གཡང་སྒྲོལ། (༥)

images/stories/Gangkarsem/22.jpg

( ལྔ་པ། )

( བརྩམས་སྒྲུང་། )

The girl ( novel )

央卓女 ( 小說 )

ཕྱི་ནད་སྨན་ཁང་བུད་མེད་སྡེ་ཚན་ཕྲུ་གུ་སྐྱེ་སའི་ཁང་པའི་ནང་གཡང་སྒྲོལ་གྱི་ངུ་འབོད་ཀྱིས་ཁེངས། དེ་སྔོན་ཙམ་ལ་གཡང་སྒྲོལ་སྐྱེ་ཟུག་རྒྱག་ནས་ཡུན་ཙམ་སོང་ཡང་། ཕྲུ་གུ་སྐྱེ་མ་ཐུབ་པར་སྨན་པས་མོ་རང་མུ་མཐུད་ཡར་ལང་ནས་ཕར་འགྲོ་ཚུར་འགྲོ་ཏོག་ཙམ་མ་བྱེད་ན་མི་འགྲིག་ཚུལ་བཤད། འོན་ཀྱང་གཡང་སྒྲོལ་སྦྲུམས་མ་མང་པོ་དང་མི་འདྲ་བ་དམིགས་བསལ་དུ་སྐེད་པར་ཟུག་གཟེར་ཆེ་བའི་སྟབས་ཀྱིས་ཡར་ཁྱོན་ནས་ལང་མ་ཐུབ་པར་ཉལ་ཁྲིར་ལྷུང་ཞིང་། ལག་གཡས་པས་གྲོད་ཁོག་སྐྱོར་ཞིང་དབུགས་རིང་ནར་ནར་གྱིས་ཅི་བྱ་གཏོལ་བྲལ་ལྟར་རེད།

