གཡང་སྒྲོལ། (༤)

images/stories/Gangkarsem/22.jpg( བཞི་པ། )

( བརྩམས་སྒྲུང་། )

The girl ( novel )

央卓女 ( 小說 )

དེ་རྗེས་གཡང་སྒྲོལ་ཡང་སློབ་ཐོན་ཟིན་ནས་བར་སྐབས་ཤིག་ཏུ་ནང་ལ་བསྡད་རྒྱུ་དང་། མགོ་སེར་རྒན་པོས་གཏམ་པ་ལྟར་གཟུགས་པོར་འཕྲོད་བསྟེན་དང་ཡིད་གཟབ་ཕྱིར་མ་བུའི་འཕྲོད་བསྟེན་ལྟེ་གནས་ཤིག་ཏུ་ལུས་སྦྱོང་དང་རླུང་སྦྱོང་འགྲིམ་བཞིན་ཡོད། ཟླ་བ་འགའི་རྗེས་སུ་ཕྲུ་གུ་སྐྱེ་ལ་ཉེ་བའི་ཉིན་ག་གེ་མོར། གཡང་སྒྲོལ་ལུས་སྦྱོང་ལྟེ་གནས་དེ་ནས་ཕྱིར་དོན་རྗེས་གཞུང་ལམ་ཟུར་དུ་སྤྱི་སྤྱོད་རླངས་འཁོར་སྒུག་ནས་བསྡད་སྐབས། དེ་སྔོན་ཡུལ་བསྐོར་སྤྲོ་འཆམ་ལ་སོང་བའི་སློབ་གྲོགས་དེ་དང་ངོ་ཐུག་རྒྱག མོ་རང་ཅུང་མི་བདེའི་མདོག་དང་བཅས་ཁོ་ལ་གཡོལ་བརྩིས་བྱས་ཀྱང་སློབ་གྲོགས་དེ་ཐད་ཀར་མོ་ལ་ཁ་ཕྱོགས་ནས་ཚུར་སླེབས་པ་མ་ཟད། གཡང་སྒྲོལ་ལགས། བཀྲ་ཤིས་བདེ་ལེགས། ཅེས་འཚམ་འདྲི་བྱས།

དེ་མུར་གཡང་སྒྲོལ་གྱིས་ཁོ་ལའང་འཚམ་འདྲི་བྱས་རྗེས་སྐད་ཆ་གང་ཡང་མ་བཤད་པར་ཁོ་རང་གཉིས་དེ་མུར་ཁ་གཏད་དེ་ལང་ནས་བསྡད། སློབ་གྲོགས་ཀྱིས་ང་རང་ཁྱོད་དང་སྐད་ཆ་ཏོག་ཙམ་བཤད་འདོད་འདུག ཕར་ཙམ་གྱི་ཚིག་ཇ་ཁང་དུ་ཏོག་ཙམ་ལྷོད་སྡོད་བྱ་ན་འགྲིག་གམ། དུས་ཚོད་མང་པོ་འགོར་གྱི་མ་རེད། ཅེས་གུས་ཞབས་དང་བཅས་སྨྲས་པར་གཡང་སྒྲོལ་ཐེ་ཚོམ་ཅུང་སྦྲགས་སློབ་གྲོགས་ལ་མོས་མཐུན་ཚུལ་གྱིས་མགོ་བོ་ལྡེམ་ཙམ་བྱས།

 

