟུར་དུ་ཡོད་པའི་མགོ་སེར་རྒས་པོས་སོ་སོའི་ངོ་གདོང་ངོ་མ་དེ་ཕྱིར་མངོན་ཏེ་དུས་དེར་ངོ་ཚ་ཁྲལ་མེད་ཀྱི་སྒོ་ནས་སྨན་པར། ངས་དེ་སྔོན་ནས་བཤད་བྱུང་ང་། མོ་སྨྱོ་ནས་དུས་ཡུན་རིང་པོར་སོང་བ་རེད། མོ་ག་དུས་ཡིན་ཡང་འདི་འདྲ་རེད། ང་ངོ་མ་ད་ནས་བཟུང་མོ་ལ་བཟོད་ཐབས་མི་འདུག ངས་མོའི་ཆེད་དུ་ནང་ལ་གཡོག་མོ་ཞིག་གླས་ནས་མ་བུ་གཉིས་ལ་ལྟ་རྟོགས་བྱེད་ཀྱི་ཡོད་མོད། འོན་ཀྱང་ང་རང་ཞེད་སྣང་སྐྱེ་དགོས་པ་ཞིག་ལ་མོའི་སྨྱོ་ནད་འཕར་ཐེངས་ཤིག་གིས་ངའི་ཕྲུ་གུ་ཆུང་ཆུང་ལའང་གནོད་སྐྱོན་བྱ་མི་འོང་ངམ་བསམ་ནས་སེམས་འཁུར་ཧ་ཅང་ཆེན་པོ་འདུག ཐུགས་རྗེས་གཟིགས། སྨན་པ་ལགས། ད་ནས་བཟུང་ཁྱེད་ཚོས་ངས་དེ་སྔོན་བཤད་པའི་དངོས་ཡོད་གནས་ཚུལ་ཚང་མ་ཤེས་རྟོགས་བྱུང་སྟབས་མོ་རང་ལ་ནད་བཅོས་ཡག་པོ་གནང་རོགས། ཅེས་པར་སྨན་པས་ཁྱེད་རང་གིས་ཡིག་ཆ་འདིར་མཚན་རྟགས་བཀོད་ཚར་རྗེས་ཕྱིར་ཕེབས་ནས་སྒུག་རོགས། ང་ཚོས་ཀྱང་ཆེད་ལས་སྨན་པ་སྐད་གཏོང་ནས་མོའི་ན་ཚ་ལྕི་ཚད་ལ་རྟགས་དཔྱད་བྱ་གི་རེད། ད་ལྟའི་ཆར་མོ་ལ་ལྟ་རྟོགས་བྱེད་མཁན་ཟུར་འཇོག་དགོས་རེད། ཅེས་བཤད་དེ་ནད་གཡོག་སྐྱེས་པ་གཉིས་ལ་མིག་བརྡ་སྤྲོད་རྗེས་གཡང་སྒྲོལ་ཕྱེད་འདྲུད་ཕྱེད་འཐེན་གྱིས་ཕྱི་ལ་འཁྲིད་སོང་བ་རེད།

 

 