སྐབས་དེར་མགོ་སེར་ཡང་འཚུབ་ཆ་ལང་ཞིང་མཚམས་རེར་མོའི་གདོང་ལ་ལྟ་ཙམ་དང་། ཡང་ལེན་རེར་མོའི་ལག་གཉིས་ལ་འཕུར་ཙམ་འཕུར་ཙམ་ཡང་བྱས། དེ་ནས་སྨན་པས་གཡང་སྒྲོལ་སྐྱེ་འཕེལ་ཁང་དུ་འཁྲིད་སོང་བའི་རྗེས་དུས་ཡུན་གང་ཙམ་འགོར་ཡང་སྨན་པས་ད་དུང་གཡང་སྒྲོལ་ལ་ཕྲུ་གུ་སྐྱེ་གྲབས་མེད་སྐོར་བཤད། འོན་ཀྱང་གཡང་སྒྲོལ་ཟུག་གཟེར་ཇེ་ཆེར་སོང་ནས་ལྷོད་སྡོད་ཙམ་ཡང་མི་ཐུབ་པར་གྱུར་སྟབས། མོས་ངུ་སྐད་དང་བཅས་མགོ་སེར་ཕྱོགས་སུ་བལྟས་ཏེ། ཁོང་། སྨན་པར་ངའི་གྲོད་ཁོག་བཤག་ནས་ཕྲུ་གུ་མར་བཏོན་རོགས་གསུངས་དང་། ང་ཟུག་གིས་བསྡད་ཐུབ་ཀྱི་མི་འདུག མགྱོགས་ཙམ་གསུངས་དང་། ཅེས་པར་མགོ་སེར་དེ་མུར་སྨན་པར་རེ་འདུན་དེ་ཞུས། དེ་ནས་སྨན་པ་འགའ་ཡིས་གྲོས་བསྡུར་ཅུང་བྱས་རྗེས་མཉམ་དུ་ཉན་ཞིབ་བརྒྱུད་དེ་མུར་གཡང་སྒྲོལ་བཤག་བཅོས་ཁང་དུ་འདྲུད་སོང་། དེར་ཕལ་ཆེར་ཆུ་ཚོད་གཅིག་ལྷག་ཙམ་འགོར་རྗེས་གཡང་སྒྲོལ་མ་བུ་གཉིས་སྐྱོན་མེད་ཐོག་བཤག་བཅོས་ལེགས་གྲུབ་བྱུང་། སྐབས་དེར་མགོ་སེར་དགའ་སྤྲོ་དཔག་མེད་ཀྱི་སྒོ་ནས་ནད་ཁང་གི་སྒེའུ་ཁུང་ཕྱི་ནས་གློག་གི་ཤེལ་སྒྲོམ་དུ་བླུགས་པའི་ཁོའི་བུ་ཆུང་ལ་བལྟས་ཏེ་ཏོག་ཙམ་མ་གཏོགས་དགའ་སྤྲོའི་མིག་ཆུའང་དོན་ལ་ཉེ་བ་ལྟར་གྱུར། འོན་ཀྱང་བློ་ཕམ་པ་ཞིག་ལ་སྨན་པས་ད་ཐེངས་ཀྱི་གཤག་བཅོས་བརྒྱུད་གཡང་སྒྲོལ་གྱིས་རྗེས་སུ་ཕྲུ་གུ་སྐྱེ་འཕེལ་ལ་དཀའ་ངལ་འཕྲད་རྒྱུ་ཡིན་པའམ་རྗེས་སུ་ཕྲུ་གུ་སྐྱེ་ཐུབ་མིན་སྐོར་བརྗོད་ཡོད་པ་རེད། གང་ལྟར་ཡང་དེ་རྗེས་གཡང་སྒྲོལ་གྱིས་ཉིན་རེ་བཞིན་མགོ་སེར་གྱིས་མོ་རང་ལ་དོ་སྣང་དེ་ཙམ་མེད་པར་ཕྲུ་གུ་ལ་གཙིག་ཆེར་འཛིན་ནས་བྱམས་སྐྱོང་བྱེད་ཅིང་། དེ་བས་མགོ་སེར་གྱིས་ཕྲུ་གུ་སྐྱེས་ནས་ལོ་འཁོར་གྲབས་སྐབས་སུ་ཁོའི་སྤུན་ཉེ་ཡིན་ཟེར་བའི་བུད་མེད་དར་གཞོན་ཞིག་ཁྱིམ་དུ་སྐད་གཏོང་ནས་གཡང་སྒྲོལ་དང་ཕྲུ་གུ་གཉིས་ཐག་རིང་སར་འཇོག་ཐབས་དང་བུད་མེད་དེས་ཆེད་དུ་ཕྲུ་གུར་ལྟ་སྐྱོང་ཡང་བྱེད་དུ་བཅུག འོན་ཀྱང་བུད་མེད་མགོ་སེར་དར་གཞོན་དེ་ནང་དུ་སླེབས་མ་ཐག་མོའི་བྱེད་སྟངས་ལས་སྟངས་གང་ལ་བལྟས་ཀྱང་ཁྱིམ་བདག་མ་ཞིག་གི་ངོ་བོར་ཇེ་གསལ་དུ་མངོན་པ་མ་ཟད། གཡང་སྒྲོལ་ལ་མཚམས་རེར་གཡོག་མོ་དྭངས་མ་ཞིག་གི་འདུ་ཤེས་ལས་མི་འཛིན་པར་རྣམ་འགྱུར་ཡང་ཇེ་སྡུག་ཇེ་ལོད་དུ་འགྲོ་བཞིན་ཡོད།

 

 

དུས་མཚུངས་སུ་གཡང་སྒྲོལ་གྱིས་བུ་ཆུང་སྐྱེས་པའི་སྤྲོ་སྣང་དེའང་རིམ་གྱིས་ཡལ་ཞིང་སེམས་ཁམས་ཇེ་ལོད་དང་ལུས་པོའང་སྐམ་ལ་རེད་པར་འགྱུར་བཞིན་ཡོད། འོན་ཀྱང་མགོ་སེར་དང་བུད་མེད་གཡོག་མོ་དེ་གཉིས་ནས་རྒྱུན་དུ་མོ་ལ་མིག་ལོག་དང་མི་འདོད་པའི་རྣམ་འགྱུར་སྟོན་པ་ནི་རྒྱུན་གཏན་གྱི་གནས་སྟངས་ཙམ་དུ་ཆགས་ཟིན་པ་རེད།

 