དེ་ནས་ཁོ་རང་གཉིས་གཞུང་ལམ་གཡས་ཕྱོགས་ལམ་ཟུར་གྱི་ཚིག་ཇ་ཁང་ཆུང་ངུ་དེར་འཛུལ། སློབ་གྲོགས་ཀྱིས་གཡང་སྒྲོལ་རྐུབ་སྟེགས་ཤིག་ཐོག་གདན་འདྲེན་ཞུས་རྗེས་ཁོ་རང་གཡང་སྒྲོལ་དང་མར་མཉམ་དུ་བསྡད། སློབ་གྲོགས་ཀྱིས་དལ་པོའི་ངང་། གཡང་སྒྲོལ་ལགས། ཁྱོད་ཀྱི་སྐུ་གཟུགས་བདེ་པོ་ཡིན་པས། ཁྱོད་ལ་ཕྲུ་གུ་འཁོར་ཡོད་པ་འདྲ། རེད་པས། ངས་གྲོགས་པོ་ཀྱཱོན་ས་ནས་ཤེས་སོང་། ཞེས་པར་གཡང་སྒྲོལ་གྱིས། ལགས་ཡིན། ཟླ་བ་གསུམ་ཙམ་གྱི་རྗེས་སུ་ང་ལ་ཕྲུ་གུ་བཙའ་རྒྱུ་རེད། ཅེས་བཤད། སློབ་གྲོགས་ཀྱིས་སྤྲོ་འཆམ་སོང་བའི་མཚན་མོ་དེའི་གནད་དོན་ལ་ངས་ངོ་མ་ཁྱོད་ལ་དགོངས་དག་ཞུ་དགོས་ཐེངས་མང་བསམ་ཡང་དུས་ཚོད་རན་པ་ཞིག་ཁྱོན་ནས་རག་མ་བྱུང་། དེའི་དགོང་མོར་ང་རག་བཟི་ཐག་ཆོད་དེ་གནས་ཚུལ་ག་རེ་ལྷག་མིན་གཅིག་ཀྱང་ཧ་གོ་གི་མི་འདུག དེ་འདྲ་ཡིན་དུས་ངས་ཁྱོད་ལ་གང་འདྲ་ཟེར་དགོས་མིན་ཡང་ཤེས་མ་སོང་་་ ཞེས་པར་གཡང་སྒྲོལ་གྱིས་ངོ་མ་བཤད་ན་མཚན་མོ་དེར་ངའང་རག་བཟི་ནས་གཉིད་ཡུལ་འདུག ཕྱི་ཉིན་ཞོགས་པ་མ་གཏོགས་ཁྱོད་རང་ངའི་འཁྲིས་སུ་ཉལ་ཡོད་པ་དེའང་ཤེས་ཚོར་མ་བྱུང་། གང་ལྟར་ཡང་ངེད་གཉིས་ཀྱི་བྱ་བ་སྡུག་ཆགས་གང་ཡང་བྱས་མེད་པར་ཁྱོད་རང་སེམས་འཁུར་དེ་འདྲ་མི་དགོས། ངའང་ཁྱོད་ལ་ཡིད་ཆེས་ཡོད། ཅེས་པར་སློབ་གྲོགས་ཀྱི་གདོང་ལ་གཞི་ནས་འཛུམ་དང་བཅས། ངོ་མ་དེ་འདྲ་ཡིན་པར་ཤོག ཁྱོད་ཀྱིས་ང་ལ་ཡིད་ཆེས་གནང་བར་ང་ངོ་མ་དགའ་ཡོད་ལགས། ཁྱོད་ཀྱི་སྐད་ཆ་དེ་དག་ཐོས་སྟབས་དེ་རིང་ནས་བཟུང་ངའི་སེམས་པའང་ལྷོད་ལ་བབས་ས་རེད། འོ་རེད། གཡང་སྒྲོལ་ལགས། དེའི་སྐོར་ངས་ཁྱོད་ཀྱི་བཟའ་ཟླར་འགྲེལ་བརྗོད་ཅིག་བྱ་དགོས་སམ། ཁོང་གིས་དེའི་སྐོར་ཁྱོད་ལ་དོགས་པ་མི་ཟ་བའི་རེ་བ་ཡོད། ཅེས་པར་གཡང་སྒྲོལ་གྱིས། ཁྱོད་རང་སེམས་འཕྲལ་མ་བྱེད། ཁོང་གིས་ངེད་གཉིས་ལ་དོགས་པ་ཟ་མི་སྲིད། ཁོང་མི་ཡག་པོ་ཞིག་རེད། ཅེས་བཤད། དེ་ནས་གཡང་སྒྲོལ་དང་སློབ་གྲོགས་གཉིས་ཀྱང་སེམས་ལྷོད་ལ་བབས་ཅིང་ཚིག་ཇ་འཐུང་ཞིང་སློབ་གྲོགས་ཀྱིས་དེ་རྗེས་མངར་ཟས་ཏོག་ཙམ་མངགས་པ་དེའང་མཉམ་དུ་ཟོས་ནས་བསྡད།

 

འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ། སྐབས་དེར་མགོ་སེར་རྒས་པོ་གློ་བུར་དུ་ཚིག་ཇ་ཁང་དེར་རླུང་འཚུབ་འཚུབ་ཀྱིས་ཡར་འཛུལ་བྱུང་བ་མ་ཟད། ཐད་ཀར་གཡང་སྒྲོལ་དང་མོའི་སློབ་གྲོགས་བསྡད་སའི་མདུན་ཅོག་འཁྲིས་སུ་འབྱོར། ཁོས་གཡང་སྒྲོལ་ལ་ཁ་ཕྱོགས་ཏེ་ཅི་ཡིན་འདི་ཡིན་མེད་པར། ཁྱོད་རང་སྨན་ཁང་དུ་རྟག་དཔྱད་མ་འགྲོ་བར་འདིར་ག་རེ་བྱེད་ཀྱི་ཡོད། ད་མ་འགྲོ་ན་སྨན་པ་ལས་མཚམས་བཞག་འགྲོ་གི་རེད་དཱ། ཞེས་བཤད། གཡང་སྒྲོལ་གློ་བུར་བའི་གནས་སྟངས་དེས་ཅུང་ཧོན་འཐོར་ཞིང་། མོས་ཁྱེད་རང་སྐུ་རླུང་དེ་འདྲ་བཞེངས་དགོས་དོན་མེད་་་་་འོ་རེད། ངས་ཁྱོད་རང་གཉིས་ངོ་སྤྲོད་ཅིག་བྱེད། ཁོ་ངའི་སློབ་གྲོགས་་་ངས་ཁོ་ངོ་ཤེས་ཀྱི་ཡོད། བཤད་མི་དགོས། ད་འགྲོ ཅེས་མགོ་སེར་གྱིས་གཡང་སྒྲོལ་གྱི་སྐད་ཆ་དེ་དག་གོ་མ་ཐག་སྔར་བས་ཁོང་ཁྲོ་ཟ་བཞིན་དེ་ལྟར་ལན་བསློགས། སྐབས་དེར་གཡང་སྒྲོལ་གྱི་སློབ་གྲོགས་དེས་སྐུ་ཞབས་ལགས། ཁྱེད་རང་ཏོག་ཙམ་བཞུགས་རོགས་གནོངས། ངས་ཁྱེད་ལ་དེ་སྔོན་ནས་གསལ་བཤད་ཅིག་བྱ་བསམ་ཡོད་ཀྱང་དུས་ཚོད་ཁྱོན་ནས་རག་མ་སོང་། ཁྱེད་རང་འདིར་ཕེབས་པར་དཔེ་ཡག་པོ་བྱུང་། ང་ལ་སྐད་ཆ་ཚིག་འགའ་བཤད་དུ་ཆུགས་ ་་་་སློབ་གྲོགས་ཀྱི་སྐད་ཆ་མ་རྫོགས་སྔོན་བསམ་ཡུལ་ལས་འདས་པ་ཞིག་ལ་མགོ་སེར་རྒས་པོས་སྐད་ཆ་ཚིག་ཅིག་མ་བཤད་པར་གློ་བུར་དུ་གཡང་སྒྲོལ་གྱི་སློབ་གྲོགས་དེའི་གདོང་ལ་མཆོང་ནས་བསྟུད་མར་ཤུགས་ཀྱིས་ཁུར་ཚུར་ཐེངས་འགར་བཞུས་མ་ཐག་སློབ་གྲོགས་ཀྱི་ཁ་སྣ་གཉིས་ནས་ཁྲག་འཛར་བྱུང་། སློབ་གྲོགས་དེའང་ཧ་ལས་ཏེ་སོ་སོའི་ཁ་སྣ་གཉིས་ནས་ཐོན་པའི་ཁྲག་ཕྱི་བཞིན། མཚམས་ཞོག ཁྱོད་ཁོང་ཁྲོ་དེ་འདྲ་ཟ་དགོས་དོན་ག་རེ་རེད། ང་དང་གཡང་སྒྲོལ་ངེད་གཉིས་གཙང་མ་གཙང་རྐྱང་ཡིན། ཁྱོད་མི་སེམས་གནག་པོ་ཞིག་རེད། ཁྱོད་མི་མདོ་མེད་ཅིག་ཀྱང་རེད་འདུག གཡང་སྒྲོལ་བུ་མོ་བཟང་མོ་ཞིག་རེད། ཁྱོད་ཀྱིས་མོ་རང་ལ་མ་ཉེས་ཁག་གཡོག་མ་བྱེད་ན་བཟང་། སོགས་བཤད།

 