གཡང་སྒྲོལ་སྨན་ཁང་དུ་བསྡད་དེ་ཟླ་བ་དྲུག་སོང་རྗེས་ཀྱི་རྒྱ་གར་མཱོམ་བྷེལ་གྲོང་ཁྱེར་གྱི་གནམ་ཐང་དུ་གཡང་སྒྲོལ་ཨ་མའི་ངུ་ངག་དང་སྦྲགས་གཡང་སྒྲོལ་མཇུག་མཐར་སླར་ཡང་རྒྱ་གར་དུ་ཕྱིར་ལོག་པ་རེད། དེའང་གཡང་སྒྲོལ་མགོ་སེར་རྒས་པོར་མནའ་མ་སྟེར་རོགས་བྱེད་མཁན་ཇོ་ལགས་དེས་མགོ་སེར་རྒས་པོ་དང་གྲོས་མོལ་ལྷུག་པོར་བརྒྱུད་གཡང་སྒྲོལ་ཕྱིར་རྒྱ་གར་དུ་བསྐྱེལ་རྒྱུའི་ཐག་ཆོད་པས་ཡིན། ཉིན་དེར་གཡང་སྒྲོལ་གྱི་གཅུང་པོ་གཅིག་དང་ཨ་མ། ཨ་ཞང་ལགས་བཅས་མི་གསུམ་གནམ་ཐང་དུ་གཡང་སྒྲོལ་བསུ་མར་བཅར། ཨ་མས་སོ་སོའི་བུ་མོར་འཐམ་ནས་དཀོན་མཆོག་གིས་མཁྱེན། གཡང་སྒྲོལ། ངའི་བུ་མོ་ནོར་བུ། ཁྱོད་འདི་འདྲ་གང་འདྲ་ཟེར་ཆགས་པ་རེད་དམ། ངས་དེ་སྔོན་ནས་བཤད་མྱོང་། ཁྱོད་ཨ་རིར་གཏོང་མི་དགོས། འཚོ་བ་གང་འདྲ་ཡིན་ཡང་ཆོད་འགྲོ་གི་རེད་ཅི་ཙམ་བཤད་ཀྱང་ཁྱོད་ཀྱི་ཨ་ཕ་གཏེ་ཐུག་དེས་ངའི་ཁ་ལ་མ་ཉན་པ་རེད། དཀོན་མཆོག་གིས་མཁྱེན། ད་དུང་ཁོས་ཁྱོད་ཀྱི་ཨ་རིའི་སྒོར་མོར་རེ་ནས་སྡོད་ཡོད། དཀོན་མཆོག་གིས་མཁྱེན། འུན་འུན་འུན་་་་ཨ་མའི་སེམས་ལ་ན་ཟུག་རྒྱག་ཐུབ་པའི་སྐད་ངག་གིས་དེ་ལྟར་ངུ་འབོད་བྱས།

 

གཡང་སྒྲོལ་གྱི་ཨ་ཞང་ལགས་ནས། གཅེན་མོ་ལགས། ད་འདིར་ངུ་མ་སྡོད། ང་ཚོ་ཕྱིར་ལོག་འགྲོ གཞན་གྱིས་མཐོང་སྣང་ལ་ཡག་པོ་ཡོད་མ་རེད། ཅེས་བཤད། གཡང་སྒྲོལ་གྱི་གཅུང་པོ་ཕལ་ཆེར་ལོ་ཉེར་གྲངས་ཙམ་སོན་པ་དེས་དུས་ཡུན་ཧད་དེ་གནས་སྟངས་ལ་བལྟས་རྗེས་མཇུག་ཏུ་ཁོའང་བཟོད་མ་ཐུབ་པར་མདུན་དུ་ཤོར་ནས་གཡང་སྒྲོལ་གྱི་ཕྲག་པ་ནས་འཐམ་བཞིན། ཨ་ཅེ་ལགས། ཁྱོད་རང་འདི་འདྲ་ཆགས་ཀྱི་རེད་བསམ་བསམ་མེད། སུས་ཁྱོད་རང་ལ་བསྙས་བཅོས་བཤད་སོང་། ང་སྐྱེས་པ་ཕོ་ཞིག་ཡིན། ངས་ཁོ་མ་བཞག་ཐག་གཅོད་ཡིན། ཨ་ཅེ་ལགས། ང་ལ་ཤོད་དང་། ཨ་ཅེ་ལགས་་་་ཅེས་ངུས། འོན་ཀྱང་སྐབས་དེར་གཡང་སྒྲོལ་ནི་གོ་མེད་ཚོར་མེད་ཀྱིས་སྒོ་ནས་མོའི་ཨ་མ་དང་སྤུན་མཆེད་གཞན་གཉིས། དེ་མིན་ཟུར་འགྲོ་བ་སོགས་གང་སར་བལྟས་ནས་གད་མོ་ཅུང་ཤོར་བ་ལས་ཨ་མ་དང་མོའི་སྤུན་མཆེད་ཀྱིས་གཡང་སྒྲོལ་ནི་རིག་པ་དྭངས་གསལ་མེད་པར་གྱུར་ཚར་བ་ཤེས།