དུས་ཚོད་དེ་ཙམ་གྱི་རིང་གཡང་སྒྲོལ་དེ་སྔོན་མོའི་ངོ་ཤེས་དང་སློབ་གྲོགས་མགོ་སེར་ཚོའི་དབར་ཡང་རང་བཞིན་གྱིས་སེམས་ཐག་ཇེ་རིང་ལ་སོང་།

 

 

མོས་བསམ་པར་མོ་རང་དེ་སྔོན་གྱི་གོམས་གཤིས་དང་ལུགས་སྲོལ་དག་གིས་གང་ལྟར་ཡང་སོ་སོའི་རིགས་མཐུན་ཚོའི་དབར་གྱི་ཉེ་ཐག་དེ་ནས་བྲོས་ས་མེད་ཅིང་། མིའི་དབར་ལ་སེམས་བསམ་པའི་མཐུན་ལམ་བྲལ་ནས་ཕྱི་ཚུལ་གྱི་གུས་ལུགས་དེ་ཙམ་གྱིས་མོ་རང་གསོན་ཐབས་དཀའ་བ་དེ་བས་སྔར་བས་ས་མཚམས་དེར་ཇེ་ཉེར་འགྲོ་བཞིན་པ་ཚོར། དེ་ནས་བཟུང་མགོ་སེར་རྒས་པོས་མོས་ལས་ཀ་གཏན་འཇགས་ཤིག་འཚོལ་ནས་དངུལ་བསགས་རྒྱུ་གལ་ཆེན་པོ་ཡིན་ལུགས་དང་། ཁྱིམ་དང་ཕྲུ་གུ་སོགས་ལ་འགྲོ་སོང་ཉིན་རེ་བཞིན་ཇེ་ཆེར་ཡིན་ལུགས་སོགས་ཅི་ཙམ་བཤད་ཀྱང་གཡང་སྒྲོལ་གྱིས་སེམས་གཏིང་ནས་མགོ་སེར་རྒས་པོས་མོ་ལ་མགོ་བསྐོར་མགོ་གཡོག་འགོ་བརྩམས་བཞིན་པ་དང་། དེ་སྔོན་ནས་མགོ་སེར་གྱིས་ཟེར་བ་ལྟར་ཁོ་ལ་མ་རྩ་ཆེ་བས་གཡང་སྒྲོལ་གྱིས་དངུལ་ལ་སེམས་འཁུར་མི་དགོས་པའི་ཐོག་མའི་སྙན་པའི་སྐད་ཆ་དེ་དག་ཡིད་ལ་ཡང་ཡང་འཆར་གྱི་ཡོད་མོད། དེ་འདྲ་བསམ་ཡོང་དུས་མོ་རང་དུས་ཚོད་ནམ་བྱུང་ལ་བོད་པའི་ཡུལ་གྱར་བ་སྡོད་སའི་ཕྱོགས་སུ་འཁྱམ་ཉུལ་འགྲོ་རྒྱུར་དགའ་བ་དང་། དེ་མིན་ལས་ཀ་གཏན་འཇགས་འཚོལ་ནས་དངུལ་བསག་རྒྱུའི་སྐོར་བསམ་བློ་ཙམ་ཡང་བསྐོར་འདོད་མེད་པ་ཆགས་བཞིན་ཡོད།

 

 