སྐབས་དེར་ཚིག་ཇ་ཁང་གི་སྦྱིན་བདག་དང་བཅས་མི་ཚོགས་ཁོ་ཚོའི་ཕྱོགས་སུ་རུབ་ཅིང་ལྟད་མོ་བལྟས་བྱུང་། མགོ་སེར་རྒས་པོས་ཁྱོད་ཀྱི་ཁྱི་ཁ་ཚུམས། མི་སྡུག་ཆགས་དེ་ཁྱོད་རང་རེད། ཁྱོད་ཀྱིས་དེ་སྔོན་བྱ་ངན་ག་རེ་བྱས་མིན་ངས་གསལ་པོར་ཧ་གོ་ཡི་ཡོད། ཁྱོད་འདྲ་པོ་ཨ་མའི་འོ་མ་མཚམས་མ་ཆད་པའི་བྱིས་པ་སྐྱག་ཕྲུག་ཅིག་ངའི་ཁ་གཏད་དུ་མིན་པ་དེ་ཤེས་པར་བྱོས། ད་སྡུག་ཚོད་ཟིན་ན་དགའ། དེ་མ་གཏོགས་ངས་ཁྱོད་རང་འོ་ཐག་མ་ཆོད་པའི་སྔོན་ལ་ཁྲིམས་ལ་བསྐྱེལ་ཆོག་གི་རེད། ཚུར་ལ་ཉོན་ཞིག ངེད་གཉིས་དབར་གྱི་དོན་དག་དེ་ངས་རྗེས་ནས་ག་ལེར་བརྩིས་རྒྱག་ཆོག ཅེས་ཁོང་ཁྲོ་མེ་ལྟར་འབར་བཞིན་ངར་སྐད་དེ་དག་བཤད་ཚར་རྗེས་ཕྱིར་འཁོར་ནས་གཡང་སྒྲོལ་གྱི་ལག་པ་ཤུགས་ཀྱིས་བཅུས་ཏེ་ཕྱེད་འཐེན་ཕྱེད་དྲུད་ལྟ་བུ་ཚིག་ཇ་ཁང་དེའི་སྒོ་ཕྱི་ལ་ཐོན་སོང་། སྦྱིན་བདག་དང་མི་གཞན་འགས་ཤུལ་དུ་ལུས་པའི་སློབ་གྲོགས་དེར་ཅི་བྱུང་འདྲི་བཞིན་སློབ་གྲོགས་ཀྱིས་ཀྱང་གཡུག་ཞོག ང་གེ་མི་འདུག དགོངས་དག ངས་འདིར་ཟིང་ཆ་བཟོས་སོང་་་་སོགས་དགོངས་དག་ཞུས་ཅིང་སྦྱིན་བདག་ལགས་སུ་ཇ་རིན་འབུལ་བར་སྦྱིན་བདག་གིས་ད་གཡུགས་ཞོག ཁྱོད་རང་མགྱོགས་ཙམ་སོང་ནས་སྨན་ཁང་ཞིག་ཏུ་རྟག་དཔྱད་བྱོས། ཟེར་བར་སློབ་མ་དེས་ཐུགས་རྗེ་ཆེ་ཞུས་ཏེ་ལག་རས་ཀྱིས་ཁོའི་ཁ་སྣ་གཉིས་བཀབ་ཅིང་ཚིག་ཇ་ཁང་དེ་ནས་སྒོ་ཕྱིར་བུད་སོང་།

 

ཟླ་བ་གསུམ་གྱི་རྗེས་སུ། གཡང་སྒྲོལ་གྱི་ལྟོ་བ་འབུར་དུ་ཇེ་དོད་དུ་སོང་བ་དང་མགོ་སེར་གྱིས་མོའི་སློབ་གྲོགས་དེ་ཚིག་ཇ་ཁང་དུ་རྫོག་རྗེས་ནས་བཟུང་སྔར་བཞིན་གཡང་སྒྲོལ་ལ་ཐེངས་འགར་ཁོས་དེ་སྔོན་གྱི་གནས་ཚུལ་དེའི་སྐོར་སེམས་ནང་བཞག་གི་མེད་ཚུལ་དང་། ཁོས་གཡང་སྒྲོལ་གྱི་སློབ་གྲོགས་དེ་ཐར་པར་བཏང་བ་ཡིན་ཚུལ། དེ་བས་ཁོས་མོ་རང་ལ་ད་དུང་ཡིད་ཆས་དང་བརྩེ་དུང་ཟབ་པོ་ཡོད་ལུགས་བཤད་དེ་གཡང་སྒྲོལ་གྱི་འགྲོ་འདུག་སྤྱོད་གསུམ་ལ་སྔར་ལྷག་གིས་ལྟ་རྟོག་གང་ལེགས་བྱེད་བཞིན་མཆིས། འོན་ཀྱང་དུས་མཚུངས་སུ་གཡང་སྒྲོལ་ཡང་བློ་མི་བདེ་བ་ཆགས་བཞིན་ཡོད། གང་ཡིན་ཟེར་ན། མོས་སེམས་ཚོར་རྣོ་པོ་དེས་ཉིན་རེ་བཞིན་མགོ་སེར་གྱིས་གློ་བུར་བའི་སྐབས་རེར་མོ་ལ་མིག་ལོག་ལྟ་སྟངས་དང་ལུས་འགུལ་སྤྱོད་ཙམ་གྱི་ཐོག་ནས་མགོ་སེར་གྱིས་མོའི་མདུན་ནས་ངོ་ཡག་གི་འཁྲབ་སྟོན་ཙམ་ལས་དོན་དངོས་ཐོག་མོ་རང་དང་སེམས་ཐག་ཇེ་རིང་འགྲོ་བཞིན་པ་ཤེས་བཞིན་ཡོད། མོའི་སེམས་ནང་དེ་འདྲ་བའི་རྣམ་རྟོག་ཅིག་འཆར་བར་བརྟེན། གཡང་སྒྲོལ་ག་དུས་ཡིན་ཡང་མགོ་སེར་ཕྱི་ལ་བུད་མ་ཐག་གཞན་ཉེ་འགྲམ་གྱི་ཁྱིམ་མཚེས་དང་བཅས་གྲོགས་པོ་གཞན་སར་སོང་ནས་ཁ་བརྡ་བྱེད་པ་དང་། ཡང་ན་ཁྲོམ་གཞུང་དུ་ཅ་དངོས་དང་སྔོ་ཚལ་འདྲ་ཉོ་བར་ཁ་གཡར་ནས་ཁྱིམ་ནང་བསྡད་ཡུན་ཡང་ཇེ་ཉུང་དུ་སོང་བ་དེ་ནི་མོ་རང་གནས་སྟངས་ཤིག་ལ་བྲོས་བཞིན་པ་དང་མཚུངས།