ལོ་མང་རྗེས་སུ་གཡང་སྒྲོལ་མོ་རང་ཆུང་དུས་ནས་འཚར་ལོངས་བྱུང་ས་གཞིས་ཆགས་དེའི་གསེང་ལམ་དུ་སྨྱོ་རྒྱུགས་བྱེད། ལ་ལས་ཟེར་ན་ད་ཚོད་གཡང་སྒྲོལ་མོའི་ཨ་ཕས་སྒོ་ཕྱི་ལ་ཕུད་ཚར་བ་རེད་ཟེར། ཡང་ལ་ལས་ཟེར་ན་གཡང་སྒྲོལ་གྱི་ཕ་མ་སྤུན་མཆེད་ཚོས་མོ་རང་ལ་རྒྱུན་དུ་ལྟ་རྟོགས་བྱེད་ཁུལ་ཡིན་ཡང་མཚམས་རེར་གཡང་སྒྲོལ་ཁྱིམ་གྱི་ར་ནས་བཀག་མ་ཐུབ་པར་ཁྲོམ་གཞུང་ལ་ཤོར་འགྲོ་དུས་ནང་མི་ཚོས་ཀྱང་ཅི་བྱ་གཏོལ་བྲལ་གྱིས་ཉིན་ལྟར་གཡང་སྒྲོལ་སྲུང་ནས་སྡོད་ཐབས་བྲལ་བ་རེད་ཟེར། ཡང་ཐེངས་ཤིག་གཡང་སྒྲོལ་གྱི་གཅུང་པོ་སློབ་གྲྭའི་གུང་སེང་རིང་ཕྱིར་ནང་དུ་ལོག་སྐབས་ཤིག་ལ་ས་གནས་རང་གི་རྒྱ་གར་གླ་འཁོར་གཏོང་མཁན་གཅིག་དང་ཁོའི་གཅེན་མོ་གཡང་སྒྲོལ་ལ་བསྙས་བཅོས་བྱ་བརྩིས་བྱས་སྐོར་གྱི་རྙོགས་གླེང་དང་འབྲེལ་འཛིང་རས་ཀྱང་བྱས་ཡོད་སྐད་དང་། དེ་བཞིན་ཁྲོམ་ལམ་དུ་རྒྱ་གར་ཤུགས་ལས་བྱེད་མཁན་འགས་གད་མོ་དགོད་བཞིན་ཁོ་ཚོས་གཡང་སྒྲོལ་དང་ལུས་འབྲེལ་ལམ་མོ་ལ་བཙན་གཡེམ་ཇི་ལྟར་བཏང་མིན་སྐོར་གསོན་ཉམས་དོད་པའི་སྒོ་ནས་གླེང་བཞིན་མཆིས་་་་།

 

ཀློག་པ་པོ་ལགས། ང་ཚོས་སུས་ཀྱང་ཆུང་དུས་སློབ་གླིང་དུ་དགེ་སློབ་ཡོངས་ཀྱིས་བསྟོད་ཡུལ་མཛེས་མ་གཡང་སྒྲོལ་གྱི་མཛེས་སྡུག་ལྡན་པའི་མ་འོངས་པའི་མདུན་ལམ་དེ་མོའི་ཕ་མ་སྤུན་མཆེད་ཀྱིས་ཨ་རིའི་སྒོར་མོའི་བསླུ་བྲིད་འོག་བརླགས་པ་དེ་ནི་ཅི་འདྲ་ཡ་ང་བ་ཞིག་རེད་ཨང་། བུ་མོ་གཡང་སྒྲོལ་འཇིག་རྟེན་འདིར་སྡོད་རིང་ཐོག་མར་ཕ་མའི་གཅེས་ཕྲུག་མ་དང་། སློབ་གླེང་དུ་ཚང་མས་བསྟོད་ཡུལ། དེ་ནས་སྒོར་མོའི་བསླུ་བྲིད་དང་རྔམ་སེམས་ཀྱིས་མིའི་སེམས་ལ་གདོན་འདྲེ་བཞུགས་ནས་གཞོན་ནུ་མ་ཞིག་གི་ལང་ཚོ་ཡོངས་རྫོགས་ཉོ་ཚོང་གིས་ཕྲུ་གུའི་ཨ་མར་གྱུར་ནས་སོ་སོའི་འདོད་མོས་མིན་པའི་གཞན་གྱི་མནའ་མར་གྱུར་ཏེ་བརླགས་པའི་རྗེས་ཤུལ་དེའི་གྱོང་རྒུད་མཇལ་དཀའ་བ་ནི་བཤད་ག་ལ་དགོས། འོན་ཀྱང་གུས་མོ་བུ་མོ་གཡང་སྒྲོལ་དང་ཐུག་ནས་ད་བར་གྱི་བརྒྱུད་རིམ་འདི་དག་ལ་དབྱེ་ཞིབ་ཅུང་སྦྲགས་རྟོགས་བཟོའི་ཚུལ་གྱིས་ཁྱོད་རྣམས་པར་བརྩམས་སྒྲུང་ལུགས་སུ་གྲུབ་སྟངས་ཀྱི་སེམས་ཚོར་ཡང་འདི་ཙམ་ཡིན་ནོ།

 

 

( རྫོགས་སོ།) 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།