ཐེངས་ཤིག་གཡང་སྒྲོལ་གྱིས་ཚོང་རྭ་ཞིག་ཏུ་ཤར་གླིང་གི་ཕོ་གཞོན་ཞིག་དང་ཐུག བུ་དེས་ལམ་སེང་མོའི་སར་ཡོང་ཞིང་མོ་ལ་ལག་པ་གཏོང་བ་མ་ཚད། གདོང་ལ་འཛུམ་དང་བཅས་བོད་སྐད་ཐོག་ནས་བཀྲིས་བདེ་ལེགས། ངའི་མིང་ལ་བསྟན་འཛིན་ཚེ་རིང་ཟེར། ཁྱོད་རང་ཐུག་པ་དགའ་པོ་བྱུང་ཅེས་འཚམ་འདྲི་བྱས། གཡང་སྒྲོལ་གྱིས་ལོ་མང་རིང་ཟླ་རེ་གཉིས་ཙམ་དུ་རྒྱ་གར་དུ་ཡོད་པའི་ནང་མི་ཚོ་དང་མཉམ་སྐབས་རེ་གཉིས་ལ་སྐད་ཆ་ཤོད་པ་ཕུད། ཕྱིའི་རྒྱལ་ཁབ་དུ་སླེབས་ཚར་བའི་གྲོང་བརྡལ་ཆུང་ཆུང་འདིའི་ནང་འཛུལ་འཛུལ་ནས་གཞན་མངའ་སྡེའི་ནང་འགྲིམས་རྒྱུ་མ་བྱུང་བས་དེ་རིང་བོད་པའི་ཕོ་གཞོན་ཞིག་དང་ཐུག་པ་དེར་དགའ་སྣང་ཧ་ཅང་ཆེན་པོ་བྱུང་། གཡང་སྒྲོལ་འཚུབ་ཆ་ཅུང་དང་སྦྲགས་བཀྲིས་བདེ་ལེགས། ང་གཡང་སྒྲོལ་ཡིན། ཨ་མ་ལོ། ངས་འདིའི་ཕྱོགས་ནས་བོད་པ་ཐུག་གི་རེད་བསམ་ཡུལ་ལས་ཀྱང་མེད་ཅེས་ལན་འདེབས། བུ་དེས་ཀྱང་དགའ་སྣང་དང་བཅས་ངས་ཁྱོད་རང་བོད་པའི་བུ་མོ་ཞིག་ཡིན་ས་རེད་བསམ་སོང་བས་ནོར་མི་འདུག་ག ཧ་ཧ་ཧ་ཞེས་གད་མོའང་ཅུང་དགོད་ཙམ་བྱས། གཡང་སྒྲོལ་ཅུང་ངོ་ཚ་དང་བཅས་ཁྱོད་རང་འདིར་ག་དུས་སླེབས་པ་ཡིན་ནམ། འདིའི་ཕྱོགས་སུ་བོད་པ་མང་པོ་ཡོད་རེད་པས། ཅེས་པར་བུ་ཚེ་རིང་གིས་མངའ་སྡེ་འདིར་བོད་པ་སྟོང་ཚོ་ཁ་ཤས་ཡོད་བཟོ་བཤད་ཀྱི་འདུག་ཀྱང་། ང་ཚོའི་སྡོད་སའི་ས་ཁུལ་འདིར་བོད་པ་རེ་གཉིས་ཙམ་ལས་ཡོད་བཟོ་མི་འདུག དེ་དག་ཀྱང་ཕྱོགས་གང་སར་འཐོར་ནས་ཡོད་པ་རེད། རྒྱུན་གཏན་ངའང་ས་ཆ་གཞན་དུ་སོང་ནས་གྲོགས་པོ་ཁ་ཤས་དང་གཟའ་མཇུག་ལ་ཐུག་ཙམ་ཆེད་དུ་འགྲོ་གི་ཡོད། འོན་ཀྱང་མང་ཆེར་ནི་ཧ་ཅང་ལས་བྲེལ་ཆེན་པོ་རེད། ཅེས་ཟེར། གཡང་སྒྲོལ་གྱིས་དེ་འདྲ་ཡིན་ན་ང་ཚོའི་བོད་མའི་ནང་ལྷོད་སྡོད་བྱེད་མཁན་ང་གཅིག་པུ་ཡིན་པ་འདྲ། ཞེས་བཤད།

 