 

མགོ་སེར་གྱིས་ཀྱང་གཡང་སྒྲོལ་གྱི་གནས་སྟངས་དེ་ཤེས་ཚོར་བྱུང་ནས་ཐེངས་གཅིག་ཁོ་རང་གཉིས་མདུན་ཅོག་ཐོག་དགུང་ཟས་མཉམ་རོལ་སྐབས་ཁོས། གཡང་སྒྲོལ། ངའི་ནོར་བུ། དེང་སང་ཁྱེད་རང་ཁྱིམ་དུ་བསྡད་ཡུན་ཇེ་ཉུང་དང་། ཕྱི་ལ་ཇེ་མང་འགྲོ་གི་ཡོད་པ་འདྲ། ཁྱེད་རང་ཕྲུ་གུ་སྐྱེ་ལ་ཉེ་བས་ད་ཁྱེད་ཀྱིས་ཡིད་གཟབ་གང་ལེགས་གནང་སྐྱོང་ཡོད་པར་ཞུ། དེ་འདྲ་ཡིན་དུས་་་་ཁྱེད་རང་་་ མགོ་སེར་གྱིས་སྐད་ཆ་འདིར་མཚམས་བཞག་སྟེ་གཡང་སྒྲོལ་ལ་བལྟས་ནས་ལན་སྒུག་འདུག

 

གཡང་སྒྲོལ་གྱིས་ང་ཉིན་རྟག་པར་ཁྱིམ་དུ་བསྡད་ན་སེམས་གུ་དོགས་པོར་ཆགས་ཀྱི་འདུག སྨན་པས་ཟེར་ན་ཕྲུ་གུ་སྐྱེ་འཕེལ་ཡག་པོ་ཡོང་བའི་ཆེད་དུ་ཨ་མའི་སེམས་པ་སྐྱིད་པོ་བྱེད་དགོས་ཀྱི་རེད་གསུངས་ཀྱི་འདུག ཡིན་ཡང་ཁྱེད་རང་ཐུགས་འཁུར་རྩ་བ་ནས་མི་དགོས། ངས་ངེད་གཉིས་ཀྱི་བུ་ལ་གནོད་སྐྱོན་མི་ཡོང་བ་ཁེས་ལེན་ཆོག ཅེས་བཤད་པས་མགོ་སེར་གྱིས་དེ་ཐོས་མ་ཐག་ལམ་སེང་ཡར་ལང་སྟེ་གཡང་སྒྲོལ་ཕྱོགས་སུ་ཚུར་ཡོང་ནས་མོའི་དཔྲལ་བར་འོ་ཞིག་སྦྱོར། ངའི་སྙིང་སྡུག་ལགས། ཐུགས་རྗེ་ཆེ། ཞེས་བཤད་དེ་མུ་མཐུད་ཁོ་རང་བསྡད་སར་སོང་ནས་ཁོ་གཉིས་ལྷོད་དལ་གྱིས་དགུང་ཟས་ལ་རོལ།

——མུ་འགོད། 

 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།