དེ་ནས་བུ་དེས་ཁྱེད་རང་དེ་རིང་བྲེལ་བ་མེད་ན་ཕར་ཙམ་ཚིག་ཇ་འཐུང་སར་མཉམ་དུ་འགྲོ་ན་ཨེ་འགྲིག ཅེས་པར་གཡང་སྒྲོལ་དགའ་སྣང་ཆེན་པོ་སྦྲགས་ལོས་འགྲིག ལོས་འགྲིག ཐུགས་རྗེ་ཆེ་ཞེས་བཤད། དེ་ནས་ཁོ་གཉིས་ལམ་ཕར་ཕྱོགས་ཀྱི་ཚིག་ཇ་ཁང་ཆུང་ཆུང་ཞིག་ཏུ་ཚིག་ཇ་ཕོར་གཉིས་བསྔགས་རྗེས་ཟུར་གྱི་རྐུབ་བཀྱག་ཅིག་ཐོག་ལྷོད་སྡོད་བྱས། བསྟན་འཛིན་ཚེ་རིང་གིས་ཁོ་རང་དེ་སྔོན་རྒྱ་གར་ཡོད་དུས་སློབ་གྲྭར་འགྲོ་མྱོང་བ་དང་། དེ་ནས་ཨ་ཕས་ཁོ་རང་གྲྭ་པ་བྱེད་བཅུགས་རྗེས་དགོན་པར་སློབ་གཉེར་ཏོག་ཙམ་བྱས་ཚུལ། རྗེས་སུ་ཆོས་ཚོགས་ཤིག་གིས་ཕྱིའི་རྒྱལ་ཁབ་ཏུ་བཏང་རྗེས་ཕྱིར་རྒྱ་གར་ལོག་མ་ཐུབ་པ་མ་ཟད། ད་ཆ་གྲྭ་པའང་མིན་ཚུལ་སོགས་ཁོའི་མི་ཚེའི་བྱུང་བ་ཡོངས་རྫོགས་སྦ་གསང་སྤུ་ཙམ་མེད་པར་གཡང་སྒྲོལ་ལ་ཆུ་བླུད་པ་ལྟར་བཤད། གཡང་སྒྲོལ་གྱིས་སྐད་ཆ་དེ་ཙམ་བཤད་མེད་ཀྱང་མོའི་སེམས་སུ་སྐར་ཆ་ཙམ་ཡང་མ་ལྷོད་པར་བསྟན་འཛིན་ནི་ངོ་མ་བུ་ཁ་སངས་གཏིང་སངས་ཤིག་རེད། མི་ཡུལ་ལུང་པ་འདིར་ང་ལ་སེམས་གཏམ་བཤད་ས་ཙམ་ཡང་མེད། ད་ཆ་མོ་དང་མགོ་སེར་རྒས་པོའི་དབར་གྱི་འབྲེལ་ལམ་དེའང་ཇེ་ལོད་དུ་འགྲོ་བཞིན་པ་མ་ཟད། མོ་ལ་གཡོག་མོ་དྭངས་མ་ཞིག་གི་ཚུལ་ལས་བརྩི་མཐོང་མེད། ད་ཆ་ཁེར་རྐྱང་ཡུ་མ་ང་ལ་བུ་བསྟན་འཛིན་ཁོང་འདྲ་བའི་གྲོགས་པོ་བློས་ཐུབ་ཅིག་འབྱུང་ན་ཅི་མ་རུང་ཡང་སྙམ། དེ་ནས་གཡང་སྒྲོལ་གྱིས་ཀྱང་བསྟན་འཛིན་ལ་མོའི་གནས་སྟངས་མདོར་བསྡུས་ཙམ་བཤད་རྗེས་ཁོ་རང་གཉིས་ཀྱི་འདས་སོང་གི་ཉམས་མྱོང་གཅིག་མཚུངས་དེ་དག་མཉམ་དུ་བཤད་དུས་གཉིས་ཀ་ལ་སྤྲོ་སྣང་དང་སེམས་ཐག་ཇེ་ཉེར་སོང་བའི་བདེ་སྐྱིད་ཀྱི་ཚོར་བ་ཤུགས་ཆེན་པོ་བྱུང་།

 

 

མཇུག་དེར་གཡང་སྒྲོལ་དང་བུ་ཚེ་རིང་གཉིས་ཁ་པར་དང་འཕྲིན་ཕྲན་བརྗེ་པོ་རྒྱག་པ་དང་རྗེས་སུ་མུ་མཐུད་འབྲེལ་བ་བྱ་རྒྱུ་བཟོས་ཏེ་ཚིག་ཇ་ཁང་དེ་ནས་བུ་བསྟན་འཛིན་དང་ཁ་བྲལ་རྗེས་གཡང་སྒྲོལ་ནི་བླ་འཁྱམ་པ་ལྟར་གྱུར་ཞིང་སེམས་ནང་ཅི་ཡིན་ཆ་མི་འཚལ་བའི་བྲལ་མི་ཕོད་པའི་ཚོར་བ་སྐྱུར་མོ་ཞིག་གི་རླབས་ཕྲེང་ཞིག་འཕྱུར། དུས་དེ་ནས་བཟུང་གཡང་སྒྲོལ་ཕྱིར་རང་ཁྱིམ་དུ་ལོག་ཀྱང་ཉིན་རེ་བཞིན་བསྟན་འཛིན་གྱིས་སླར་ཡང་མོ་ལ་ཁ་པར་ཞིག་གཏོང་ཡོང་ན་བསམ་པའི་རེ་བ་ཤུགས་ཆེ་རུང་སོང་།

 

 

ཟླ་བ་ཁ་ཤས་སོང་རྗེས་ཨ་རིའི་གཞུང་ལས་ཁང་ཞིག་ཏུ་མགོ་སེར་རྒས་པོས་གཞུང་ཞབས་སེམས་ཁམས་སྨྱོ་ནད་རིགས་ལ་ལྟ་སྐྱོང་སྡེ་ཚན་ཞིག་ཏུ་སོང་ནས་དེའི་འགོ་འཁྲིད་ཅིག་དང་ཁ་བརྡ་བྱེད་བཞིན་ཡོད། ་་་་་་ངས་བསམ་པར་མོ་རང་དངོས་གནས་སེམས་ཁམས་ཀྱི་ནད་སྐྱོན་དེ་ཇེ་ཆེར་སོང་འདུག ངས་མོ་ལ་ཡག་པོ་ཇི་ཙམ་བྱས་ཀྱང་མོ་དེ་སྔོན་དབུལ་ཞིང་ཕོངས་པའི་རྒྱ་གར་དུ་འཚར་ལོང་བྱུང་བའི་ཡུལ་གྱར་བོད་པའི་རྗེས་རབས་པ་ཞིག་ཡིན་པའི་རྐྱེན་དང་། རང་བཞིན་གྱི་གཤིས་སྤྱོད་དང་རིག་གཞུང་དེ་དག་རྒྱབ་ལྗོངས་སུ་གོམས་ཡོད་པའི་རྐྱེན་གྱིས་མོ་ལ་གཤིས་ཀ་སྡུག་ཆག་དེ་འདྲ་ཆགས་འདུག ད་ཡིན་ན་ངས་མོ་སེམས་ནད་སྨན་ཁང་ངམ་ལྟ་སྐྱོང་ཁང་དུ་བསྐྱེལ་རྒྱུ་ལས་ང་ལའང་ཐབས་ཤེས་གཞན་ཁྱོན་ནས་མི་འདུག ངས་མོ་རང་གི་ན་ཚ་དྲག་བསྐྱེད་ཡོང་རྒྱུ་དང་སོ་སོ་ཕྲུ་གུ་ཞིག་གི་ཨ་མ་ཡིན་པའི་ཆ་ནས་ཕྲུ་གུར་གསོ་སྐྱོང་ཡག་པོ་ཡོང་བའི་རེ་བ་རྒྱུན་རིང་པོར་བརྒྱབ་པ་ཡིན་མོད། དེ་མིན་རྒྱུན་དུ་ནས་སྒེར་སོ་སོའི་ལུས་སེམས་གཉིས་ལ་འཕྲོད་བསྟེན་ཡག་པོ་དགོས་ལུགས་ཀྱི་བསླབ་བྱའང་གང་ལེགས་བྱས་མྱོང་། ་་་་་་འོན་ཀྱང་ད་ཆ་གནས་སྟངས་འདི་འདྲར་ཆགས་པ་རེད། ད་ལྟའི་ཆར་ངས་གླ་ཆ་སྦྱིན་ནས་ངའི་ཁྱིམ་དུ་མོ་རང་མིན་པའི་ཕྲུ་གུར་ལྟ་སྐྱོང་བྱེད་མཁན་ལས་མི་དམིགས་བསལ་ཞིག་བསྐོ་དགོས་བྱུང་བ་མ་ཟད། ངའང་ལོ་ཆུང་ཆུང་མིན་སྟབས་ཕྲུ་གུ་ཆུང་ཆུང་ལ་ལྟ་རྟོགས་དགོས་པ་ཕུད་སོ་སོའང་རང་མགོ་འཐོན་དགོས་དུས་མོ་ལ་ལྟ་རྟོགས་བྱེད་ཐུབ་ཀྱི་མི་འདུག ང་དངོས་གནས་འུ་ཐུག་ནས་གཞུང་ལ་རེ་འདུན་འདི་ཞུས་པ་ཡིན། དེའང་གཙོ་བོ་མོ་རང་ནད་བཅོས་ཀྱི་ཁོར་ཡུག་དེ་ངའི་ཁྱིམ་གྱི་རྒྱ་ལས་ཡག་ཙམ་ཞིག་ཡོང་ཐབས་ཀྱི་ཆེད་དུའང་ཡིན། ཞེས་མགོ་སེར་རྒས་པོས་སྡེ་ཚན་གྱི་འགན་འཛིན་ལ་ཁོས་གཡང་སྒྲོལ་སེམས་ཁམས་སྨན་པར་བརྟེན་གཏུག་དང་། ཡང་ན་སེམས་ཁམས་བདེ་མིན་གྱི་སྡེ་ཚན་ཞིག་ཏུ་བསྐྱེལ་རྒྱུ་ཡིན་པའི་སྐོར་དེ་འདྲ་ཞུས་པར་འགན་འཛིན་གྱིས་གལ་ཏེ་ཁྱེད་ཀྱི་བཟའ་ཟླ་མོ་སེམས་ནད་ལྟ་སྐྱོང་ཁང་ངམ་རོགས་ཕན་སྡེ་ཚན་དུ་འཛུལ་བཞུགས་ཆོག་པའི་ཆ་རྐྱེན་འདི་དག་ཚང་འདུག་ན་དེ་གས་འགྲིག་གི་ཡོད་པ་རེད།

 

དེས་ན་ངས་སྤྲད་པའི་དུས་ཚོད་དེར་མོ་རང་འདིར་འཁྲིད་ནས་ང་ཚོས་ངོ་ཐུག་ནས་དེའི་སྐོར་རྟག་དཔྱད་དང་ཁ་བརྡ། གོ་བསྡུར་བྱ་དགོས། ཅེས་བཤད། མགོ་སེར་རྒས་པོས་སྐད་ཆ་དེ་གོ་མ་ཐག་འཛུམ་དང་བཅས་ཡར་ལང་ནས་འགན་འཛིན་གྱི་ལག་མགོ་ནས་འཇུས་ཏེ་ཐུགས་རྗེ་ལེགས་གསོལ་ཞུས་རྗེས་ཕྱིར་ཁྱིམ་དུ་ལོག ཉིན་དེའི་མཚན་མོར་མགོ་སེར་དང་ཕྲུ་གུར་ལྟ་སྐྱོང་བྱེད་མཁན་བུད་མེད་དེ་གཉིས་གཡང་སྒྲོལ་སྨྱོ་ནད་ལྟ་སྐྱོང་ཁང་དུ་ཇི་ལྟར་འཁྲིད་ཐབས་དགོས་མིན་སྐོར་གོ་བསྡུར་ལྷུག་པོར་བྱས་རྗེས། མགོ་སེར་གྱིས་གཞི་ནས་གཡང་སྒྲོལ་ཁོའི་ཉལ་ཁང་དུ་སྐད་བཏང་། ཉིན་དེ་དག་གི་རིང་གཡང་སྒྲོལ་ཡང་བླ་འཁྱམ་པ་ལྟར་ཟས་དུས་ཐོག་མི་ཟ་ལ་མགོའི་སྐྲ་ལོ་ཟིང་ནས་རྒྱུན་དུ་མོའི་ཉལ་ཁང་ཆུང་ངུ་དེར་རྒྱུན་རིང་ཉལ་སྐབས་གཡོག་མོའི་ཚོགས་གཏམ་དང་དམའ་འབེབས་ཀྱི་ཚིག་རྩུབ་སྐད་མགོ་མཐོ་ཙམ་དམན་ཙམ་དེ་དག་ལས། མོའི་སེམས་སུ་མགོ་སེར་རྒས་པོ་དང་བུད་མེད་གཡོག་མོ་གཉིས་ནས་མོ་རང་ལ་གང་ས་ཅིའི་ཐད་ནས་ཕྱིར་མི་མངོན་པའི་སྒོ་ནས་མཐོང་ཆུང་དང་ཁྱད་བསད་ཅི་ཙམ་བྱེད་ཀྱི་ཡོད་མིན་གསལ་གསལ་ཐིང་ཐིང་ཡོད་པས་སྔར་བས་ཧ་ཅང་ཁེར་རྐྱང་དང་སུན་སྣང་ཆེན་པོ་མྱོང་ནས་ལུས་ཡོད།

 

 

སྐབས་དེར་མགོ་སེར་གྱིས་གདོང་ལ་ཡག་མདོག་དང་བཅས་བཤད་རྒྱུ། ངའི་སྙིང་ལྟ་བུའི་གཡང་སྒྲོལ་ལགས། དེང་སང་ཁྱེད་རང་ཧ་ཅང་མི་སྐྱིད་པ་བྱེད་ཀྱི་འདུག ན་གི་ཡོད་པ་འདྲ། དེ་འདྲ་ཡིན་ན་ངེས་པར་དུ་སྨན་པར་བརྟེན་གཏུག་དགོས་པ་རེད། ཁྱེད་ལ་ན་ཚ་འབྱུང་ན་ངའང་སྐྱིད་པོ་ཁྱོན་ནས་ཡོང་མི་སྲིད། ཅེས་པར་གཡང་སྒྲོལ་གྱིས་དགའ་སྐྱོ་ཆགས་སྡང་ཅིའང་མེད་པའི་རྣམ་འགྱུར་དང་སྦྲགས། ང་ན་གི་མི་འདུག ཁྱེད་རང་སེམས་འཁུར་མི་དགོས། དེ་བས་སོ་སོའི་གཟུགས་པོར་བདག་གཅེས་ཡག་པོ་བྱོས། ད་ཁྱེད་རང་རྒས་འཁོག་ཅིག་གིས་དྲན་རྒྱུ་འབེལ་དྲག་ན་སེམས་ལ་གནོད་འོང་། ང་ཚོ་བོད་པའི་གཏམ་དཔེ་ལ་དྲན་རྒྱུ་རྒོད་ན་ཡོང་རྒྱུ་མང་ཟེར་སྲོལ་ཡོད་རེད། ང་ནི་ད་དུང་ལོ་ཆུང་བས་མི་སྐྱོན། ཞེས་བཤད་པར་ཐོས་དུས་མགོ་སེར་རྒས་པོ་དེ་བས་སེམས་གཏིང་ནས་ཁོང་ཁྲོ་ལང་ཡང་མུ་མཐུད་ངོ་ནས་འཛུམ་མུལ་མུལ་གྱིས་གཡང་སྒྲོལ་ལགས། ཁྱེད་རང་སོ་སོར་ན་ཚ་ལྕི་མོ་ཕོག་པ་ཧ་གོ་མི་འདུག ངས་མི་ལ་མངགས་ཚར། ང་ཚོ་སང་ཉིན་སྨན་ཁང་དམིགས་བསལ་བ་ཞིག་ཏུ་རྟག་དཔྱད་བྱ་སར་འགྲོ་རྒྱུ་བྱས་ཚར། དེ་བས་ཁྱེད་རང་གིས་གྲ་བསྒྲིག་ཏོག་ཙམ་བྱོས། གཅིག་བྱས་ན་ཕར་སོང་ནས་ཕ་གིར་ཉིན་ཞག་ཁ་ཤས་ཀྱང་བསྡོད་དགོས་སྲིད་པས་ཁྱེད་ཀྱིས་རྒྱུན་གྱོན་ཡོད་ཚད་དང་རྒྱུན་མཁོའི་ཅ་དངོས་ཚང་མ་གྲ་བསྒྲིག་ཡག་པོ་བྱོས། ངེད་གཉིས་མཉམ་དུ་ལྷོད་ལྷོད་བྱས་ནས་འགྲོ ཅེས་བཤད་རྗེས་གཡང་སྒྲོལ་གྱི་ལན་ཡང་མ་སྒུག་པར་ཕྱིར་ཁོའི་ཁང་མིག་ཏུ་ལོག་སོང་།

 

——མུ་འགོད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།